ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།
ཚེས་14ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་སྟེ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་གཉེར་དཔལ་འབྱོར་སྐུལ་འདེད་བཅའ་ཁྲིམས》ལ་ཆེད་དོན་སློབ་སྦྱོང་བྱས་ཤིང་། ཁྲོམ་རའི་གསོན་ཤུགས་ལ་སྔར་བས་སྐུལ་སྤེལ་དང་གཞི་རིམ་གྱི་འཕྲལ་སྡོམ་དོ་དམ་ནུས་པ་ཆེ་རུ་གཏོང་བ་སོགས་ཀྱི་ལས་དོན་ཐད་ཞིབ་འཇུག་བཀོད་སྒྲིག་ཀྱང་བྱས་པ་རེད།
རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དཔལ་འབྱོར་སྒྲིག་སྲོལ་དང་དོ་དམ་ཞིབ་འཇུག་སུའོ་ཡི་དམངས་གཉེར་དཔལ་འབྱོར་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཧུང་ཅོན་གྱིས་གདན་ཞུས་ལྟར། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་གཉེར་དཔལ་འབྱོར་སྐུལ་འདེད་བཅའ་ཁྲིམས》ཆེད་དོན་ཟུར་ཁྲིད་ཀྱི་འཆད་ཁྲིད་བྱས་པ་རེད།
ཚོགས་འདུའི་ཐོག་བསྟན་དོན། གཉེར་སྐྱོང་བྱེད་པོ་ནི་ལས་ཞུགས་བརྟན་པོ་ཡོང་བའི“རྐང་འཛིན་པ”དང་དཔལ་འབྱོར་འཕར་བའི“སྒུལ་བྱེད་འཕྲུལ་འཁོར”ཡིན་ལ། གཉེར་སྐྱོང་བྱེད་པོའི་གསོན་ཤུགས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་མཚོན་གྱི་ཡོད། མ་འཇོག་གི་གསོན་ཤུགས་སྔར་བས་སྐུལ་སྤེལ་གཏོང་བ་དང་གཉེར་སྐྱོང་བྱེད་པོ་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་རྒྱུར་རྒྱབ་སྐྱོར་བྱ་ཆེད། རང་སྐྱོང་ལྗོངས་ཀྱིས་གཉེར་སྐྱོང་བྱེད་པོའི་གསོན་ཤུགས་ལ་སྔར་བས་སྐུལ་སྤེལ་བཏང་སྟེ། མ་འཇོག་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བྱེད་ཐབས་འགའ་ཞིག་གཏན་འབེབས་བྱས་ནས་བཏོན་པར་དགོས་པ་ཧ་ཅང་ཆེན་པོ་ཡོད། “སྤྱི་འབོར་རྒྱ་སྐྱེད། སྤུས་ཚད་ལེགས་གཏོང་། གྲུབ་ཆ་ལེགས་སྒྱུར། སྐྱེ་ཁམས་ལེགས་སྒྲིག”བཅས་ཀྱི་དམིགས་ཚད་ལ་གཞིགས་ནས་ཁྲོམ་རའི་གཙོ་ཁྲིད་དང་སྲིད་གཞུང་གི་ཁྲིད་སྟོན་ཟུང་འབྲེལ་དང་། སྲིད་ཇུས་ཀྱི་བྱེད་ནུས་དང་གཉེར་སྐྱོང་བྱེད་པོའི་གསོན་ཤུགས་ཟུང་འབྲེལ། གསོག་འབོར་སྔོག་འདོན་དང་འཕར་ཚད་སྐྱེད་སྲིང་ཟུང་འབྲེལ་བཅས་མཐའ་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་བྱེད་ཐབས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། གཙོ་རྒྱུ་ཀུན་འདུས་ལ་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆ་འཕྲིན་ཁྱབ་བསྒྲགས་བྱེད་པའི་ཐབས་ལམ་སྔར་བས་རྒྱ་སྐྱེད་གཏོང་བ། སྲིད་ཇུས་ལག་ལེན་བསྟར་བའི་བརྒྱུད་རིམ་ལེགས་སུ་གཏོང་བ་བཅས་བྱས་ནས་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་གང་ལེགས་ཐུབ་པ་དང་ལག་ལེན་བསྟར་ནས་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་བ་དང་། ཁྲོམ་རའི་ཐོན་ཁུངས་ལ་སྐུལ་སློང་དང་། ཁེ་ལས་ཀྱི་ཡིད་ཆེས་ཆེ་རུ་གཏོང་བ། དཔལ་འབྱོར་གྱི་གསོན་ཤུགས་ལ་སྐུལ་སྤེལ་གཏོང་བ་བཅས་བྱས་ཏེ་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།
ཚོགས་འདུའི་ཐོག་བསྟན་དོན། གཞི་རིམ་གྱི་འཕྲལ་སྡོམ་དོ་དམ་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ནི་བདེ་འཇགས་ཉེན་ཁ་ཚབས་ཆེན་སྔོན་འགོག་དང་སེལ་བ་དང་། དེ་བཞིན་གནོད་འཚེ་དང་ལས་འཛོལ་སྣ་ཚོགས་ལ་དུས་ཐོག་ཏུ་ཁ་གཏད་གཅོག་པ་དང་ཐག་གཅོད་བྱེད་པའི་གཞི་རྩ་བརྟན་གཏོང་གི་ཐབས་ཇུས་ཤིག་ཡིན་ལ། འཕྲལ་སྡོམ་དོ་དམ་མ་ལག་དང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་ཞིག་ཀྱང་ཡིན། འཕྲལ་སྡོམ་དོ་དམ་དང་གཞི་རིམ་བཅོས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ། གཞི་རིམ་གྱི་འཕྲལ་སྡོམ་རྨང་གཞི་བརྟན་པོ་སྐྲུན་པ་དང་སྟོབས་ཤུགས་ཆེ་རུ་གཏོང་བ་དང་། བདེ་འཇགས་ཀྱི་རྨང་གཞི་དང་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོར་སྲུང་དགོས།
འབྲེལ་ཡོད་གསར་འགྱུར།