དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ལིའུ་ཅང་གིས་གཞིས་རྩེར་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-12

    ཟླ་11ཚེས་5ནས་7ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་གིས་གཞིས་རྩེ་གྲོང་ཁྱེར་གྱི་ལྷ་རྩེ་རྫོང་དང་། ངམ་རིང་རྫོང་། གཉའ་ནང་རྫོང་། ས་སྐྱ་རྫོང་། ཁང་དམར་རྫོང་བཅས་སུ་ཕེབས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་གཞི་རིམ་གྱི་ལས་བྱེད་པ་དང་། མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ། དགེ་རྒན་དང་སློབ་མ། དགོན་སྡེའི་གྲྭ་བཙུན་བཅས་དང་སྤེལ་རེས་གཏིང་ཟབ་གནང་ནས་འབྲེལ་ཡོད་ལས་དོན་ལ་བརྟག་ཞིབ་དང་སྐུལ་འདེད་བཏང་བ་རེད།

    ལིའུ་ཅང་གིས་གཉའ་ནང་རྫོང་ཡར་སླེབས་ཤང་ཡར་སླེབས་གྲོང་ཚོ་དང་ནས་ལུང་ཤང་ལྟེ་བའི་སློབ་ཆུང་། ལྷ་རྩེ་རྫོང་གཞིས་ཆེན་ཤང་མདོ་མ་གྲོང་ཚོ། ས་སྐྱ་རྫོང་ཚ་རོང་ཤང་ལ་གཞོང་གྲོང་ཚོ་སོགས་སུ་ཕེབས་ནས། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་། ཐོན་ལས་འཕེལ་རྒྱས། སློབ་གསོ་འཕེལ་རྒྱས། གེགས་རྗེས་སླར་གསོ་བསྐྱར་སྐྲུན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། ལས་དོན་སྒྲུབ་པ་དེ་མང་ཚོགས་ཀྱི་བློ་ལ་བབས་པར་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱམས་བརྩེའི་ཐུགས་ཁུར་དུས་དང་རྣམ་པ་ཀུན་ཏུ་བློ་ལ་བརྟན་པོར་བཅངས་ཏེ་ནམ་ཡང་ཏང་གི་བཀའ་ལ་ཉན་པ་དང་།ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་པར་སློབ་གསོ་ཁྲིད་སྟོན་བྱེད་དགོས། ཡུལ་བབ་དང་བསྟུན་ནས་དམངས་ཕྱུག་གི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་སྐུལ་འདེད་ཏན་ཏིག་གཏོང་བ། ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ལེགས་སུ་འགྲོ་བར་བྱེད་དགོས། སྤྱོད་བརྟེན་མི་སྐྱོང་གི་གཞི་རྩའི་ལས་འགན་མཐའ་འཁྱོངས་ཀྱིས་བསམ་བློ་ཆབ་སྲིད་སློབ་ཚན་གྱི་དམིགས་སའི་རང་བཞིན་དང་ཡིད་དབང་འགུག་ནུས་ཆེ་རུ་བཏང་སྟེ་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་ཧུར་ཐག་བྱེད་དགོས་ཞེས་གསུངས་པ་རེད།

    ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་དང་། འགྲམ་འགག་སྒོ ཉེན་དོན་ཁང་བཅས་སུ་བརྟག་ཞིབ་གནང་སྐབས། ལིའུ་ཅང་གིས་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས་བྱེད་པ། སྤྱི་ཚོགས་བཅོས་སྐྱོང་གི་རྨང་གཞི་མུ་མཐུད་བརྟན་དུ་གཏོང་བ། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་གྱི་འཛུགས་སྐྱོང་གཏིང་ཟབ་ཏུ་གཏོང་བ། སྤྱི་ཚོགས་བདེ་འཇགས་ཀྱི་སྤྱི་ཡོངས་སྔོན་འགོག་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། ཉེན་ཁའི་མངོན་མེད་རྐྱེན་ངན་འགོག་ཟོན་དང་སེལ་རྒྱུར་ཤུགས་སྣོན་རྒྱག་པ། སེམས་ནུས་ཡོད་རྒུས་མང་ཚོགས་ལ་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བཅས་བྱས་ཏེ་སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་གི་རྣམ་པ་མུ་མཐུད་སྲ་བརྟན་དུ་གཏོང་དགོས་ཞེས་གསུངས་པ་རེད།

    ཕུན་ཚོགས་གླིང་ཆོས་སྡེ་དང་། རི་བོ་ཆེ་དགོན། ལྷས་ཞིང་དགོན། འདར་གྲང་མོ་ཆེ་དགོན། གནས་རྙིང་དགོན་བཅས་སུ་བརྟག་ཞིབ་གནང་སྐབས། ལིའུ་ཅང་གིས་རྒྱ་ཆེའི་ཆོས་ལུགས་ལས་རིགས་མི་སྣས“ཚད་གཞི་བཞིར”བརྩི་སྲུང་ནན་ཏན་ཞུ་བ་དང་། “འདུ་ཤེས་བཞིའི”སློབ་གསོ་གཏིང་ཟབ་སྤེལ་བ། དགོན་སྡེའི་རིག་དངོས་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པས་ཆོས་ལུགས་སྐོར་གྱི་སྲིད་ཇུས་ཁྲིམས་སྲོལ་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པོ་བྱས་ནས་ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་གསུངས་པ་རེད།

    བརྟག་ཞིབ་གནང་རིང་། ལིའུ་ཅང་གིས་རིམ་ཁག་སྡེ་ཚན་ཁག་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ཉེན་ཁ་སྔོན་འགོག་དང་། བདེ་འཇགས་འགན་ལེན། བརྟན་ལྷིང་སྲུང་སྐྱོང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་འཛུགས་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་ལེའུ་གསར་པ་རྩོམ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།