དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཀརྨ་ཚེ་བརྟན།
  • ཀརྨ་ཚེ་བརྟན་གྱིས་དམངས་སྲིད་དང་དབང་པོ་སྐྱོན་ཅན་གྱི་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-14

    ཚེས་12ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་དམངས་སྲིད་དང་དབང་པོ་སྐྱོན་ཅན་གྱི་ལས་དོན་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས་དམངས་སྲིད་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་དང་།“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་དམངས་འཚོ་གཙོ་བོར་འཛིན་རྒྱུ”བློ་ལ་བརྟན་པོར་ངེས་པ། རྨང་གཞིའི་རང་བཞིན་དང་། ཀུན་ཕན་རང་བཞིན། ཐ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། དམངས་འཚོའི་བདེ་རྩ་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་བཅས་བྱས་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བ་དང་དེ་བས་དྲང་གཞག་གི་སྒོ་ནས་ཕན་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ལྷ་ས་གྲོང་ཁྱེར་རྒན་གསོ་ཞབས་ཞུའི་སྤུས་ཚད་མཛུབ་ཁྲིད་ལྟེ་གནས་སུ་ཀརྨ་ཚེ་བརྟན་གྱིས་རིག་ལྡན་རྒན་གསོའི་ལས་དོན་སྤེལ་ཚུལ་སྐོར་གྱི་ངོ་སྤྲོད་གསན་ཞིང་། ཁོང་གིས་རང་ལྗོངས་ཀྱི་མི་འབོར་འཕེལ་རྒྱས་ཀྱི་དོན་དངོས་ལ་གཞི་ཚུགས་ནས་ཕན་ཡོད་ཁྲོམ་ར་དང་ནུས་ལྡན་སྲིད་གཞུང་ཟུང་འབྲེལ་མཐའ་འཁྱོངས་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒན་གསོའི་ཞབས་ཞུའི་དྲ་རྒྱ་འཐུས་སྒོ་ཚང་དུ་གཏོང་བ། གཞི་རྩའི་རྒན་གསོ་ཞབས་ཞུ་མཁོ་འདོན་ལེགས་སུ་གཏོང་བ། ཞབས་ཞུའི་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱས་ཏེ། རྒན་རྒོན་ཚོགས་སྤྱིའི་སྣ་མང་ཅན་གྱི་རྒན་གསོ་ཞབས་ཞུའི་དགོས་མཁོ་དེ་བས་ལེགས་པར་བསྐངས་ནས་རྒན་རྒོན་ཚོས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་དང་བདེ་སྐྱིད་ལྡན་པའི་ངང་ཚེ་མཇུག་སྐྱེལ་ཐུབ་པར་བྱེད་དགོས་ཞེས་གསུངས་པ་རེད།

    རང་སྐྱོང་ལྗོངས་དམངས་སྲིད་ཐིང་དུ་ཀརྨ་ཚེ་བརྟན་གྱིས་འབྲེལ་ཡོད་ཁྲུའུ་དང་ཁང་དུ་བསྐྱོད་དེ། ལས་བྱེད་ལས་བཟོ་དང་སྤེལ་རེས་གཏིང་ཟབ་གནང་ནས་ངོ་ཐུག་གདོང་འཕྲད་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་གནང་ཞིང་། ཁོང་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་བརྩེ་སེམས་ཟབ་ཏུ་གཏོང་བ་དང་དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ཡག་པོ་སྐྱོད་པ། དཀའ་ངལ་ཡོད་པའི་ཚོགས་སྤྱི་སྣ་ཚོགས་དང་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམིགས་ནས། ཕྱོགས་ཁག་གི་ཐོན་ཁུངས་དུས་ཐོག་ཏུ་བསྡུ་སྒྲིལ་དང་རོགས་སྐྱོབ་འགན་སྲུང་དང་གཅེས་སྐྱོང་ཞབས་ཞུའི་བྱེད་ཐབས་དོན་འཁྱོལ་བྱས་ཏེ། གཞི་རྩའི་དམངས་འཚོའི་མཐའ་ཚད་དམ་འཛིན་དང་། གནད་འཕིགས། བརྟན་པོ་བཅས་ཡོང་བར་བྱེད་དགོས། འཕེལ་རྒྱས་གཏོང་རིང་དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ལ་དམ་པོར་དམིགས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་བཟོ་འགོད་ལ་བརྟེན་ནས་དམངས་འཚོའི་འཕྲལ་མཁོ་དང་དམངས་སེམས་ཕྱོགས་སའི་སྲིད་ཇུས་དང་བྱེད་ཐབས་མང་ཙམ་འདོན་པ་དང་། དམངས་འཚོར་ཕན་འདོགས་པ་དང་། དམངས་སེམས་དྲོ་བ། དམངས་འདོད་དང་མཐུན་པ་བཅས་ཀྱི་བྱ་བ་དངོས་མང་ཙམ་བསྒྲུབས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

    (པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) འཕྲལ་དུ་སྒྲུབ་པ་དང་དངོས་འཛིན་དངོས་སྒྲུབ་ཀྱི་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ་དང་། གནས་ཚུལ་གསལ་པོར་ཤེས་པ་དང་། གནད་དོན་ཡང་དག་འཚོལ་བ། དགོས་མཁོ་ཁོང་དུ་ཆུད་པ་བཅས་བྱེད་པ། དུས་བབ་གསར་པ་དང་གནད་དོན་གསར་པར་དམིགས་ནས་དབྱེ་ཞིབ་བརྡར་གཅོད་ལ་ཤུགས་སྣོན་དང་། བསམ་ཕྱོགས་དང་བྱེད་ཐབས་གསར་གཏོད། ལས་ཀའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ། དམངས་སྲིད་ལས་དོན་ཁག་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་ལེགས་སྐྱེས་གསར་པ་སྔར་བས་ཆེ་བ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་ལས་ཞུགས་ཞབས་ཞུའི་ལྟེ་གནས་སུ་ཀརྨ་ཚེ་བརྟན་གྱིས་ལས་ཞུགས་ཞབས་ཞུའི་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། འཚེམ་བཟོ་དང་ལོང་བའི་འཕུར་མཉེད་སྦྱོང་མཁན་དབང་པོ་སྐྱོན་ཅན་ལ་གཟིཌ་ནས་ཁོང་ཚོའི་ལུས་པོ་དབང་སྐྱོན་ཡིན་ཡང་བློ་སྟོབས་ཆེ་བ་དང་རང་རྟོན་དང་རང་ཚུགས་རང་དར་གྱི་འབད་འཐབ་སྙིང་སྟོབས་ལ་བསྔགས་བརྗོད་གནང་བ་རེད། ཁོང་གིས་དབང་པོ་སྐྱོན་ཅན་ནི་དམིགས་བསལ་དོ་ཁུར་དང་དོ་སྣང་བྱེད་དགོས་པའི་དམིགས་བསལ་གྱི་དཀའ་ངལ་ཡོད་པའི་ཚོགས་སྤྱི་ཞིག་རེད། གཅེས་སེམས་དང་འགན་འཁྲིའི་བསམ་པ་བཅངས་ནས་དབང་པོ་སྐྱོན་ཅན་གྱི་ལས་དོན་ལེགས་པར་སྒྲུབ་པ་དང་དབང་པོ་སྐྱོན་ཅན་ལ་ལས་ཞུགས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། སྤྱི་ཚོགས་ཡོངས་ཀྱིས་དབང་པོ་སྐྱོན་ཅན་ལ་བསམ་ཤེས་དང་། བརྩི་འཇོག ཐུགས་ཁུར། རོགས་རམ་བཅས་བྱེད་པའི་ཁོར་ཡུག་བཟང་པོ་ཧུར་ཐག་སྐྲུན་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།