རེན་ཝེ་ཡིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།
ཚེས་7ཉིན་གྱི་སྔ་དྲོར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་ཡིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་སྟེ། ཟླ་བ་དང་པོ་ནས་བཅུ་པའི་བར་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་བཀོད་གཏོང་དང་། དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་དང་བརྡར་གཅོད། དུས་ཚིགས་བཞི་པའི་ལས་དོན་བཀོད་སྒྲིག་བཅས་གནང་བ་རེད།
རེན་ཝེ་ཡིས། ས་གནས་ཁག་དང་སྡེ་ཚན་ཁག་གིས་མིག་སྔའི་དཔལ་འབྱོར་གནས་བབ་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། མིག་སྔའི་དཔལ་འབྱོར་འཁོར་རྒྱུག་ཁྲོད་ཀྱི་མཐུན་རྐྱེན་བེད་སྤྱོད་གང་ལེགས་བྱེད་པ་དང་དམིགས་ཚད་ལ་དམ་པོར་དམིགས་ནས་ལོ་འཁོར་གྱི་དམིགས་ཚད་ལས་འགན་འབད་འབུངས་ཆེར་སྐྱེད་ཀྱིས་ལེགས་སྒྲུབ་བྱེད་དགོས། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་མྱུར་ཚད་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱས་ཏེ། དུས་བཀག་བཀོད་གཏོང་རྗེས་འདེད་ཡག་པོ་བྱས་ནས་མ་འཇོག་གི“གྲུ་རྡོའི”ནུས་པ་སྔར་བས་ཡག་པོ་འདོན་དགོས། འཛད་སྤྱོད་བརྟན་ཐོག་ཡར་འཕེལ་གྱི་འདེགས་སྐྱོར་རྒྱུ་རྐྱེན་རྒྱུན་མཐུད་སྔོག་འདོན་བྱས་ཏེ། སྲིད་ཇུས་ཀྱི་ནུས་ཕྱོད་འདོན་སྤེལ་དང“བཅུ་གཅིག་ཟུང”སོགས་མཚམས་ཚིགས་དང་ལོ་གསར་སོགས་དུས་ཆེན་ལ་དམིགས་ནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་སྤེལ་དགོས། ཁྱད་ལྡན་ཞིང་འབྲོག་དང་། ནུས་རྒྱུ་གཙང་མ། རིག་གནས་ཡུལ་སྐོར། ལྗང་མདོག་བཟོ་ལས་སོགས་གཙོ་གནད་ཐོན་ལས་ལེགས་སུ་འགྲོ་བའི་རྣམ་པ་རྒྱུན་མཐུད་སྲ་བརྟན་དུ་བཏང་སྟེ། གཙོ་གནད་ཐོན་ལས་བརྟན་པོའི་ངང་འཁོར་རྒྱུག་ཐུབ་པའི་འགན་ལེན་བྱེད་དགོས། ཞིང་འབྲོག་ལས་ཀྱི་སྲིད་ཇུས་རང་བཞིན་གྱི་ཁ་གསབ་ཁག་དོན་འཁྱོལ་གནད་སྨིན་བྱས་ཏེ། འབྲུ་ཉོ་སྒྲུབ་དང་ཕྱུགས་ཟོག་བཤས་གཏོང་སོགས་ཀྱི་ལས་དོན་རྒྱུན་མཐུད་ཡག་པོ་སྒྲུབ་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་དམར་ཐིག་དང་མཐའ་ཚད་དམ་པོར་བསྲུངས་ཏེ། རང་བྱུང་གནོད་འཚེའི་ཉེན་ཁ་དང་གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་རྒྱུན་མཐུད་བྱས་ནས། ལོ་མཇུག་དང་ལོ་འགོར་ལྗོངས་ཡོངས་ཀྱི་བདེ་འཇགས་གནས་བབ་རྒྱུན་མཐུད་བརྟན་པོ་ཡོང་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།