བོད་རང་སྐྱོང་ལྗོངས་ཀྱི་ཐོག་ཟོན་གེགས་སེལ་སྲོལ་ཡིག
(2015ལོའི་ཟླ་བ་དང་པོའི་ཚེས་14ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བཞི་པའི་ཐོག་གྲོས་འཆམ་བྱུང་བ་དང་། 2025ལོའི་ཟླ་བ་ལྔ་པའི་ཚེས་27ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བདུན་པའི་ཐོག《〈བོད་རང་སྐྱོང་ལྗོངས་ཀྱི་ཐོག་ཟོན་གེགས་སེལ་སྲོལ་ཡིག〉སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་11ལ་བཟོ་བཅོས་རྒྱག་རྒྱུ་དང〈བོད་རང་སྐྱོང་ལྗོངས་ཀྱི་ས་གཤིས་ཁོར་ཡུག་དོ་དམ་སྲོལ་ཡིག〉མེད་པར་བཟོ་རྒྱུའི་སྐོར་གྱི་ཆོད་དོན》གཞིར་བཟུང་དག་བཅོས་བྱས)
དཀར་ཆག
ལེའུ་དང་པོ། སྤྱིའི་རྩ་དོན།
ལེའུ་གཉིས་པ། ལྟ་ཞིབ་ཚད་ལེན་དང་། སྔོན་ཚུད་ཉེན་བརྡ། དེ་བཞིན་ཁྱབ་བསྒྲགས་བྱ་རྒྱུ།
ལེའུ་གསུམ་པ། ཐོག་ཟོན་ལས་གྲྭ
ལེའུ་བཞི་པ། ཐོག་ཉེན་འགོག་ཟོན་སྒྲིག་ཆས་ཞིབ་དཔྱད་ཚད་ལེན།
ལེའུ་ལྔ་པ། ཐོག་གི་གནོད་འཚེའི་བརྟག་དཔྱད་དང་འཕྲལ་སྡོམ་རོགས་སྐྱོབ།
ལེའུ་དྲུག་པ། བཅའ་ཁྲིམས་ཀྱི་འགན་འཁྲི།
ལེའུ་བདུན་པ། ཞར་བྱུང་།
ལེའུ་དང་པོ། སྤྱིའི་རྩ་དོན།
དོན་ཚན་དང་པོ། ཐོག་གི་གནོད་འཚེ་འགོག་ཟོན་དང་གནོད་འཚེ་སེལ་ཐབས་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་བྱ་རྒྱུ་དང་། དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་ཆེད། 《 ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གནམ་དཔྱད་བཅའ་ཁྲིམས》 དང་། དེ་བཞིན་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་ཞིང་། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་སྲོལ་ཡིག་འདི་བཟོས་པ་ཡིན།
དོན་ཚན་གཉིས་པ། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་སུ་ཐོག་ཟོན་གེགས་སེལ་གྱི་ལས་དོན་སྒྲུབ་མཁན་ཚན་པ་དང་མི་སྒེར་གྱིས་ངེས་པར་དུ་སྲོལ་ཡིག་འདིར་བརྩི་སྲུང་ཞུ་དགོས།
སྲོལ་ཡིག་འདིའི་ནང་བརྗོད་པའི་ཐོག་ཟོན་གེགས་སེལ་ཞེས་པ་ནི་ཐོག་གི་གནོད་འཚེ་འགོག་ཟོན་དང་ཐོག་གི་གནོད་འཚེ་སེལ་བའི་ལས་དོན་ཞིག་ཡིན་ཞིང་། དེའི་ནང་ཐོག་དང་ཐོག་ལས་འབྱུང་བའི་གནོད་འཚེར་ཞིབ་འཇུག་དང་། ལྟ་ཞིབ་ཚད་ལེན། སྔོན་ཚུད་ཉེན་བརྡ། འགོག་ཟོན་བཅས་དང་། ཐོག་ཉེན་འགོག་ཟོན་སྒྲིག་ཆས་ཞིབ་དཔྱད་ཚད་ལེན། དེ་བཞིན་ཐོག་གི་གནོད་འཚེར་བརྟག་དཔྱད་དང་། འཕྲལ་སྡོམ་རོགས་སྐྱོབ། དཔྱད་འདོམས། ཉེན་ཁ་ཚོད་སྐོར་སོགས་ཚུད་ཡོད།
དོན་ཚན་གསུམ་པ། ཐོག་ཟོན་གེགས་སེལ་གྱི་ལས་དོན་ཐད་བདེ་འཇགས་ཨང་དང་པོ་དང་། སྔོན་འགོག་གཙོར་བཟུང་། འགོག་བཅོས་ཟུང་འབྲེལ། གཅིག་གྱུར་འཆར་འགོད། གཅིག་གྱུར་བཀོད་སྒྲིག གཅིག་གྱུར་དོ་དམ་བཅས་ཀྱི་རྩ་དོན་ལག་བསྟར་བྱ་རྒྱུ།
དོན་ཚན་བཞི་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཐོག་ཟོན་གེགས་སེལ་གྱི་ལས་དོན་ཐད་སྒྲིག་འཛུགས་དང་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་ཤིང་། ཐོག་ཟོན་གེགས་སེལ་གྱི་གྲོན་དངུལ་རྣམས་རིམ་པ་དེ་གའི་ནོར་སྲིད་སྔོན་རྩིས་ནང་འཇུག་དགོས།
རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཐོག་གི་གནོད་འཚེར་འགོག་ཟོན་བྱེད་པའི་འཆར་འགོད་བཟོ་སྒྲིག་བྱེད་དགོས་པ་མ་ཟད། གྲོང་ཁྱེར་གྱི་སྤྱིའི་འཆར་འགོད་ནང་དུ་འཇུག་དགོས།
ཐོག་ཟོན་གེགས་སེལ་གྱི་ལས་དོན་དེ་ངེས་པར་དུ་བདེ་འཇགས་ཐོན་སྐྱེད་ཀྱི་ལྟ་སྐུལ་དོ་དམ་ལས་ཀའི་ཁྱབ་ཁོངས་ནང་འཇུག་དགོས།
དོན་ཚན་ལྔ་པ། རིམ་ཁག་གནམ་གཤིས་གཙོ་འགན་ཚན་པས་རང་སྲིད་འཛིན་ས་ཁོངས་ནང་གི་ཐོག་ཟོན་གེགས་སེལ་གྱི་ལས་ཀའི་འགན་འཁུར་རྒྱུ། གནམ་གཤིས་གཙོ་འགན་ཚན་པ་བཙུགས་མེད་པའི་རྫོང(གྲོང་ཁྱེར་དང་ཆུད)ཁག་གི་ཐོག་ཟོན་གེགས་སེལ་ལས་དོན་ཁག་རིམ་པ་གཅིག་གིས་མཐོ་བའི་གནམ་གཤིས་གཙོ་འགན་ཚན་པ་ནས་འགན་འཁུར་རྒྱུ།
རིམ་ཁག་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་རང་རང་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་སུ་ཁྲིམས་ལྟར་ཐོག་ཟོན་གེགས་སེལ་གྱི་ལས་དོན་ཡག་པོ་སྒྲུབ་དགོས།
དོན་ཚན་དྲུག་པ། གནམ་གཤིས་གཙོ་འགན་ཚན་པས་ངེས་པར་དུ་ཐོག་ཟོན་གེགས་སེལ་གྱི་ལག་རྩལ་སྦྱོང་བརྡར་སྤྲོས་ཤུགས་ཆེ་རུ་གཏོང་དགོས་པ་དང་། ཐོག་ཟོན་གེགས་སེལ་བྱ་རྒྱུའི་ཐད་ཀྱི་ཚན་རྩལ་ཁྱབ་གདལ་དང་དྲིལ་བསྒྲགས་རྒྱ་ཁྱབ་སྤེལ་ནས་སྤྱི་དམངས་ཀྱི་ཐོག་ཟོན་དང་། ཐོག་ཉེན་གཡོལ་ཐབས། གནོད་འཚེ་སེལ་རྒྱུ་བཅས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་དགོས།
སློབ་གྲྭ་འབྲིང་ཆུང་གིས་ངེས་པར་དུ་ཐོག་ཟོན་གེགས་སེལ་གྱི་ཤེས་བྱ་དག་བདེ་འཇགས་སློབ་གསོའི་ནང་དོན་ཁོངས་སུ་བཅུག་སྟེ་སློབ་མའི་ཐོག་ཟོན་གྱི་བདེ་འཇགས་འདུ་ཤེས་ཟབ་ཏུ་དང་རང་སྐྱོབ་གཞན་སྐྱོབ་བྱེད་ནུས་ཆེ་རུ་གཏོང་དགོས།
དོན་ཚན་བདུན་པ། ཐོག་ཟོན་གེགས་སེལ་ཐད་ཀྱི་ཚན་རིག་ལག་རྩལ་ཞིབ་འཇུག་དང་གསར་སྤེལ་བྱ་རྒྱུར་རང་སྐྱོང་ལྗོངས་ནས་སྐུལ་ལྕག་དང་རྒྱབ་སྐྱོར་བྱ་རྒྱུ་དང་། ཐོག་ཟོན་ཐད་ཀྱི་ཚན་རྩལ་ཞིབ་འཇུག་འབྲས་བུ་ཁྱབ་གདལ་དང་བེད་སྤྱོད་བྱ་རྒྱུ། ཐོག་ཟོན་ཚད་ལྡན་ཅན་དུ་འགྱུར་བའི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་ཐོག་ཟོན་གྱི་ལག་རྩལ་ཆུ་ཚད་མཐོ་རུ་གཏོང་རྒྱུ།
ལེའུ་གཉིས་པ། ལྟ་ཞིབ་ཚད་ལེན་དང་། སྔོན་ཚུད་ཉེན་བརྡ། དེ་བཞིན་ཁྱབ་བསྒྲགས་བྱ་རྒྱུ།
དོན་ཚན་བརྒྱད་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གནམ་གཤིས་ཚན་པ་སོགས་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ནས་ལུགས་མཐུན་ཁྱབ་བཀོད་དང་། ཆ་འཕྲིན་མཉམ་སྤྱོད། ནུས་ལྡན་བེད་སྤྱོད་བཅས་ཀྱི་རྩ་དོན་གཞིར་བཟུང་། ཐོག་ཉེན་ལྟ་ཞིབ་ཚད་ལེན་གྱི་དྲ་བ་འཛུགས་དགོས།
དོན་ཚན་དགུ་པ། རིམ་ཁག་གནམ་གཤིས་གཙོ་འགན་ཚན་པས་ངེས་པར་དུ་ཐོག་གི་གནོད་འཚེ་འགོག་ཟོན་བྱ་རྒྱུའི་དགོས་མཁོ་ལྟར་ཐོག་ཉེན་ལ་ལྟ་ཞིབ་ཚད་ལེན་བྱེད་དགོས་པ་མ་ཟད། ཐོག་ཉེན་ལྟ་ཞིབ་ཚད་ལེན་གྱི་ཆ་འཕྲིན་དག་འབྲེལ་ཡོད་གནོད་འཚེ་འགོག་ཟོན་དང་རོགས་སྐྱོབ་སྡེ་ཚན་ལ་འཕྲལ་མར་མཁོ་འདོན་བྱེད་དགོས།
དོན་ཚན་བཅུ་པ། རིམ་ཁག་གནམ་གཤིས་གཙོ་འགན་ཚན་པས་ངེས་པར་དུ་ཐོག་གི་གནོད་འཚེའི་ཐད་ཀྱི་སྔོན་ཚུད་ཉེན་བརྡའི་མ་ལག་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་སྟེ། སྔོན་ཚུད་ཉེན་བརྡ་དང་ཐོག་ཟོན་གེགས་སེལ་ཐད་ཀྱི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་དགོས།
དོན་ཚན་བཅུ་གཅིག་པ། རིམ་ཁག་གནམ་གཤིས་གཙོ་འགན་ཚན་པས་ངེས་པར་དུ་རང་སྲིད་འཛིན་ས་ཁོངས་ནང་གི་ཐོག་རྒྱག་ཚད་ལ་གཞིགས་ནས་ཐོག་ཉེན་ཡོང་སླ་བའི་ཁུལ་དབྱེ་དགོས་པ་དང་། སྤྱི་ཚོགས་ཐོག་ཁྱབ་བསྒྲགས་བྱེད་དགོས།
དོན་ཚན་བཅུ་གཉིས་པ། ཐོག་གི་གནོད་འཚེའི་སྔོན་བརྡ་དང་། ཉེན་བརྡ། སྔོན་ཚུད་ཉེན་བརྡ་བཅས་ཀྱི་འཕྲིན་བརྡ་དག་གནམ་གཤིས་གཙོ་འགན་ཚན་པའི་ཁོངས་གཏོགས་ཀྱི་གནམ་དཔྱད་ས་ཚུགས་ནས་གཅིག་གྱུར་ཐོག་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱེད་དགོས་པ་ལས། དེ་མིན་གྱི་རྩ་འཛུགས་དང་མི་སྒེར་སུ་ཞིག་གིས་ཀྱང་སྤྱི་ཚོགས་ལ་ཐོག་གི་གནོད་འཚེའི་སྔོན་བརྡ་དང་། ཉེན་བརྡ། སྔོན་ཚུད་ཉེན་བརྡ་བཅས་ཀྱི་འཕྲིན་བརྡ་གཏོང་མི་ཆོག
ལེའུ་གསུམ་པ། ཐོག་ཟོན་ལས་གྲྭ།
དོན་ཚན་བཅུ་གསུམ་པ། རིགས་ཁག་གི་ཨར(བཟོ)སྐྲུན་དངོས་པོ་དང་། གནས་ཡུལ། དེ་བཞིན་སྒྲིག་བཀོད་བཅས་ལ་ཐོག་ཉེན་འགོག་ཟོན་སྒྲིག་ཆས་བསྒར་སྒྲིག་བྱེད་དགོས་པ་མ་ཟད་ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཐོག་འགོག་ཚད་གཞིའི་གཏན་འབེབས་དང་མཐུན་དགོས། གསར་སྐྲུན་དང་། བསྐྱར་བཟོ། རྒྱས་སྐྲུན་བཅས་བྱེད་པའི་ཨར(བཟོ)སྐྲུན་དངོས་པོ་དང་། གནས་ཡུལ། དེ་བཞིན་སྒྲིག་བཀོད་བཅས་ལ་བསྒར་སྒྲིག་བྱས་པའི་ཐོག་ཉེན་འགོག་ཟོན་སྒྲིག་ཆས་དེ་དག་ངེས་པར་དུ་གཙོ་གཞིའི་ལས་གྲྭ་དང་དུས་མཉམ་དུ་ཇུས་འགོད་བྱེད་པ་དང་། དུས་མཉམ་དུ་ལས་འགོ་འཛུགས་པ། དུས་མཉམ་དུ་བེད་སྤྱོད་གཏོང་བ་བཅས་བྱེད་དགོས།
གསར་སྐྲུན་དང་། བསྐྱར་བཟོ། རྒྱས་སྐྲུན་བཅས་ཀྱི་འཛུགས་སྐྲུན་ལས་གྲྭའི་ཐོག་ཉེན་འགོག་ཟོན་སྒྲིག་ཆས་ཇུས་འགོད་དང་ལས་འགོ་འཛུགས་སྐབས་བབ་མཚུངས་ཀྱི་འཛུགས་སྐྲུན་དང་། གཞུང་ལམ། ཆུ་ལམ། ལྕགས་ལམ། དམངས་སྤྱོད་མཁའ་འགྲུལ། ཆུ་བེད། གློག་ཤུགས། འཕྲིན་གཏོང་སོགས་ཆེད་ལས་ལས་གྲྭའི་ཇུས་འགོད་དང་ཨར་ལས་ཀྱི་འོས་ཐོབ་ལྡན་པའི་ཚན་པས་འགན་འཁུར་ཆོག
སྣུམ་མཛོད་དང་། རླངས་མཛོད། རྫས་མདེལ་མཛོད། རྫས་འགྱུར་དངོས་རྫས་མཛོད་ཁང་། ཤོག་སྦག རྡོ་སྣུམ་རྫས་འགྱུར་སོགས་འབར་གས་སླ་བའི་འཛུགས་སྐྲུན་ལས་གྲྭ་དང་འཛུགས་སྐྲུན་བྱེད་ས། ཐོག་ཐོན་མང་བའི་ས་ཁོངས་ཀྱི་གཏེར་ཁུལ་དང་། ཡུལ་སྐོར་མཛེས་ལྗོངས་ཁུལ་ལམ་ཡང་ན་སྤྱོད་འགོ་ཚུགས་པའི་ཨར(བཟོ)སྐྲུན་དངོས་པོ་དང་སྒྲིག་བཀོད་སོགས་ལ་ཐོག་ཉེན་འགོག་ཟོན་སྒྲིག་ཆས་ལོགས་སུ་བསྒར་སྒྲིག་བྱེད་དགོས་པ། དེ་བཞིན་ཐོག་གི་ཉེན་ཁ་ཆེན་པོ་ལྡན་ཡང་ཐོག་འགོག་ཚད་གཞི་ཚད་ལྡན་མེད་པར་དམིགས་བསལ་གྱི་རིགས་པས་ཁུངས་སྐྱེལ་བྱེད་དགོས་པའི་རྣམ་གྲངས་ཆེ་གྲས་བཅས་ཀྱི་ཐོག་ཉེན་འགོག་ཟོན་སྒྲིག་ཆས་ཇུས་འགོད་བྱས་ཚུལ་ལ་ཞིབ་དཔྱད་དང་ལས་མཇུག་བསྒྲིལ་བའི་ཞིབ་བཤེར་རྩིས་ལེན་བྱེད་འགན་ནི་རྫོང་རིམ་པ་ཡན་གྱི་གནམ་གཤིས་གཙོ་འགན་ལས་ཁུངས་ཀྱིས་འཁུར་དགོས། ཇུས་འགོད་ལ་ཞིབ་དཔྱད་བྱས་མེད་པའམ་ཡང་ན་ཇུས་འགོད་ལ་ཞིབ་དཔྱད་བྱས་ནས་ཚད་གཞི་མ་ལོན་པའི་རིགས་ཨར་ལས་བྱེད་མི་ཆོག ལས་མཇུག་བསྒྲིལ་ནས་ཞིབ་བཤེར་རྩིས་ལེན་བྱས་མེད་པའམ་ཡང་ན་ལས་མཇུག་བསྒྲིལ་ནས་ཞིབ་བཤེར་རྩིས་ལེན་བྱས་ཏེ་ཚད་གཞི་མ་ལོན་པའི་རིགས་བེད་སྤྱོད་བྱ་རྒྱུར་རྩིས་སྤྲོད་བྱེད་མི་ཆོག
ཁང་པའི་བཟོ་སྐྲུན་དང་། གྲོང་སྲིད་ཀྱི་རྨང་གཞིའི་སྒྲིག་བཀོད། གཞུང་ལམ། ཆུ་ལམ། ལྕགས་ལམ། དམངས་སྤྱོད་མཁའ་འགྲུལ། ཆུ་བེད། གློག་ཤུགས། འཕྲིན་གཏོང་སོགས་འཛུགས་སྐྲུན་ལས་གྲྭའི་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་བབ་མཚུངས་ཁྱབ་ཁོངས་ནང་གི་འཛུགས་སྐྲུན་ལས་གྲྭའི་ཐོག་འགོག་དོ་དམ་བྱེད་འགན་འཁུར་དགོས།
དོན་ཚན་བཅུ་བཞི་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་གནམ་གཤིས་གཙོ་འགན་ཚན་པ། དེ་བཞིན་འབྲེལ་ཡོད་སྡེ་ཚན་བཅས་ཀྱིས་ངེས་པར་དུ་ཕྱོགས་བསྡུས་བྱ་ཐབས་སྤྱད་དེ་ཞིང་འབྲོག་ཁུལ་གྱི་མང་ཚོགས་ལ་ཐོན་སྐྱེད་དང་འཚོ་བའི་ཁྲོད་ཀྱི་ཐོག་ཟོན་ཤེས་བྱ་དང་ཐོག་གཡོལ་བྱ་ཐབས་ཀྱི་དྲིལ་བསྒྲགས་སློབ་གསོ་སྤེལ་ཤུགས་ཆེ་རུ་བཏང་སྟེ་ཞིང་འབྲོག་མང་ཚོགས་ཀྱི་ཐོག་ཟོན་གེགས་སེལ་གྱི་འདུ་ཤེས་ཟབ་ཏུ་གཏོང་དགོས།
སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་ཞིང་འབྲོག་ཁུལ་གྱི་སྡོད་ཁང་འཛུགས་སྐྲུན་གྱི་ཐོག་འགོག་བདེ་འཇགས་བེད་སྤྱོད་ལག་རྩལ་གྱི་ཚད་གཞི་ཁྱབ་གདལ་གཏོང་དགོས། ཞིང་འབྲོག་མང་ཚོགས་འདུས་སྡོད་ཁུལ་ལ་ཐོག་ཉེན་འགོག་ཟོན་སྒྲིག་ཆས་བསྒར་སྒྲིག་བྱ་རྒྱུའི་མཛུབ་ཁྲིད་བྱེད་དགོས་པ་མ་ཟད་འབྲེལ་ཡོད་ཞབས་ཞུ་ཡང་སྒྲུབ་དགོས།
དོན་ཚན་བཅོ་ལྔ་པ། ཐོག་ཟོན་ཐོན་རྫས་ཕྱིར་འཚོང་དང་བེད་སྤྱོད་བྱེད་སྐབས་ངེས་པར་དུ་རྒྱལ་ཁབ་ཀྱི་ཚད་གཞི་དང་མཐུན་དགོས་ཁར། ཐོན་རྫས་ཀྱི་ཚད་ལོན་དཔང་ཡིག་དང་བེད་སྤྱོད་བྱེད་སྟངས་ཀྱི་གསལ་བཤད་ཡི་གེ་ཡང་འདོན་དགོས།
ཚད་གཞི་དང་མི་མཐུན་པའི་ཐོག་ཟོན་ཐོན་རྫས་རིགས་ཐོན་སྐྱེད་དང་། ཕྱིར་ཚོང་། བསྒར་སྒྲིག བེད་སྤྱོད་བཅས་བྱེད་མི་ཆོག
ལེའུ་བཞི་པ། ཐོག་ཉེན་འགོག་ཟོན་སྒྲིག་ཆས་ཞིབ་དཔྱད་ཚད་ལེན།
དོན་ཚན་བཅུ་དྲུག་པ། ཐོག་ཉེན་འགོག་ཟོན་སྒྲིག་ཆས་ལ་ངེས་པར་དུ་ལོ་ལྟར་ཞིབ་དཔྱད་ཚད་ལེན་ཐེངས་རེ་བྱེད་དགོས་པ་དང་། འབར་གས་སླ་བའི་ཁུལ་དང་། གཙོ་གནད་རིག་དངོས་གནའ་ཤུལ། འཕྲིན་གཏོང་དང་རླུང་འཕྲིན་བརྙན་འཕྲིན་གྱི་སྒྲིག་ཆས་བཅས་ཀྱི་ཐོག་ཉེན་འགོག་ཟོན་སྒྲིག་ཆས་ལ་ངེས་པར་དུ་ལོ་ཕྱེད་ནང་ཞིབ་དཔྱད་ཚད་ལེན་ཐེངས་རེ་བྱེད་དགོས། ལས་རིགས་ཀྱི་ཚད་གཞིར་དམིགས་བསལ་གཏན་འབེབས་ཡོད་ན་གཏན་འབེབས་དེ་བཞིན་ལག་བསྟར་བྱེད་དགོས།
དོན་ཚན་བཅུ་བདུན་པ། ཐོག་ཉེན་འགོག་ཟོན་སྒྲིག་ཆས་ལ་ངེས་པར་དུ་ཐོག་ཟོན་ཞིབ་དཔྱད་ཚད་ལེན་གྱི་འོས་ཐོབ་ཡོད་པའི་ཞིབ་དཔྱད་ཚད་ལེན་ཚན་པས་ཞིབ་དཔྱད་ཚད་ལེན་བྱེད་དགོས།
ཐོག་ཉེན་འགོག་ཟོན་སྒྲིག་ཆས་ཞིབ་དཔྱད་ཚད་ལེན་ལས་ཁུངས་ཀྱིས་ཐོག་ཉེན་འགོག་ཟོན་སྒྲིག་ཆས་ལ་ཞིབ་དཔྱད་ཚད་ལེན་བྱས་རྗེས་ངེས་པར་དུ་ཞིབ་དཔྱད་ཚད་ལེན་གྱི་སྙན་ཞུ་འདོན་དགོས། ཞིབ་དཔྱད་ཚད་ལེན་བྱེད་རིམ་ནང་ཐོག་ཉེན་འགོག་ཟོན་སྒྲིག་ཆས་ཐད་བདེ་འཇགས་ལ་གནོད་པའི་མངོན་མེད་རྐྱེན་རྩ་ཡོད་པ་ཤེས་ཚེ་ངེས་པར་དུ་ཞིབ་དཔྱད་ཚད་ལེན་བྱ་ཡུལ་ཚན་པར་དུས་ཐོག་ཏུ་བརྡ་ཐོ་གཏོང་དགོས། ཞིབ་དཔྱད་ཚད་ལེན་བྱ་ཡུལ་ཚན་པས་དུས་ཐོག་ཏུ་བཅོས་སྒྲིག་བྱེད་དགོས་པ་མ་ཟད། བཅོས་སྒྲིག་བྱས་ཚུལ་འབྲེལ་ཡོད་སྡེ་ཚན་ལ་སྙན་སེང་ཞུ་དགོས།
ཐོག་ཉེན་འགོག་ཟོན་སྒྲིག་ཆས་ཀྱི་ཞིབ་དཔྱད་ཚད་ལེན་ཚན་པས་ངེས་པར་དུ་ཞིབ་གཏན་འཁེལ་བའི་ཞིབ་དཔྱད་ཚད་ལེན་གྱི་རྣམ་གྲངས་དང་། ཁྱབ་ཁོངས། དེ་བཞིན་ཐོག་ཟོན་ལག་རྩལ་ལྡན་ཚད་དང་ལག་རྩལ་གྱི་ཚད་གཞི་བཅས་ལ་གཞིགས་ཏེ་ཞིབ་དཔྱད་ཚད་ལེན་ལས་དོན་སྤེལ་དགོས། ཐོག་ཉེན་འགོག་ཟོན་སྒྲིག་ཆས་ལ་ཞིབ་དཔྱད་ཚད་ལེན་བྱས་པའི་སྙན་ཞུ་དེ་ངེས་པར་དུ་བདེན་ཐུབ་དང་ཁུངས་འཕེར་ཞིག་ཡིན་དགོས།
དོན་ཚན་བཅོ་བརྒྱད་པ། ཐོག་ཉེན་འགོག་ཟོན་སྒྲིག་ཆས་སྤྱོད་མཁན་ཚན་པས་ངེས་པར་དུ་ཐོག་ཟོན་བདེ་འཇགས་ཀྱི་དོ་དམ་ལམ་ལུགས་བཟོ་དགོས་པ་མ་ཟད། རྒྱལ་ཁབ་ཀྱི་ཐོག་ཟོན་ལག་རྩལ་ཚད་གཞིའི་བླང་བྱ་ལྟར་རྒྱུན་གཏན་ནས་བདག་སྐྱོང་ལས་དོན་ཡག་པོ་སྒྲུབ་དགོས།
དོན་ཚན་བཅུ་དགུ་པ། རྫོང་རིམ་པ་ཡན་གྱི་གནམ་གཤིས་གཙོ་འགན་ཚན་པས་ཐོག་ཟོན་ཞིབ་དཔྱད་ཚད་ལོན་ལས་དོན་ལ་ལྟ་སྐུལ་དོ་དམ་བྱེད་འགན་འཁུར་དགོས་པ་མ་ཟད། དུས་བཅད་ཀྱིས་ཞིབ་བཤེར་ཡང་བྱེད་དགོས།
ལེའུ་ལྔ་པ། ཐོག་གི་གནོད་འཚེ་བརྟག་དཔྱད་དང་འཕྲལ་སྡོམ་རོགས་སྐྱོབ།
དོན་ཚན་ཉི་ཤུ་པ། རིམ་ཁག་གནམ་གཤིས་གཙོ་འགན་ཚན་པས་ངེས་པར་དུ་དུས་བཅད་ཐོག་དེ་ག་སྲིད་འཛིན་ས་ཁོངས་ནང་བྱུང་བའི་ཐོག་གི་གནོད་འཚེའི་གནས་ཚུལ་བསྡོམས་རྩིས་དང་དབྱེ་ཞིབ་བྱེད་དགོས་པ་མ་ཟད། ས་ཁུལ་དེ་གའི་མི་དམངས་སྲིད་གཞུང་དང་རིམ་པ་གོང་མའི་གནམ་གཤིས་གཙོ་འགན་ཚན་པར་སྙན་སེང་ཞུ་དགོས།
དོན་ཚན་ཉེར་གཅིག་པ། རིམ་ཁག་གནམ་གཤིས་གཙོ་འགན་ཚན་པས་ངེས་པར་དུ་ཐོག་གི་གནོད་འཚེར་འཕྲལ་མར་བརྟག་དཔྱད་དང་དཔྱད་འདོམས་བྱེད་དགོས་པ་དང་། ཐོག་གི་གནོད་འཚེའི་བྱུང་རྐྱེན་དང་ངོ་བོ་ཞིབ་རྩད་གཙང་ཆོད་བྱས་ཏེ་དེ་མཐུན་གྱི་བཅོས་སྒྲིག་བྱ་ཐབས་འདོན་དགོས། བརྟག་དཔྱད་དང་དཔྱད་འབེབས་བྱས་པའི་སྙན་ཞུ་དེ་རིམ་མཚུངས་མི་དམངས་སྲིད་གཞུང་དང་གོང་རིམ་གནམ་གཤིས་གཙོ་འགན་ཚན་པར་སྙན་སེང་ཞུ་དགོས།
དོན་ཚན་ཉེར་གཉིས་པ། ཐོག་གི་གནོད་འཚེ་ཕོག་མཁན་དང་དེ་དོན་ཤེས་རྟོགས་བྱུང་མཁན་ཚན་པ་དང་མི་སྒེར་གྱིས་ངེས་པར་དུ་ས་ཁུལ་དེ་གའི་མི་དམངས་སྲིད་གཞུང་ངམ་ཡང་ན་གནམ་གཤིས་གཙོ་འགན་ཚན་པར་འཕྲལ་མར་སྙན་སེང་ཞུ་དགོས་པ་མ་ཟད། ས་ཁུལ་དེ་གའི་གནམ་གཤིས་གཙོ་འགན་ཚན་པ་ནས་ཐོག་གི་གནོད་འཚེའི་གནས་ཚུལ་བརྟག་དཔྱད་བྱེད་པར་གཞོགས་འདེགས་ཀྱང་བྱེད་དགོས།
རིམ་ཁག་གནམ་གཤིས་གཙོ་འགན་ཚན་པས་ངེས་པར་དུ་གཏན་འབེབས་གཞིར་བཟུང་ས་ཁུལ་དེ་གའི་མི་དམངས་སྲིད་གཞུང་དང་གོང་རིམ་གནམ་གཤིས་གཙོ་འགན་ཚན་པར་ཐོག་གི་གནོད་འཚེའི་གནས་ཚུལ་དུས་ཐོག་ཏུ་ཞུ་དགོས་པ་ལས། གསང་ནས་མི་ཞུ་བ་དང་རྫུན་ཞུ་བྱེད་པའམ་ཡང་ན་ཞུ་འགྱངས་བྱེད་མི་ཆོག
དོན་ཚན་ཉེར་གསུམ་པ། ཐོག་གི་གནོད་འཚེ་བྱུང་སའི་མི་དམངས་སྲིད་གཞུང་དང་གནམ་གཤིས་གཙོ་འགན་ཚན་པར་ཐོག་གི་གནོད་འཚེའི་སྙན་ཞུ་འབྱོར་རྗེས་ངེས་པར་དུ་འཕྲལ་མར་བྱ་ཐབས་སྤེལ་དགོས་པ་དང་། འཕྲལ་སྡོམ་རོགས་སྐྱོབ་ཀྱི་སྔོན་ཇུས་སྤེལ་འགོ་ཚུགས་ཏེ་འཕྲལ་སྡོམ་རོགས་སྐྱོབ་བྱ་རྒྱུ་སྒྲིག་འཛུགས་བྱེད་དགོས།
འབྲེལ་ཡོད་སྡེ་ཚན་དང་། ཚན་པ། མི་སྒེར་བཅས་ཀྱིས་ངེས་པར་དུ་ཐོག་གི་གནོད་འཚེའི་རོགས་སྐྱོབ་ལས་ཀར་གཞོགས་འདེགས་བྱས་ནས་དེར་སྟབས་བདེ་སྐྲུན་དགོས།
ལེའུ་དྲུག་པ། བཅའ་ཁྲིམས་ཀྱི་འགན་འཁྲི།
དོན་ཚན་ཉེར་བཞི་པ། སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་ནས་རང་དགར་སྤྱི་ཚོགས་སུ་ཐོག་གི་གནོད་འཚེའི་སྐོར་གྱི་སྔོན་བརྡ་དང་། ཉེན་བརྡ། སྔོན་ཚུད་ཉེན་བརྡ་བཅས་ཀྱི་འཕྲིན་བརྡ་བཏང་རིགས་ལ་རྫོང་རིམ་པ་ཡན་གྱི་གནམ་གཤིས་གཙོ་འགན་ཚན་པས་ཡོ་བསྲང་བྱེད་དུ་འཇུག་རྒྱུ་མ་ཟད། ཐ་ཚིག་སྒྲོག་པ་དང་སྦྲགས་སྒོར་ཁྲི་5མན་གྱི་དངུལ་ཆད་གཅོད་ཆོག་པ་དང་། བདེ་འཇགས་དོ་དམ་དང་འགལ་བའི་བྱེད་སྤྱོད་ཡོད་རིགས་ལ་ཁྲིམས་བཞིན་ཆད་པ་གཅོད་རྒྱུ།
དོན་ཚན་ཉེར་ལྔ་པ། སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་བའི་གཤམ་གསལ་གྱི་བྱེད་སྤྱོད་གང་ཞིག་ཡོད་རིགས་ལ་རྫོང་རིམ་ཡན་གྱི་གནམ་གཤིས་གཙོ་འགན་ཚན་པའམ་ཡང་ན་འབྲེལ་ཡོད་སྡེ་ཚན་གཞན་དག་གིས་འགན་འཁྲི་ཁག་བགོས་གཞིར་བཟུང་ཡོ་བསྲང་བྱེད་དུ་འཇུག་རྒྱུ་མ་ཟད། ཐ་ཚིག་སྒྲོག་པ་དང་སྦྲགས་སྒོར་ཁྲི་1ཡན་ནས་སྒོར་ཁྲི་3མན་གྱི་དངུལ་ཆད་གཅོད་ཆོག་པ་དང་། མི་གཞན་ལ་གྱོང་གུན་བཟོས་ན་ཁྲིམས་ལྟར་གུན་གསབ་འཇལ་འགན་འཁུར་དགོས་པ་སྟེ།
(གཅིག) ཐོག་ཉེན་འགོག་ཟོན་སྒྲིག་ཆས་བསྒར་དགོས་ཀྱང་བསྒར་མེད་པའི་རིགས་དང་།
(གཉིས) ཞིབ་དཔྱད་ཚད་ལེན་ལ་དང་ལེན་མི་བྱེད་པའམ་ཡང་ན་ཞིབ་དཔྱད་ཚད་གཞི་ལོན་མེད་པའི་ཁར་བཅོས་སྒྲིག་ཀྱང་མ་བྱས་པའི་རིགས་སོ། །
དོན་ཚན་ཉེར་དྲུག་པ། སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་བའི་གཤམ་གསལ་བྱེད་སྤྱོད་གང་ཞིག་ཡོད་རིགས་ལ་རྫོང་རིམ་པ་ཡན་གྱི་གནམ་གཤིས་གཙོ་འགན་ཚན་པར་ཁྲིམས་འགལ་བྱེད་སྤྱོད་མཚམས་འཇོག་བྱེད་དུ་འཇུག་དགོས་པ་དང་སྦྲགས་སྒོར་ཁྲི་5ཡན་ནས་སྒོར་ཁྲི་10མན་གྱི་དངུལ་ཆད་གཅོད་རྒྱུ་དང་། ཁྲིམས་འགལ་གྱི་ཐོབ་ཆ་ཡོད་རིགས་གཞུང་བཞེས་གཏོང་རྒྱུ། མི་གཞན་ལ་གྱོང་གུན་བཟོས་ན་ཁྲིམས་ལྟར་གུན་གསབ་འཇལ་འགན་འཁུར་རྒྱུ་སྟེ།
(གཅིག) འོས་ཐོབ་མེད་པའམ་ཡང་ན་འོས་ཐོབ་ཀྱི་ཆོག་འཐུས་ཁྱབ་ཁོངས་ལས་བརྒལ་ནས་ཐོག་ཉེན་འགོག་ཟོན་སྒྲིག་ཆས་ལ་ཞིབ་དཔྱད་ཚད་ལེན་བྱས་པའི་རིགས་དང་།
(གཉིས) ཐོག་ཉེན་འགོག་ཟོན་སྒྲིག་ཆས་ཇུས་འགོད་བྱེད་སྐབས་ཁྲིམས་བཞིན་ངེས་པར་དུ་ས་གནས་དེ་གའི་གནམ་གཤིས་གཙོ་འགན་ལས་ཁུངས་ཀྱིས་ཞིབ་དཔྱད་བྱེད་དགོས་པ་དང་། ཞིབ་དཔྱད་བྱས་མེད་པའམ་ཡང་ན་ཞིབ་དཔྱད་ཀྱི་ཚད་མ་ལོན་པར་རང་དགར་ཨར་སྐྲུན་བྱས་པའི་རིགས།
(གསུམ) ཐོག་ཉེན་འགོག་ཟོན་སྒྲིག་ཆས་བསྒར་སྒྲིག་བྱེད་སྐབས་ཁྲིམས་བཞིན་ངེས་པར་དུ་ས་གནས་དེ་གའི་གནམ་གཤིས་གཙོ་འགན་ལས་ཁུངས་ཀྱིས་ལས་མཇུག་བསྒྲིལ་བའི་ཞིབ་བཤེར་རྩིས་ལེན་བྱེད་དགོས་པ་དང་། ལས་མཇུག་བསྒྲིལ་བའི་ཞིབ་བཤེར་རྩིས་ལེན་བྱས་མེད་པའམ་ཡང་ན་ལས་མཇུག་བསྒྲིལ་བའི་ཞིབ་བཤེར་རྩིས་ལེན་གྱི་ཚད་གཞི་མ་ལོན་པར་རང་དགར་བེད་སྤྱོད་བྱས་རིགས་བཅས་སོ།
དོན་ཚན་ཉེར་བདུན་པ། གནམ་གཤིས་གཙོ་འགན་ཚན་པའི་ལས་དོན་མི་སྣས་ཐོག་ཟོན་ལས་ཀའི་ཁྲོད་རང་འགན་སྣང་མེད་དུ་བཏང་བ་དང་། འགན་དབང་གང་བྱུང་དུ་སྤྱད་པ། ཉེར་ཕྱོགས་གཡོ་ཟོལ་བྱས་པ་བཅས་ལས་ཐོག་གི་གནོད་འཚེ་ཚབས་ཆེན་ཐོན་རིགས་ལ། རང་གནས་སའི་ཚན་པའམ་ཡང་ན་གོང་རིམ་གཙོ་འགན་ཚན་པས་ཁྲིམས་ལྟར་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུ་དང་། ཉེས་གསོག་གི་དོགས་པ་ཡོད་རིགས། ཁྲིམས་འཛིན་ཚན་པས་ཐག་གཅོད་པར་རྩིས་སྤྲོད་བྱ་རྒྱུ།
དོན་ཚན་ཉེར་བརྒྱད་པ། སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་བའི་བྱེད་སྤྱོད་རིགས་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱིས་ཆད་གཅོད་གཏན་འབེབས་ཡོད་ན་གཏན་འབེབས་དེ་བཞིན་ལག་བསྟར་བྱ་རྒྱུ།
ལེའུ་བདུན་པ། ཞར་བྱུང་།
དོན་ཚན་ཉེར་དགུ་པ། སྲོལ་ཡིག་འདིའི་ནང་བརྗོད་པའི་ཐོག་ཟོན་ལས་གྲྭ་ཞེས་པ་ནི་རྩད་ཞིབ་ཇུས་འགོད་དང་ཐོག་ཉེན་འགོག་ཟོན་སྒྲིག་ཆས་བསྒར་སྒྲིག་བྱས་པ་བརྒྱུད་དེ་ཐོག་གི་གནོད་འཚེ་འགོག་ཟོན་བྱེད་པའི་ལས་གྲྭ་དངོས་ལ་ཟེར།
སྲོལ་ཡིག་འདིའི་ནང་བརྗོད་པའི་ཐོག་ཉེན་འགོག་ཟོན་སྒྲིག་ཆས་ཞེས་པ་ནི་གློག་འཁྱུག་བསྡུ་ཆས་དང་། ཐོག་འདྲེན་འོག་སྐུད། ས་མཐུད་སྒྲིག་ཆས། གློག་འཚང་སྲུང་ཆས་བཅས་དང་དེ་དག་གི་གློག་རྒྱུན་འབྲེལ་མཐུད་སོགས་ལས་གྲུབ་ཡོད་ཅིང་། ཐོག་གི་གནོད་འཚེ་འགོག་ཟོན་བྱེད་པར་སྤྱོད་རྒྱུའི་སྒྲིག་བཀོད་དམ་ཡང་ན་མ་ལག་ལ་ཟེར།
དོན་ཚན་སུམ་ཅུ་པ། སྲོལ་ཡིག་འདི་2015ལོའི་ཟླ་4ཚེས་1ཉིན་ནས་བཟུང་ལག་བསྟར་བྱེད་ཀྱི་ཡོད།
འབྲེལ་ཡོད་གསར་འགྱུར།