དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདག་མེད་སྲོག་ཆགས་སྲུང་སྐྱོབ་བཅའ་ཁྲིམས》ལག་བསྟར་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-12

    (1992ལོའི་ཟླ་2ཚེས་20ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་ལྔ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་བརྒྱད་པའི་ཐོག་གྲོས་འཆམ་བྱུང་བ། 1997ལོའི་ཟླ་7ཚེས་17ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དྲུག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་ལྔ་པའི་ཐོག་དག་བཅོས་ཐེངས་དང་པོ་བྱས། 2002ལོའི་ཟླ་1ཚེས་20ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བདུན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བཞི་པའི་ཐོག་དག་བཅོས་ཐེངས་གཉིས་པ་བྱས། 2025ལོའི་ཟླ་5ཚེས་27ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བདུན་པའི་ཐོག《〈བོད་རང་སྐྱོང་ལྗོངས་ཀྱི་ཐོག་ཟོན་གེགས་སེལ་སྲོལ་ཡིག〉སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་11ལ་བཟོ་བཅོས་རྒྱག་རྒྱུ་དང〈བོད་རང་སྐྱོང་ལྗོངས་ཀྱི་ས་གཤིས་ཁོར་ཡུག་དོ་དམ་སྲོལ་ཡིག〉མེད་པ་བཟོ་རྒྱུའི་སྐོར་གྱི་ཆོད་དོན》གཞིར་བཟུང་དག་བཅོས་ཐེངས་གསུམ་པ་བྱས)

    དཀར་ཆག

    ལེའུ་དང་པོ། སྤྱིའི་རྩ་དོན།

    ལེའུ་གཉིས་པ། བདག་མེད་སྲོག་ཆགས་སྲུང་སྐྱོབ།

    ལེའུ་གསུམ་པ། རྔོན་བཟུང་དོ་དམ།

    ལེའུ་བཞི་པ། འདུལ་གསོ་སྐྱེ་འཕེལ་དང་གཉེར་སྐྱོང་བེད་སྤྱོད་དོ་དམ།

    ལེའུ་ལྔ་པ། བྱ་དགའ་དང་ཆད་གཅོད།

    ལེའུ་དྲུག་པ། ཞར་བྱུང་།

    ལེའུ་དང་པོ། སྤྱིའི་རྩ་དོན།

    དོན་ཚན་དང་པོ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདག་མེད་སྲོག་ཆགས་སྲུང་སྐྱོབ་བཅའ་ཁྲིམས》གཞིར་བཟུང་རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་བྱ་ཐབས་འདི་བཟོས་པ་ཡིན།

    དོན་ཚན་གཉིས་པ། བོད་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ཁུལ་དུ་བདག་མེད་སྲོག་ཆགས་སྲུང་སྐྱོབ་དོ་དམ་དང་། འདུལ་གསོ་སྐྱེ་འཕེལ། གསར་སྤེལ་བེད་སྤྱོད། ཚན་རིག་ཞིབ་འཇུག་བཅས་ཀྱི་བྱེད་སྒོ་སྤེལ་མཁན་གྱིས་ངེས་པར་དུ་བྱ་ཐབས་འདིར་སྲུང་བརྩི་ཞུ་དགོས།

    དོན་ཚན་གསུམ་པ། བྱ་ཐབས་འདིའི་ནང་འཁོད་པའི་བདག་མེད་སྲོག་ཆགས་ཞེས་པ་ནི།

    (གཅིག) རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་གཙོ་གནད་དུ་སྲུང་སྐྱོབ་བྱེད་པའི་སྐམ་གནས་དང་ཆུ་གནས་ཀྱི་བདག་མེད་སྲོག་ཆགས་ཡིན་པ་དང་།

    (གཉིས) རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་སྲུང་སྐྱོབ་བྱེད་པའི་ཕན་པ་ཡོད་པའམ་ཡང་ན་གལ་ཆེའི་དཔལ་འབྱོར་གྱི་རིན་ཐང་དང་ཚན་རིག་ཞིབ་འཇུག་གི་རིན་ཐང་ཡོད་པའི་སྐམ་གནས་བདག་མེད་སྲོག་ཆགས་ཡིན།

    བྱ་ཐབས་འདིའི་གཏན་འབེབས་ནང་མ་ཚུད་པའི་ཆུ་གནས་བདག་མེད་སྲོག་ཆགས་གཞན་དག་སྲུང་སྐྱོབ་དོ་དམ་བྱེད་ཕྱོགས་དེ་ཉ་ལས་དོ་དམ་བཅའ་ཁྲིམས་ཀྱི་གཏན་འབེབས་ལག་བསྟར་བྱ་རྒྱུ།

    དོན་ཚན་བཞི་པ། བདག་མེད་སྲོག་ཆགས་ཀྱི་ཐོན་ཁུངས་རྒྱལ་ཁབ་ལ་དབང་བས་ཚན་པ་དང་མི་སུས་ཀྱང་བཙན་བཟུང་དང་གཏོར་བཤིག་གཏོང་མི་ཆོག

    བདག་མེད་སྲོག་ཆགས་ཀྱི་ཐོན་ཁུངས་སྲུང་སྐྱོབ་བྱ་རྒྱུ་ནི་རིམ་པ་ཁག་གི་མི་དམངས་སྲིད་གཞུང་གི་འགན་འཁྲི་ཡིན་ལ་སྤྱི་དམངས་ཀྱི་འོས་འགན་ཡང་ཡིན། སྤྱི་དམངས་ལ་བདག་མེད་སྲོག་ཆགས་ཀྱི་ཐོན་ཁུངས་བཙན་བཟུང་དང་གཏོར་བཤིག་གཏོང་བའི་བྱེད་སྤྱོད་བཀག་སྡོམ་དང་། ཐེར་འདོན། ཞུ་གཏུག་ཁྲིམས་སྦྱོར་བཅས་བྱེད་པའི་དབང་ཆ་ཡོད།

    དོན་ཚན་ལྔ་པ། བོད་རང་སྐྱོང་ལྗོངས་ཀྱིས་བདག་མེད་སྲོག་ཆགས་ཀྱི་ཐོན་ཁུངས་སྲུང་སྐྱོབ་དང་། ཧུར་བརྩོན་གྱིས་འདུལ་གསོ་སྐྱེ་འཕེལ་བྱ་རྒྱུར་ཤུགས་སྣོན། གསར་སྤེལ་བེད་སྤྱོད་ལུགས་མཐུན་བྱེད་པ་བཅས་ཀྱི་མཛད་ཕྱོགས་ལག་ལེན་བསྟར་ཐོག་བདག་མེད་སྲོག་ཆགས་ཐད་ཚན་རིག་ཞིབ་འཇུག་བྱ་རྒྱུར་སྐུལ་འདེད་ཀྱིས་བདག་མེད་སྲོག་ཆགས་སྲུང་སྐྱོབ་ཁུལ་དང་། གསོ་འཕེལ་ར་བ། ཚན་རིག་ཞིབ་འཇུག་ཚན་པ། སྤྱན་གཟིགས་གླིང་ཁ་སོགས་ཀྱི་དོ་དམ་ལས་ཀར་ཤུགས་སྣོན་རྒྱག་རྒྱུ།

    དོན་ཚན་དྲུག་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནགས་ལས་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་ལྗོངས་ཡོངས་ཀྱི་བདག་མེད་སྲོག་ཆགས་སྲུང་སྐྱོབ་དོ་དམ་ལས་ཀ་གཙོ་འགན་བྱེད་དགོས། གྲོང་ཁྱེར(ས་གནས)དང་རྫོང་མི་དམངས་སྲིད་གཞུང་ནགས་ལས་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་རང་ཁོངས་ཀྱི་གྲོང་ཁྱེར(ས་ཁུལ)དང་རྫོང་གི་བདག་མེད་སྲོག་ཆགས་སྲུང་སྐྱོབ་དོ་དམ་ལས་ཀ་གཙོ་འགན་བྱས་ནས་འགན་བབས་ལས་ཀའི་ཐད་རང་སྐྱོང་ལྗོངས་བདག་མེད་སྲོག་ཆགས་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་ལྟ་སྐུལ་དང་མཛུབ་ཁྲིད་དང་ལེན་ཞུ་དགོས། སྤྱི་བདེ་དང་། ཁྲིམས་འཛིན། བཟོ་ཚོང་། ཁོར་ཡུག་སྲུང་སྐྱོབ། ཕྱུགས་ནད་འགོག་བཅོས། སྨན་རྫས་དོ་དམ་སོགས་སྡེ་ཚན་དང་བཅའ་སྡོད་དམག་དཔུང་། དྲག་ཆས་ཉེན་རྟོག་དཔུང་སྡེ་བཅས་ཀྱིས་ངེས་པར་དུ་གཙོ་འགན་སྡེ་ཚན་ལ་གཞོགས་འདེགས་ཀྱིས་བདག་མེད་སྲོག་ཆགས་སྲུང་སྐྱོབ་དོ་དམ་གྱི་ལས་དོན་ཡག་པོ་སྒྲུབ་དགོས།

    དོན་ཚན་བདུན་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་བདག་མེད་སྲོག་ཆགས་ཀྱི་ཐོན་ཁུངས་སྲུང་སྐྱོབ་དང་། གོང་འཕེལ། ལུགས་མཐུན་བེད་སྤྱོད་བཅས་བྱ་རྒྱུ་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞིའི་ནང་འཇུག་དགོས་པ་དང་། དེར་མཁོ་བའི་གྲོན་དངུལ་རྣམས་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་བདག་མེད་སྲོག་ཆགས་སྲིད་འཛིན་གཙོ་འགན་སྡེ་ཚན་གྱི་ལོ་འཁོར་གྲོན་དངུལ་གྱི་སྔོན་རྩིས་ནང་འཇུག་དགོས།

    དོན་ཚན་བརྒྱད་པ། གྲོང་ཁྱེར(ས་གནས)དང་རྫོང་རིམ་ཡན་གྱི་རིམ་ཁག་མི་དམངས་སྲིད་གཞུང་ནགས་ལས་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་ལས་འགན་དང་འཚམ་པའི་དོ་དམ་སྒྲིག་གཞིའམ་ཡང་ན་ཆེད་མངགས་དོ་དམ་བྱེད་མཁན་བཙུགས་ཏེ་བདག་མེད་སྲོག་ཆགས་ཀྱི་ཐོན་ཁུངས་སྲུང་སྐྱོབ་དང་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཐོག་ས་གནས་དེ་གའི་བདག་མེད་སྲོག་ཆགས་ཐོན་ཁུངས་ཀྱི་གནས་ཚུལ་ལ་གཞིགས་ནས་ཁ་སྣོན་རྒྱག་དགོས་པའི་སྲུང་སྐྱོབ་བྱེད་ཁོངས་སྣེ་རིགས་གཏན་འཁེལ་བྱེད་ཆོག་པ་དང་འབྲེལ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ནགས་ལས་སྲིད་འཛིན་གཙོ་འགན་སྡེ་ཚན་ལ་སྙན་དཔོད་ཞུ་དགོས།

    ལེའུ་གཉིས་པ། བདག་མེད་སྲོག་ཆགས་སྲུང་སྐྱོབ།

    དོན་ཚན་དགུ་པ། བྱ་ཐབས་འདིའི་ནང་འཁོད་པའི་སྲུང་སྐྱོབ་བྱ་ཁོངས་ཞེས་པ་ནི།

    (གཅིག) རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་དེ་ཁྱབ་བསྒྲགས་བྱས་པའི་རྒྱལ་ཁབ་ཀྱིས་གཙོ་གནད་དུ་སྲུང་སྐྱོབ་བྱེད་པའི་བདག་མེད་སྲོག་ཆགས་དང་།

    (གཉིས) རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་དེ་ཁྱབ་བསྒྲགས་བྱས་པའི་གཙོ་གནད་དུ་སྲུང་སྐྱོབ་བྱེད་པའི་བདག་མེད་སྲོག་ཆགས།

    (གསུམ) རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བདག་མེད་སྲོག་ཆགས་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་ཁྱབ་བསྒྲགས་བྱས་པའི་ཕན་པ་ཡོད་པའམ་ཡང་ན་དཔལ་འབྱོར་དང་ཚན་རིག་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་པའི་སྐམ་གནས་སྲོག་ཆགས།

    (བཞི) སྲུང་སྐྱོབ་བྱ་རྒྱུའི་བདག་མེད་སྲོག་ཆགས་འཚོ་གནས་ཀྱི་ཁོར་ཡུག་བཅས་ཡིན།

    དོན་ཚན་བཅུ་པ། རིམ་ཁག་མི་དམངས་སྲིད་གཞུང་དང་མི་དམངས་སྲིད་གཞུང་གི་བདག་མེད་སྲོག་ཆགས་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་བྱ་ཐབས་སྣ་ཚོགས་སྤྱད་དེ་བདག་མེད་སྲོག་ཆགས་སྲུང་སྐྱོབ་བྱེད་པའི་གལ་ཆེའི་རང་བཞིན་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་དམངས་ཡོངས་ཀྱི་བདག་མེད་སྲོག་ཆགས་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཟབ་ཏུ་གཏོང་དགོས།

    དོན་ཚན་བཅུ་གཅིག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་བདག་མེད་སྲོག་ཆགས་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་སྐྱེ་དངོས་དང་བཟོ་སྐྲུན་གྱི་ལག་རྩལ་བྱ་ཐབས་སྤྱད་ནས་རྩ་ཆེན་དང་སྟོངས་ཉེའི་བདག་མེད་སྲོག་ཆགས་གནས་སྡོད་དང་སྐྱེ་འཕེལ་གྱི་ཁོར་ཡུག་དང་ལྟོ་ཆས་ཀྱི་ཆ་རྐྱེན་ཡག་ཏུ་གཏོང་དགོས།

    བདག་མེད་སྲོག་ཆགས་འཚོ་གནས་ཀྱི་ཁོར་ཡུག་ལ་བཙོག་སྐྱོན་གཏོང་མི་ཆོག་པ་དང་། བདག་མེད་སྲོག་ཆགས་ཀྱི་ཚང་གཏོར་བཤིག་གཏོང་མི་ཆོག་པ། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་གཙོ་གནད་དུ་སྲུང་སྐྱོབ་བྱེད་པའི་བདག་མེད་སྲོག་ཆགས་གནས་སྡོད་སྐྱེ་འཕེལ་བྱ་ཡུལ་གཙོ་བོར་དུག་དང་གནོད་འཚེ་ཡོད་པའི་སྨན་རྫས་སྤྱོད་མི་ཆོག

    ཚན་པ་དང་མི་སྒེར་སུ་ཞིག་གིས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་གཙོ་གནད་དུ་སྲུང་སྐྱོབ་བྱེད་པའི་བདག་མེད་སྲོག་ཆགས་ལ་རྨས་སྐྱོན་ཕོག་པ་དང་། དཀའ་ངལ་འཕྲད་པ། གནོད་འཚེ་ཕོག་པ། ལམ་ནོར་ཐེབས་པ་སོགས་ཀྱི་རིགས་མཐོང་ཚེ་ཐབས་ཤེས་གང་དྲག་གིས་སྐྱོབ་ཐབས་བྱེད་དགོས་པ་མ་ཟད། ས་གནས་དེ་གའི་མི་དམངས་སྲིད་གཞུང་གི་བདག་མེད་སྲོག་ཆགས་སྲིད་འཛིན་གཙོ་འགན་སྡེ་ཚན་ལ་སྐབས་འཕྲལ་སྙན་སེང་ཞུ་དགོས།

    དོན་ཚན་བཅུ་གཉིས་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་རྩ་ཆེའམ་དམིགས་བསལ་གྱི་སྲུང་སྐྱོབ་རིན་ཐང་ལྡན་པའི་བདག་མེད་སྲོག་ཆགས་གནས་སྡོད་སྐྱེ་འཕེལ་བྱ་ཁུལ་དང་ཆུ་ཁུལ་གཙོ་བོར་རང་བྱུང་སྲུང་སྐྱོབ་ཁུལ་བཟོ་དགོས། བདག་མེད་སྲོག་ཆགས་ཀྱི་ཐོན་ཁུངས་ལ་གནོད་འཚེ་ཆེན་པོ་ཕོག་པའམ་ཐོན་ཁུངས་དཀོན་པའི་ས་ཁུལ་དུ་རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་དུས་བཀག་རང་བཞིན་གྱི་རི་རྒྱ་བསྡམ་ཁུལ་གཏན་འཁེལ་བྱེད་དགོས་པ་དང་། ཁ་གྲམ་ནས་བསྡད་པའི་རྩ་ཆེའི་བདག་མེད་སྲོག་ཆགས་ལ་ས་གནས་དེ་གའི་རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་སྲུང་སྐྱོབ་བྱ་རྒྱུའི་བཀའ་གསལ་པོ་གཏོང་དགོས།

    རང་བྱུང་སྲུང་སྐྱོབ་ཁུལ་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི《 ནགས་ཚལ་དང་བདག་མེད་སྲོག་ཆགས་རིགས་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་བྱ་ཐབས》དང་འབྲེལ་ཡོད་གཏན་འབེབས་ལྟར་འཛུགས་སྐྲུན་དོ་དམ་བྱེད་དགོས།

    དོན་ཚན་བཅུ་གསུམ་པ། བདག་མེད་སྲོག་ཆགས་ཐོན་ཁུངས་སྲུང་སྐྱོབ་དང་གོང་འཕེལ་གཏོང་ཆེད་རང་སྐྱོང་ལྗོངས་ཀྱི་བདག་མེད་སྲོག་ཆགས་སྲུང་སྐྱོབ་དོ་དམ་ཐེབས་རྩ་བཙུགས་ནས་བདག་མེད་སྲོག་ཆགས་སྲུང་སྐྱོབ་དང་། དོ་དམ། དྲིལ་བསྒྲགས། སློབ་གསོ། ཐོན་ཁུངས་བརྟག་དཔྱད། ཚན་རིག་ཞིབ་འཇུག བྱ་དགའ་བཅས་ཀྱི་ཐོག་ཏུ་སྤྱོད་རྒྱུ་དང་ནོར་སྲིད་སྡེ་ཚན་གྱིས་བེད་སྤྱོད་གཏོང་ཕྱོགས་ཐད་ལྟ་སྐུལ་བྱ་རྒྱུ། ཐེབས་རྩའི་ཡོངས་ཁུངས་ནི།

    (གཅིག) བྱ་ཐབས་འདིའི་གཏན་འབེབས་ལྟར་སྲུང་སྐྱོབ་བྱ་རྒྱུའི་སྲོག་ཆགས་རིམ་པ་དང་པོ་དང་གཉིས་པ་རྔོན་བཟུང་གི་ཆོག་མཆན་སྤྲོད་སྐབས་རེ་འདུན་ཞུ་མཁན་གྱི་ས་ནས་བསྡུས་པའི《རྔོན་བཟུང་ལག་ཁྱེར》དང་། 《དབོར་འདྲེན་བྱས་འཐུས་ལག་ཁྱེར》《ལོ་འཁོར་ཞིབ་བཤེར་ལག་ཁྱེར》སོགས་ལག་ཁྱེར་གྱི་མ་གནས་དང་བསྡུ་ལེན་བྱས་པའི་ཐོན་ཁུངས་གསབ་དངུལ་དང་། སྲུང་སྐྱོབ་གྲོན་དངུལ་བཅས་དང་།

    (གཉིས) ལོ་ལྟར་བདག་མེད་སྲོག་ཆགས་སམ་ཡང་ན་དེའི་ཐོན་རྫས་གཉེར་སྐྱོང་བྱས་པའི་འབབ་དངུལ་བསྡོམས་འབོར་ནས་བརྒྱ་ཆ་ལྔ་ཐོན་ཁུངས་གསབ་དངུལ་དུ་བསྡུ་རྒྱུ་དང་། གཉེར་སྐྱོང་སྡེ་ཚན་གྱིས་ལོ་མཇུག་ལ་བསྡོམས་རྩིས་བརྒྱབ་ནས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བདག་མེད་སྲོག་ཆགས་སྲིད་འཛིན་གཙོ་འགན་སྡེ་ཚན་ལ་འབུལ་རྒྱུ།

    (གསུམ) སློབ་ཁྲིད་དང་། ཞིབ་འཇུག རྟོག་ཞིབ། གློག་བརྙན་བརྙན་འཕྲིན་པར་རྒྱག དངོས་དཔེ་འཚོལ་བསྡུ་སོགས་ཀྱི་བྱེད་སྒོ་སྤེལ་སྐབས་སྤྲོད་དགོས་པའི་སྲུང་སྐྱོབ་དོ་དམ་གྲོན་དངུལ།

    (བཞི) བྱ་ཐབས་འདིའི་གཏན་འབེབས་དང་འགལ་ནས་ཁྲིམས་འགལ་གྱིས་བདག་མེད་སྲོག་ཆགས་རྔོན་བཟུང་བྱེད་པའམ་ཡང་ན་བདག་མེད་སྲོག་ཆགས་གནས་སྡོད་དང་སྐྱེ་འཕེལ་ཁུལ་ལ་གཏོར་བཤིག་བཏང་རྐྱེན་བསྡུས་པའི་སྐྱིན་ཚབ་རིན་དངུལ།

    (ལྔ) ས་གནས་དེ་གའི་མི་དམངས་སྲིད་གཞུང་གིས་སྤྲད་པའི་དངུལ་དང་། བསྡུ་རུབ་བྱས་པའི་ཞལ་འདེབས། ཡོང་ཁུངས་གཞན་དག་གི་དངུལ་བཅས་ཡིན།

    སྲོག་ཆགས་འདྲ་མིན་གྱི་རིན་ཐང་དང་སྲུང་སྐྱོབ་དོ་དམ་རྣམ་གྲངས་ཁག་གི་རིན་དོད་བསྡུ་རྒྱུའི་གྲངས་ཚད་དང་། ཐེབས་རྩ་བསྡུ་ཕྱོགས་དང་བེད་སྤྱོད་དོ་དམ་བྱ་ཐབས་བཅས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་བཟོས་ནས་ཁྱབ་བསྒྲགས་བྱས་ཏེ་ལག་བསྟར་བྱེད་རྒྱུ།

    དོན་ཚན་བཅུ་བཞི་པ། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་གཙོ་གནད་དུ་སྲུང་སྐྱོབ་བྱེད་པའི་བདག་མེད་སྲོག་ཆགས་གནས་ཡུལ་དུ་ལྟ་སྐོར་དང་། སློབ་ཁྲིད། རྟོག་ཞིབ། གློག་བརྙན་དང་བརྙན་འཕྲིན་པར་རྒྱག་སོགས་ཀྱི་བྱེད་སྒོ་སྤེལ་མཁན་གྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བདག་མེད་སྲོག་ཆགས་སྲིད་འཛིན་གཙོ་འགན་སྡེ་ཚན་གྱི་ཆོག་མཆན་ལག་ཁྱེར་འཁྱེར་དགོས་པ་དང་ས་གནས་དེ་གའི་རྫོང་ཡན་མི་དམངས་སྲིད་གཞུང་གི་བདག་མེད་སྲོག་ཆགས་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་ཞིབ་བཤེར་བཀོད་སྒྲིག་བྱ་རྒྱུ།

    ལེའུ་གསུམ་པ། རྔོན་བཟུང་དོ་དམ།

    དོན་ཚན་བཅོ་ལྔ་པ། རྫོང་ཡན་མི་དམངས་སྲིད་གཞུང་གི་བདག་མེད་སྲོག་ཆགས་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་ལོ་ལྔ་རེའི་ཐོག་བདག་མེད་སྲོག་ཆགས་ཀྱི་ཐོན་ཁུངས་ལ་བརྟག་དཔྱད་ཐེངས་རེ་བྱེད་རྒྱུའི་སྒྲིག་འཛུགས་བྱས་ནས་ཐོན་ཁུངས་འཕར་ཆག་སོགས་ཀྱི་གནས་ཚུལ་སྟངས་འཛིན་དང་ཐོན་ཁུངས་ཀྱི་ཡིག་ཚགས་བཟོ་དགོས།

    དོན་ཚན་བཅུ་དྲུག་པ། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་གཙོ་གནད་དུ་སྲུང་སྐྱོབ་བྱེད་པའི་བདག་མེད་སྲོག་ཆགས(སྒོ་ང་ཚུད)ཁྲིམས་འགལ་གྱི་སྒོ་ནས་འཛིན་གསོད་དང་། ཉོ་ཚོང་། འཚོལ་བསྡུ་སོགས་བྱེད་མི་ཆོག ཚན་རིག་ཞིབ་འཇུག་དང་། གསོ་ཚགས། འགྲེམས་སྟོན། བརྗེ་རེས། འབུལ་སྟེར། དམིགས་བསལ་དགོས་མཁོ་གཞན་དག་བཅས་ཀྱིས་རྐྱེན་པས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་དུ་སྲུང་སྐྱོབ་བྱེད་པའི་བདག་མེད་སྲོག་ཆགས་འཛིན་བཟུང་བྱེད་དགོས་ཚེ་ངེས་པར་དུ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བདག་མེད་སྲོག་ཆགས་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་ཞིབ་བཤེར་བྱས་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བདག་མེད་སྲོག་ཆགས་སྲིད་འཛིན་གཙོ་འགན་སྡེ་ཚན་ནས་དམིགས་བསལ་རྔོན་བཟུང་ཆོག་འཐུས་ལག་ཁྱེར་ཞུ་དགོས་པ་དང་། རྒྱལ་ཁབ་ཀྱི་རིམ་པ་གཉིས་པ་དང་རང་སྐྱོང་ལྗོངས་ཀྱིས་གཙོ་གནད་དུ་སྲུང་སྐྱོབ་བྱེད་པའི་བདག་མེད་སྲོག་ཆགས་རྔོན་བཟུང་བྱེད་དགོས་ཚེ་ངེས་པར་དུ་ས་གནས་དེ་གའི་མི་དམངས་སྲིད་གཞུང་གི་བདག་མེད་སྲོག་ཆགས་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་ཞིབ་བཤེར་བྱས་ཐོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བདག་མེད་སྲོག་ཆགས་སྲིད་འཛིན་གཙོ་འགན་སྡེ་ཚན་ནས་དམིགས་བསལ་རྔོན་བཟུང་ཆོག་འཐུས་ལག་ཁྱེར་ཞུ་དགོས། རྔོན་བཟུང་ལག་ཁྱེར་དེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ནགས་ལས་གཙོ་འགན་སྡེ་ཚན་གྱིས་གཅིག་གྱུར་ཐོག་བཟོ་རྒྱུ།

    རྒྱལ་ཁབ་བམ་ཡང་ན་རང་སྐྱོང་ལྗོངས་ཀྱིས་གཙོ་གནད་དུ་སྲུང་སྐྱོབ་བྱེད་པའི་བདག་མེད་སྲོག་ཆགས་ཀྱིས་ཞིང་འབྲོག་ཐོན་སྐྱེད་ལ་ཚབས་ཆེའི་གནོད་སྐྱོན་བཟོ་བའི་རྐྱེན་གྱིས་རྔོན་བཟུང་བྱེད་དགོས་ངེས་རིགས་དོན་ཚན་འདིའི་ནང་གསེས་གོང་མའི་ནང་འཁོད་ཆོག་མཆན་ཞུ་བའི་གོ་རིམ་ལྟར་རེ་འདུན་ཞུས་ནས་ཆོག་མཆན་ཐོབ་རྗེས་འོས་འཚམ་གྱིས་རྔོན་བཟུང་བྱས་ནས་གནོད་འཚེ་ཆུང་དུ་བཏང་ན་འགྲིག

    དོན་ཚན་བཅུ་བདུན་པ། རྔོན་བཟུང་གི་ལོ་རེའི་ཚོད་འཛིན་དམིགས་ཚད་དེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བདག་མེད་སྲོག་ཆགས་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་རྔོན་བཟུང་གི་གྲངས་ཚད་དེ་སྐྱེ་འཕེལ་གྱི་གྲངས་ཚད་ལས་དམའ་བ་དགོས་རྒྱུའི་རྩ་དོན་ལ་གཞིགས་ནས་བཟོས་ཐོག་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཐོན་སྐྱེད་དང་ཉོ་སྒྲུབ་བྱེད་རྒྱུའི་ལས་འགན་གཤམ་སྤྲོད་དང་གྲོང་ཁྱེར(ས་གནས)དང་རྫོང་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་ཚན་པས་ནན་ཏན་གྱིས་འཆར་གཞི་ལྟར་རྔོན་བཟུང་དང་ཉོ་སྒྲུབ་བྱ་རྒྱུའི་སྒྲིག་འཛུགས་བྱེད་དགོས། བདག་མེད་སྲོག་ཆགས་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་ལྟ་སྐུལ་དང་ཞིབ་བཤེར་གྱི་ལས་དོན་ཡག་པོ་བྱེད་དགོས་པ་དང་ཚན་པ་དང་མི་སྒེར་སུས་ཀྱང་བདག་མེད་སྲོག་ཆགས་དང་དེའི་ཐོན་རྫས་རང་དགར་ཐོན་སྐྱེད་དང་། ཉོ་སྒྲུབ། ཁྲོམ་ཐོག་ཉོ་ཚོང་བཅས་བྱེད་མི་ཆོག

    དོན་ཚན་བཅོ་བརྒྱད་པ། རྔོན་པས་ངེས་པར་དུ་རྔོན་བཟུང་ལག་ཁྱེར་ནང་གཏན་འབེབས་བྱས་པའི་སྣེ་རིགས་དང་། གྲངས་འབོར། རྔོན་ཁུལ། དུས་བཅད། ལག་ཆ། བྱ་ཐབས་བཅས་གཞིར་བཟུང་རྔོན་བཟུང་བྱེད་དགོས།

    མེ་མདའ་འཁྱེར་ནས་རྔོན་རྒྱག་བྱེད་མཁན་ལ་ངེས་པར་དུ་རྫོང་རིམ་ཡན་གྱི་སྤྱི་བདེ་ལས་ཁུངས་དང་མི་དམངས་སྲིད་གཞུང་གི་བདག་མེད་སྲོག་ཆགས་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་མཉམ་འབྲེལ་ཐོག་ཞིབ་བཤེར་བྱས་ནས་སྤྲད་པའི་མེ་མདའ་འཁྱེར་ཆོག་པའི་ལག་ཁྱེར་ཡོད་དགོས།

    དོན་ཚན་བཅུ་དགུ་པ། དམག་མཁོའི་མཚོན་ཆ་དང་། དུག་རྫས། འབར་རྫས། ས་མདའ། ལྕགས་རྙི། དྲ་རྙི། དྲ་བ། དོང་རྙི། མེ་རྒྱག་སོགས་མི་ཕྱུགས་ཀྱི་བདེ་འཇགས་ལ་གནོད་པ་དང་ནགས་ཚལ་དང་བདག་མེད་སྲོག་ཆགས་ཀྱི་ཐོན་ཁུངས་གཏོར་བཤིག་གཏོང་བའི་རྔོན་བཟུང་གི་ལག་ཆ་དང་བྱ་ཐབས་སྤྱོད་མི་ཆོག དམིགས་བསལ་གྱི་དགོས་མཁོས་རྐྱེན་པས་དྲ་རྙི་དང་། དྲ་བ། དོང་རྙི་བཅས་སྤྱད་དེ་རྔོན་བཟུང་བྱེད་དགོས་ཚེ་ངེས་པར་དུ་རྫོང་ཡན་མི་དམངས་སྲིད་གཞུང་གི་བདག་མེད་སྲོག་ཆགས་སྲིད་འཛིན་གཙོ་འགན་སྡེ་ཚན་གྱི་ཆོག་མཆན་ཐོབ་དགོས་པ་དང་། དམིགས་འཛུགས་བྱས་པའི་ས་ཆ་དང་དུས་བཅད་ནང་སྤྱོད་དགོས།

    ལེའུ་བཞི་པ། འདུལ་གསོ་སྐྱེ་འཕེལ་དང་གཉེར་སྐྱོང་བེད་སྤྱོད་དོ་དམ།

    དོན་ཚན་ཉི་ཤུ་པ། བདག་མེད་སྲོག་ཆགས་འདུལ་གསོ་སྐྱེ་འཕེལ་བྱེད་དགོས་ན་ངེས་པར་དུ་གཏན་འབེབས་ལྟར་འདུལ་གསོ་སྐྱེ་འཕེལ་ཆོག་འཐུས་ལག་ཁྱེར་ཞུ་དགོས།

    (གཅིག) རྒྱལ་ཁབ་ཀྱིས་གཙོ་གནད་དུ་སྲུང་སྐྱོབ་བྱེད་པའི་བདག་མེད་སྲོག་ཆགས་ཡིན་ཚེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་བསྒྲུབ་དགོས།

    (གཉིས) རང་སྐྱོང་ལྗོངས་ཀྱིས་གཙོ་གནད་དུ་སྲུང་སྐྱོབ་བྱེད་པའི་བདག་མེད་སྲོག་ཆགས་ཡིན་ཚེ་གྲོང་ཁྱེར(ས་གནས)མི་དམངས་སྲིད་གཞུང་གི་བདག་མེད་སྲོག་ཆགས་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་ཞིབ་བཤེར་བྱས་ཏེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བདག་མེད་སྲོག་ཆགས་སྲིད་འཛིན་གཙོ་འགན་སྡེ་ཚན་ལ་སྙན་འབུལ་གྱིས་དེས་སྤྲོད་འཐུས་ཆོག་མཆན་འགོད་དགོས།

    (གསུམ) རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་སྲུང་སྐྱོབ་བྱེད་པའི་ཕན་པ་ཡོད་པའམ་ཡང་ན་དཔལ་འབྱོར་དང་ཚན་རིག་ཞིབ་འཇུག་གི་རིན་ཐང་ཆེན་པོ་ཡོད་པའི་སྐམ་གནས་བདག་མེད་སྲོག་ཆགས་ཡིན་ཚེ་མི་དམངས་སྲིད་གཞུང་གི་བདག་མེད་སྲོག་ཆགས་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་ཞིབ་བཤེར་བྱས་ཏེ་གོང་རིམ་མི་དམངས་སྲིད་གཞུང་བདག་མེད་སྲོག་ཆགས་སྲིད་འཛིན་གཙོ་འགན་སྡེ་ཚན་ལ་སྙན་འབུལ་ཞུས་ནས་དེས་སྤྲོད་འཐུས་ཆོག་མཆན་འགོད་དགོས།

    བདག་མེད་སྲོག་ཆགས་འདུལ་གསོ་སྐྱེ་འཕེལ་བྱེད་མཚམས་བཞག་རྗེས་སྐབས་འཕྲལ་དུ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་བདག་མེད་སྲོག་ཆགས་སྲིད་འཛིན་གཙོ་འགན་སྡེ་ཚན་ལ་འདུལ་གསོ་ཆོག་འཐུས་ལག་ཁྱེར་ཐོ་ཁོངས་ནས་སུབ་རྒྱུའི་སྙན་སེང་ཞུ་དགོས་པ་མ་ཟད། གཏན་འབེབས་ལྟར་འདུལ་གསོ་སྐྱེ་འཕེལ་བྱས་པའི་བདག་མེད་སྲོག་ཆགས་རྩིས་སྤྲོད་འཐུས་ལེགས་བྱེད་དགོས།

    དོན་ཚན་ཉེར་གཅིག་པ། བདག་མེད་སྲོག་ཆགས་དང་དེའི་ཐོན་རྫས་སྐྱེལ་འདྲེན(མཁའ་ཐོག་དང་། ཆུ་ཐོག ས་ཐོག་བཅས་ནས་སྐྱེལ་འདྲེན་དང་། སྦྲག་སྐྱེལ)དང་མཉམ་འཁྱེར་བྱེད་སྐབས་ངེས་པར་དུ་སྐྱེལ་འདྲེན་ཆོག་པའི་ལག་ཁྱེར་ཡོད་དགོས།

    (གཅིག) རྫོང་གི་ས་མཚམས་བརྒལ་དགོས་ཚེ་གྲོང་ཁྱེར(ས་གནས)མི་དམངས་སྲིད་གཞུང་གི་བདག་མེད་སྲོག་ཆགས་གཙོ་འགན་སྡེ་ཚན་གྱིས་ཞིབ་བཤེར་བྱས་ནས་འཁྱེར་འཐུས་ལག་ཁྱེར་སྤྲོད་རྒྱུ།

    (གཉིས) རང་སྐྱོང་ལྗོངས་ཀྱི་ས་མཚམས་བརྒལ་དགོས་ཚེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བདག་མེད་སྲོག་ཆགས་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་ཞིབ་བཤེར་བྱས་ནས་འཁྱེར་འཐུས་ལག་ཁྱེར་སྤྲོད་རྒྱུ།

    (གསུམ) རྒྱལ་མཚམས་བརྒལ་དགོས་ཚེ་ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་བཞིན་བྱེད་དགོས།

    དོན་ཚན་ཉེར་གཉིས་པ། བདག་མེད་སྲོག་ཆགས་དང་དེའི་ཐོན་རྫས་ལ་གཉེར་སྐྱོང་བྱས་ཆོག་པའི་ལག་ཁྱེར་ལམ་ལུགས་ལག་ལེན་བསྟར་རྒྱུ། གཉེར་སྐྱོང་བྱས་ཆོག་པའི་ལག་ཁྱེར་དོ་དམ་བྱ་ཐབས་དེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བདག་མེད་སྲོག་ཆགས་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་རང་སྐྱོང་ལྗོངས་སྨན་རྫས་དང་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཚན་དང་མཉམ་དུ་བཟོ་རྒྱུ།

    རྔོན་རྒྱག་ལག་ཁྱེར་ཡོད་པའི་ཚན་པ་དང་མི་སྒེར་གྱིས་ཁྲིམས་ལྟར་རྒྱལ་ཁབ་བམ་ཡང་ན་རང་སྐྱོང་ལྗོངས་ཀྱི་གཙོ་གནད་སྲུང་སྐྱོབ་བྱེད་ཁོངས་མིན་པའི་བདག་མེད་སྲོག་ཆགས་རྔོན་རྒྱག་པ་དང་དེའི་ཐོན་རྫས་འཚོང་དགོས་ན་རྔོན་རྒྱག་ལག་ཁྱེར་ནང་གཏན་འབེབས་བྱས་པའི་སྣེ་རིགས་དང་གྲངས་འབོར་ལ་གཞིགས་ཏེ་ས་ཆ་དེ་གའི་སྲིད་གཞུང་གིས་དམིགས་འཛུགས་བྱས་པའི་ཁྲོམ་རའམ་ཚན་པར་འཚོང་རྒྱུ།

    ཁྲོམ་རའི་ཐོག་སྟོན་པའི་བདག་མེད་སྲོག་ཆགས་དང་དེའི་ཐོན་རྫས་ལ་མི་དམངས་སྲིད་གཞུང་གི་བདག་མེད་སྲོག་ཆགས་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཚན་ལ་གཞོགས་འདེགས་ཀྱིས་ལྟ་སྐུལ་དོ་དམ་བྱེད་དགོས་པ་དང་། ཁྲོམ་རའི་ཐོག་སྟོན་མེད་པའི་བདག་མེད་སྲོག་ཆགས་དང་དེའི་ཐོན་རྫས་ལ་མི་དམངས་སྲིད་གཞུང་གི་བདག་མེད་སྲོག་ཆགས་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་ལྟ་སྐུལ་དོ་དམ་བྱ་རྒྱུ།

    ལེའུ་ལྔ་པ། བྱ་དགའ་དང་ཆད་གཅོད།

    དོན་ཚན་ཉེར་གསུམ་པ། གཤམ་གསལ་གྱི་བྱ་སྤྱོད་གྲས་ཤིག་ཡོད་མཁན་ལ་རིམ་ཁག་མི་དམངས་སྲིད་གཞུང་ངམ་ཡང་ན་མི་དམངས་སྲིད་གཞུང་གི་བདག་མེད་སྲོག་ཆགས་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་དེའི་བྱས་རྗེས་ཆེ་ཆུང་ལ་གཞིགས་ནས་བྱ་དགའ་སྤྲོད་རྒྱུ།

    (གཅིག) བདག་མེད་སྲོག་ཆགས་སྲུང་སྐྱོབ་དང་དོ་དམ་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཡོད་མཁན་དང་།

    (གཉིས) བདག་མེད་སྲོག་ཆགས་དང་དེའི་ཐོན་རྫས་ཁྲིམས་འགལ་གྱིས་རྔོན་བཟུང་དང་། ཉོ་ཚོང་། དབོར་འདྲེན་བཅས་བྱེད་པར་ཉེས་ཞུ་ཐེར་འདོན་ནམ་ཡང་ན་བཀག་འགོག་བྱས་པར་བྱས་རྗེས་ཡོད་མཁན།

    (གསུམ) བདག་མེད་སྲོག་ཆགས་འདུལ་གསོ་དང་སྐྱེ་འཕེལ་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཡོད་མཁན།

    (བཞི) བདག་མེད་སྲོག་ཆགས་ཐད་ཀྱི་ཚན་རིག་ཞིབ་འཇུག་བྱས་པར་གྲུབ་འབྲས་གཟེངས་སུ་ཐོན་པ་ཡོད་མཁན་བཅས།

    དོན་ཚན་ཉེར་བཞི་པ། རྒྱལ་ཁབ་ཀྱིས་གཙོ་གནད་དུ་སྲུང་སྐྱོབ་བྱེད་པའི་བདག་མེད་སྲོག་ཆགས་ཁྲིམས་འགལ་གྱིས་འཛིན་གསོད་བྱེད་པ་དང་དེའི་ཐོན་རྫས་བར་ཚོང་དང་ལྐོག་ཚོང་བརྒྱབ་སྟེ་ཉེས་གསོག་གི་ཚད་ལ་སླེབས་པར་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ།

    དོན་ཚན་ཉེར་ལྔ་པ། བྱ་ཐབས་འདི་ལས་འགལ་བའི་གཤམ་གསལ་གྱི་བྱེད་སྤྱོད་ལ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་བདག་མེད་སྲོག་ཆགས་སྲིད་འཛིན་གཙོ་འགན་སྡེ་ཚན་ནམ་ཡང་ན་དེས་དབང་ཆ་སྤྲད་པའི་ཚན་པས་གཤམ་གསལ་གྱི་གཏན་འབེབས་ལྟར་ཉེས་ཆད་གཅོད་རྒྱུ།

    (གཅིག) དམིགས་བསལ་གྱི་རྔོན་བཟུང་ལག་ཁྱེར་མེད་པའམ་ཡང་ན་དམིགས་བསལ་གྱི་རྔོན་བཟུང་ལག་ཁྱེར་གྱི་གཏན་འབེབས་གཞིར་མ་བཟུང་བར་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་གཙོ་གནད་དུ་སྲུང་སྐྱོབ་བྱེད་ཁོངས་མིན་པའི་བདག་མེད་སྲོག་ཆགས་དང་རང་སྐྱོང་ལྗོངས་ཀྱིས་སྲུང་སྐྱོབ་བྱེད་པའི་བདག་མེད་སྲོག་ཆགས་རྔོན་བཟུང་བྱེད་མཁན་གྱི་རྔོན་དངོས་དང་། རྔོན་བྱད། ཁྲིམས་འགལ་གྱི་ཡོང་འབབ་བཅས་གཞུང་བཞེས་གཏོང་རྒྱུ་མ་ཟད། དམིགས་བསལ་གྱི་རྔོན་བཟུང་ལག་ཁྱེར་རྩིས་མེད་དུ་གཏོང་རྒྱུ་དང་སྦྲགས། རྔོན་དངོས་རིན་ཐང་གི་ལྡབ་བདུན་ནས་བཅུའི་བར་གྱི་དངུལ་ཆད་འགེལ་རྒྱུ། རྔོན་དངོས་མེད་པར་སྒོར་ལྔ་སྟོང་ནས་སྒོར་ཁྲི་གཅིག་བར་གྱི་དངུལ་ཆད་གཅོད་རྒྱུ།

    (གཉིས) རྔོན་རྒྱག་ལག་ཁྱེར་མེད་པའམ་ཡང་ན་རྔོན་བཟུང་ལག་ཁྱེར་གྱི་གཏན་འབེབས་གཞིར་མ་བཟུང་བར་རྒྱལ་ཁབ་བམ་ཡང་ན་རང་སྐྱོང་ལྗོངས་ཀྱིས་གཙོ་གནད་དུ་སྲུང་སྐྱོབ་བྱེད་ཁོངས་མིན་པའི་བདག་མེད་སྲོག་ཆགས་དང་རང་སྐྱོང་ལྗོངས་ཀྱིས་སྲུང་སྐྱོབ་བྱེད་པའི་ཕན་པ་ཡོད་པའམ་ཡང་ན་དཔལ་འབྱོར་དང་ཚན་རིག་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་པའི་སྐམ་སའི་བདག་མེད་སྲོག་ཆགས་རྔོན་བཟུང་བྱེད་མཁན་གྱི་རྔོན་དངོས་དང་། རྔོན་བྱད། ཁྲིམས་འགལ་གྱི་ཡོང་འབབ་བཅས་གཞུང་བཞེས་གཏོང་རྒྱུ་མ་ཟད། རྔོན་བཟུང་ལག་ཁྱེར་རྩིས་མེད་གཏོང་རྒྱུ་དང་སྦྲགས། རྔོན་དངོས་རིན་ཐང་གི་ལྡབ་གསུམ་ནས་ལྔ་བར་གྱི་དངུལ་ཆད་གཅོད་རྒྱུ། རྔོན་དངོས་མེད་པར་སྒོར་ལྔ་བརྒྱ་ནས་ཆིག་སྟོང་བར་གྱི་དངུལ་ཆད་གཅོད་རྒྱུ།

    (གསུམ) རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བདག་མེད་སྲོག་ཆགས་སྲིད་འཛིན་གཙོ་འགན་སྡེ་ཚན་གྱི་ཞིབ་བཤེར་ཆོག་མཆན་མེད་པར་རང་འཚམ་གྱིས་རྔོན་རྒྱག་མཁན་ཚན་པའམ་ཡང་ན་མི་སྒེར་སྒྲིག་འཛུགས་བྱེད་མཁན་ལ་དངུལ་ཆད་སྒོར་ཁྲི་གཉིས་ནས་ཁྲི་ལྔ་བར་གཅོད་རྒྱུ་མ་ཟད། རྣམ་པ་གང་རུང་གི་ཐོག་ནས་རྔོན་རྒྱག་པའི་བྱེད་སྒོ་མཚམས་འཇོག་བྱ་རྒྱུའི་བཀའ་གཏོང་རྒྱུ་དང་ཐད་ཀའི་འགན་འཁྲི་ཡོད་མཁན་ལ་དེ་དག་གནས་ཡུལ་ཚན་པས་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུ།

    (བཞི) རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བདག་མེད་སྲོག་ཆགས་སྲིད་འཛིན་གཙོ་འགན་སྡེ་ཚན་གྱི་ཆོག་མཆན་མེད་པར་རང་འཚམ་གྱིས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་གཙོ་གནད་དུ་སྲུང་སྐྱོབ་བྱེད་པའི་བདག་མེད་སྲོག་ཆགས་ལ་ལྟ་སྐོར་དང་། རྟོག་ཞིབ། དངོས་དཔེ་འཚོལ་བསྡུ། གློག་བརྙན་དང་བརྙན་འཕྲིན་པར་ལེན་སོགས་ཀྱི་བྱེད་སྒོ་སྒྲིག་འཛུགས་བྱེད་མཁན་གྱི་གནས་ཚུལ་ཚབས་ཆེ་ཆུང་ལ་གཞིགས་ཏེ་སྐྱོན་བརྗོད་སློབ་གསོ་གཏོང་རྒྱུ་དང་། ཡོ་བྱད་དང་། དཔྱད་ཆས། དཔྱད་ཡིག་བཅས་གཞུང་བཞེས་གཏོང་རྒྱུ་དང་འབྲེལ། གནས་ཚུལ་ཚབས་ཆེན་ཡོད་མཁན་ལ་དངུལ་ཆད་སྒོར་ལྔ་སྟོང་ཡན་ནས་ལྔ་ཁྲི་མན་བར་གཅོད་རྒྱུ།

    (ལྔ) བདག་མེད་སྲོག་ཆགས་ཀྱི་སྒོ་ང་ཁྲིམས་འགལ་གྱིས་བསྡུ་རུབ་བྱེད་པའམ་ཡང་ན་བདག་མེད་སྲོག་ཆགས་ཀྱི་ཚང་གཏོར་མཁན་གྱི་ལག་ཆ་དང་ཁྲིམས་འགལ་གྱི་ཡོང་འབབ་གཞུང་བཞེས་གཏོང་རྒྱུ་དང་སྦྲགས། དངུལ་ཆད་སྒོར་ལྔ་བརྒྱ་ནས་ཆིག་སྟོང་བར་གཅོད་རྒྱུ།

    (དྲུག) རང་བྱུང་སྲུང་སྐྱོབ་ཁུལ་དང་། རྔོན་རྒྱག་བཀག་སྡོམ་ཁུལ། ཉ་འཛིན་བཀག་སྡོམ་ཁུལ་བཅས་སུ་རྒྱལ་ཁབ་བམ་ཡང་ན་རང་སྐྱོང་ལྗོངས་ཀྱིས་གཙོ་གནད་དུ་སྲུང་སྐྱོབ་བྱེད་པའི་བདག་མེད་སྲོག་ཆགས་ཀྱི་ཆགས་གནས་དང་སྐྱེ་འཕེལ་བྱ་ཡུལ་གཙོ་བོར་གཏོར་བཤིག་གཏོང་མཁན་ལ་བྱ་སྤྱོད་མཚམས་འཇོག་བྱ་རྒྱུ་དང་དུས་བཀག་ནང་སྔར་དབྱིབས་སླར་གསོ་བྱ་དགོས་པའི་བཀའ་གཏོང་རྒྱུ་དང་སྦྲགས། སྔར་དབྱིབས་སླར་གསོ་བྱ་རྒྱུར་བཏང་བའི་གྲོན་དངུལ་གྱི་ལྡབ་གསུམ་མན་གྱི་དངུལ་ཆད་གཅོད་རྒྱུ་དང་། རྒྱལ་ཁབ་བམ་ཡང་ན་རང་སྐྱོང་ལྗོངས་ཀྱིས་གཙོ་གནད་དུ་སྲུང་སྐྱོབ་བྱེད་ཁོངས་མིན་པའི་བདག་མེད་སྲོག་ཆགས་ཀྱི་ཆགས་གནས་དང་སྐྱེ་འཕེལ་བྱ་ཡུལ་གཙོ་བོར་གཏོར་བཤིག་གཏོང་མཁན་ལ་བྱ་སྤྱོད་མཚམས་འཇོག་བྱ་རྒྱུ་དང་དུས་བཀག་ནང་སྔར་དབྱིབས་སླར་གསོ་དགོས་པའི་བཀའ་གཏོང་རྒྱུ་དང་སྦྲགས། སྔར་དབྱིབས་སླར་གསོ་བྱེད་པར་བཏང་བའི་གྲོན་དངུལ་གྱི་ལྡབ་གཉིས་མན་གྱི་དངུལ་ཆད་གཅོད་རྒྱུ།

    (བདུན) རང་བྱུང་སྲུང་སྐྱོབ་ཁུལ་དང་། རྔོན་རྒྱག་བཀག་སྡོམ་ཁུལ། རྔོན་རྒྱག་བཀག་སྡོམ་དུས་ཚོད། ཉ་འཛིན་བཀག་སྡོམ་ཁུལ། ཉ་འཛིན་བཀག་སྡོམ་དུས་ཚོད་དམ་ཡང་ན་སྤྱོད་མི་ཆོག་པའི་ལག་ཆ་དང་བྱ་ཐབས་སྤྱད་དེ་རྒྱལ་ཁབ་བམ་ཡང་ན་རང་སྐྱོང་ལྗོངས་ཀྱིས་གཙོ་གནད་དུ་སྲུང་སྐྱོབ་བྱེད་ཁོངས་མིན་པའི་བདག་མེད་སྲོག་ཆགས་རྔོན་བཟུང་བྱེད་མཁན་གྱི་རྔོན་དངོས་དང་། རྔོན་བྱད། ཁྲིམས་འགལ་གྱི་ཡོང་འབབ་བཅས་གཞུང་བཞེས་གཏོང་རྒྱུ་དང་སྦྲགས། རྔོན་དངོས་རིན་ཐང་གི་ལྡབ་ལྔ་ནས་ལྡབ་བརྒྱད་བར་གྱི་དངུལ་ཆད་གཅོད་རྒྱུ། རྔོན་དངོས་མེད་པར་སྒོར་ཆིག་སྟོང་ནས་ཉིས་སྟོང་བར་གྱི་དངུལ་ཆད་གཅོད་རྒྱུ།

    (བརྒྱད) འདུལ་གསོ་སྐྱེ་འཕེལ་གྱི་ཆོག་འཐུས་ལག་ཁྱེར་མེད་པའམ་ཡང་ན་འདུལ་གསོ་སྐྱེ་འཕེལ་ཆོག་འཐུས་ལག་ཁྱེར་གྱི་གཏན་འབེབས་ལས་བརྒལ་ཏེ་རྒྱལ་ཁབ་བམ་ཡང་ན་རང་སྐྱོང་ལྗོངས་ཀྱིས་གཙོ་གནད་དུ་སྲུང་སྐྱོབ་བྱེད་པའི་བདག་མེད་སྲོག་ཆགས་འདུལ་གསོ་སྐྱེ་འཕེལ་བྱེད་མཁན་གྱི་འདུལ་གསོ་སྐྱེ་འཕེལ་བྱས་པའི་བདག་མེད་སྲོག་ཆགས་དང་ཁྲིམས་འགལ་གྱི་ཡོང་འབབ་རྣམས་གཞུང་བཞེས་གཏོང་རྒྱུ་དང་སྦྲགས། དངུལ་ཆད་སྒོར་སུམ་སྟོང་མན་གཅོད་རྒྱུ།

    (དགུ) གྲོང་ཁྱེར་དང་། བཟོ་གྲྭ ཤང་གྲོང་། གྲོང་ཚོ་སོགས་སུ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་གཙོ་གནད་དུ་སྲུང་སྐྱོབ་བྱེད་པའི་བདག་མེད་སྲོག་ཆགས་ཀྱི་མིང་ཐོར་མ་འཁོད་པའི་བྱ་རིགས་འཛིན་གསོད་དང་བྱ་སྒོང་འཚོལ་བསྡུ་བྱེད་མཁན་གྱི་བྱུང་དངོས་དང་རྔོན་བྱད་གཞུང་བཞེས་གཏོང་རྒྱུ་དང་སྦྲགས། དངུལ་ཆད་སྒོར་ལྔ་བརྒྱ་མན་གཅོད་རྒྱུ།

    དོན་ཚན་ཉེར་དྲུག་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་བདག་མེད་སྲོག་ཆགས་སྲིད་འཛིན་གཙོ་འགན་སྡེ་ཚན་ནམ་ཡང་ན་དེས་དབང་ཆ་སྤྲད་པའི་ཚན་པས་གཏན་འབེབས་བྱས་པའི་སྲིད་འཛིན་ཆད་གཅོད་ལ་ངེས་པར་དུ་ཆད་གཅོད་ཀྱི་ཆོད་ཡིག་སྤྲོད་དགོས། དངུལ་ཆད་བཅད་པ་དང་ཁྲིམས་འགལ་གྱི་ཡོང་འབབ་བམ་ཡང་ན་དངོས་པོ་གཞུང་བཞེས་བཏང་བར་ངེས་པར་དུ་ནོར་སྲིད་ཀྱི་ཆེད་སྤྱོད་བྱུང་འཛིན་སྤྲོད་དགོས།

    དོན་ཚན་ཉེར་བདུན་པ། བྱ་ཐབས་འདིའི་གཏན་འབེབས་ལས་འགལ་ཏེ་བདག་མེད་སྲོག་ཆགས་དང་དེའི་ཐོན་རྫས་ཕྱིར་ཚོང་དང་། ཉོ་སྒྲུབ། དབོར་འདྲེན། འཁྱེར་འཁྲིད་བཅས་བྱེད་མཁན་ལ་མི་དམངས་སྲིད་གཞུང་གི་བདག་མེད་སྲོག་ཆགས་སྲིད་འཛིན་དོ་དམ་སྡེ་ཚན་ནམ་ཡང་ན་དེས་དབང་ཆ་སྤྲད་པའི་ཚན་པས་གཏན་འབེབས་ལྟར་དེ་དག་གི་དངོས་པོ་དང་ཁྲིམས་འགལ་གྱི་ཡོང་འབབ་གཞུང་བཞེས་གཏོང་རྒྱུ་དང་། རྒྱལ་ཁབ་བམ་ཡང་ན་རང་སྐྱོང་ལྗོངས་ཀྱིས་གཙོ་གནད་དུ་སྲུང་སྐྱོབ་བྱེད་པའི་བདག་མེད་སྲོག་ཆགས་ཡིན་ཚེ་དངོས་པོའི་རིན་ཐང་གི་ལྡབ་བདུན་ནས་བཅུ་བར་གྱི་དངུལ་ཆད་སྡེབ་གཅིག་ཏུ་གཅོད་རྒྱུ།

    གཞུང་བཞེས་བཏང་བའི་དངོས་པོ་རྣམས་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་བདག་མེད་སྲོག་ཆགས་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཐག་གཅོད་བྱ་རྒྱུ།

    དོན་ཚན་ཉེར་བརྒྱད་པ། བདག་མེད་སྲོག་ཆགས་སམ་ཡང་ན་དེའི་ཐོན་རྫས་ཁྲིམས་འགལ་ངང་ཉོ་ཚོང་བྱེད་པར་སྦས་སྐུང་བྱེད་ས་འདོན་སྤྲོད་བྱེད་མཁན་ལ་དངུལ་ཆད་སྒོར་ཁྲི་གཅིག་མན་གཅོད་རྒྱུ།

    དོན་ཚན་ཉེར་དགུ་པ། འབྲེལ་ཡོད་ལག་ཁྱེར་རྫུན་བཟོ་དང་། བར་ཚོང་། ནང་བཤུག་བཅས་བྱེད་མཁན་ལ་མི་དམངས་སྲིད་གཞུང་གི་བདག་མེད་སྲོག་ཆགས་སྲིད་འཛིན་གཙོ་འགན་སྡེ་ཚན་ནམ་ཡང་ན་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཚན་གྱིས་དེའི་ལག་ཁྱེར་རྩིས་མེད་གཏོང་རྒྱུ་དང་ཁྲིམས་འགལ་གྱི་ཡོང་འབབ་གཞུང་བཞེས་གཏོང་རྒྱུ་མ་ཟད། དེའི་གནས་ཚུལ་ཚབས་ཆེ་ཆུང་ལ་གཞིགས་ནས་དངུལ་ཆད་སྒོར་ལྔ་སྟོང་ནས་ལྔ་ཁྲི་བར་གཅོད་རྒྱུ།

    དོན་ཚན་སུམ་ཅུ་པ། རིམ་ཁག་མི་དམངས་སྲིད་གཞུང་གི་བདག་མེད་སྲོག་ཆགས་སྲིད་འཛིན་གཙོ་འགན་སྡེ་ཚན་གྱི་ལས་དོན་པས་ལས་འགན་སྒྲུབ་སྐབས་ངེས་པར་དུ་མི་དམངས་སྲིད་གཞུང་གི་བདག་མེད་སྲོག་ཆགས་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་སྤྲད་པའི་གོ་ཆོད་ལག་ཁྱེར་སྟོན་དགོས་པ་དང་། ལས་དོན་པས་རང་འགན་ཟོལ་འཇོག་བྱེད་པ་དང་། འགན་དབང་གང་བྱུང་དུ་སྤྱོད་པ། ཉེར་ཕྱོགས་གཡོ་ཟོལ་བྱེད་པ་བཅས་ལ་དེ་གནས་སའི་ཚན་པའམ་ཡང་ན་གོང་རིམ་གཙོ་འགན་ལས་ཁུངས་ཀྱིས་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུ་དང་། ཉེས་གསོག་གི་ཚད་ལ་སླེབས་པར་ཁྲིམས་འཛིན་ལས་ཁུངས་ནས་ཉེས་དོན་གྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ།

    དོན་ཚན་སོ་གཅིག་པ། བདག་མེད་སྲོག་ཆགས་དོ་དམ་བྱེད་མཁན་གྱིས་ཁྲིམས་བཞིན་གཞུང་དོན་སྒྲུབ་པར་བཀག་འགོག་བྱེད་པ་དང་འགོག་རྐྱེན་བཟོ་བའམ་ཡང་ན་བདག་མེད་སྲོག་ཆགས་དོ་དམ་གྱི་སྒྲིག་བཀོད་རྐུ་རྒྱག་དང་། འུར་བཅོམ། གཏོར་བཤིག་བཅས་བྱེད་མཁན་ལ་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཉེས་ཆད་གཅོད་རྒྱུ།

    དོན་ཚན་སོ་གཉིས་པ། སྲིད་འཛིན་ཆད་གཅོད་ཀྱི་གཏན་འབེབས་ཐད་བློ་མོས་མེད་མཁན་དོ་བདག་ལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདག་མེད་སྲོག་ཆགས་སྲུང་སྐྱོབ་བཅའ་ཁྲིམས》ཀྱི་དོན་ཚན་སོ་དགུ་པའི་གཏན་འབེབས་ལྟར་ལག་ལེན་བསྟར་རྒྱུ།

    ལེའུ་དྲུག་པ། ཞར་བྱུང་།

    དོན་ཚན་སོ་གསུམ་པ། བྱ་ཐབས་འདིའི་ནང་གི་བདག་མེད་སྲོག་ཆགས་ཀྱི་ཐོན་རྫས་ཞེས་པ་ནི་བདག་མེད་སྲོག་ཆགས་ཀྱི་ཆ་གང་རུང་ཞིག་དང་དེའི་བསྐྱར་འགྱུར་དངོས་པོར་ཟེར་བ་ཡིན།

    དོན་ཚན་སོ་བཞི་པ། རང་སྐྱོང་ལྗོངས་ཀྱིས་གཙོ་གནད་དུ་སྲུང་སྐྱོབ་བྱེད་པའི་བདག་མེད་སྲོག་ཆགས་ཀྱི་སྣེ་རིགས་དང་རིམ་པར་འགྱུར་བ་གཏོང་དགོས་ཚེ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བདག་མེད་སྲོག་ཆགས་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་འབྲེལ་ཡོད་ཚན་པ་དང་མཉམ་དུ་འགྱུར་བ་གཏོང་ཕྱོགས་བཏོན་ནས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་སྙན་སེང་ཞུས་ཏེ་ཆོག་མཆན་ཐོབ་རྗེས་ལག་ལེན་བསྟར་རྒྱུའི་ཁྱབ་བསྒྲགས་བྱ་རྒྱུ་མ་ཟད། རྒྱལ་ཁབ་ཀྱི་བདག་མེད་སྲོག་ཆགས་སྲིད་འཛིན་གཙོ་འགན་སྡེ་ཚན་ལ་སྙན་དཔོད་ཞུ་དགོས།

    དོན་ཚན་སོ་ལྔ་པ། རང་སྐྱོང་ལྗོངས་ཀྱིས་སྲུང་སྐྱོབ་བྱེད་པའི་ཕན་པ་ཡོད་པའམ་ཡང་ན་དཔལ་འབྱོར་དང་ཚན་རིག་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་པའི་སྐམ་སའི་བདག་མེད་སྲོག་ཆགས་ཀྱི་མིང་ཐོ་རྣམས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བདག་མེད་སྲོག་ཆགས་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་བཏོན་ཐོག རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་སྙན་དཔོད་ཞུས་ནས་ཁྱབ་བསྒྲགས་དང་ལག་བསྟར་བྱ་རྒྱུ།

    དོན་ཚན་སོ་དྲུག་པ། བྱ་ཐབས་འདི་ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།