དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཀརྨ་ཚེ་བརྟན་གྱིས་བོད་ལྗོངས་སློབ་ཆེན་དུ་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཁྲིད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-11-07

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་ལྟར། ཟླ་11ཚེས་4ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་བོད་ལྗོངས་སློབ་ཆེན་དུ་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཁྲིད་གནང་ཞིང་། ཁོང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། གཙོ་འཛིན་གྱི་མངགས་བཅོལ་བློ་ལ་བརྟན་པོར་འཆང་བ་དང་། ཉམས་སད་ཐེག་ཐུབ་པའི་འཇོན་ཐང་ལ་ཞུན་བརྡར་གཏོང་བ། གཞོན་དུས་ཀྱི་བདག་དང་བརྩོན་དུས་ཀྱི་བདག་ལ་བརྟེན་པ་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་པ་དང་མཛེས་སྡུག་ལྡན་པའི་བོད་ཀྱི་ལེའུ་གསར་པ་རྩོམ་པར་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    ཀརྨ་ཚེ་བརྟན་གྱིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནི་རང་རྒྱལ་གྱིས“ལོ་ལྔ་ཚན་བཅུ་བཞི་པའི”དམིགས་ཚད་དང་ལས་འགན་གཙོ་བོ་རྒྱལ་ཁའི་ངང་ལེགས་འགྲུབ་བྱེད་གྲབས་ཡོད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཐོག་མངོན་འགྱུར་བྱེད་པར་རྨང་གཞི་བརྟན་གཏོང་དང་ཕྱོགས་ཡོངས་ནས་ཤུགས་འདོན་པའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་རེད། ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོའི》ནང་འབྱུང་འགྱུར་ལོ་ལྔའི་རིང་གི་འཕེལ་རྒྱས་ཐད་རྩེ་རིམ་ཇུས་འགོད་དང་འཐབ་ཇུས་འཆར་འགོད་བྱས་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་དྲིན་ཚོར་བ་དང་ནམ་ཡང་ཏང་གི་རྗེས་སུ་འབྲང་བའི་གདེང་ཚོད་ཆེ་རུ་དང་ཆོད་སེམས་བརྟན་དུ་ཏན་ཏིག་གཏོང་བ། “དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”ཤུགས་རྒྱག་པ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པ། དམ་འཛིན་དངོས་སྒྲུབ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་དོན་འཁྱོལ་ཡོང་བར་འགན་ལེན་བྱེད་དགོས།

    ཀརྨ་ཚེ་བརྟན་གྱིས་ནན་བཤད་གནང་དོན། བོད་ལྗོངས་སློབ་ཆེན་གྱིས་ཏང་གི་ཆེད་དུ་མི་སྣ་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་པ་སྐྱོང་བའི་འགན་འཁྲི་དང་ལས་འགན་གལ་ཆེན་ཕྲག་ཏུ་ཧུར་ཐག་འཁུར་ཏེ། ཚན་རྩལ་གསར་གཏོད་གལ་ཆེན་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ལ་དམིགས་ནས་མཉམ་དུ་མི་སྣ་གསོ་སྐྱོང་བྱེད་པ་དང་། ཚན་རིག་དང་མཐུན་པའི་ངང“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་འཕེལ་རྒྱས་ཀྱི་འཆར་གཞི་བཀོད་ནས། མཐོ་རིམ་སློབ་གསོའི་བྱ་གཞག་ཟམ་མི་ཆད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས།

    “རྒྱལ་ཁབ་ཀྱི་རེ་བ་གཞོན་ནུར་རག་ལས་ཡོད་ལ། མི་རིགས་ཀྱི་འབྱུང་འགྱུར་ཡང་གཞོན་ནུར་རག་ལས་ཡོད” ཀརྨ་ཚེ་བརྟན་གྱིས། སློབ་གྲོགས་ཚོས་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅིར་སློབ་སྦྱོང་དང་། སྤྱི་ཁྱབ་ཧྲུའུ་ཅིར་མིག་ལྟོས་བྱེད་པ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཟབ་སྦྱོང་མཐིལ་རྟོགས་བྱེད་པ། ནུས་པ་དང་འཇོན་ཐང་ལ་ཞུན་བརྡར་ཟམ་མི་ཆད་པར་བྱེད་པ། མི་སྒེར་གྱི“རང་གཅིག་པུ”དེ“རྒྱལ་ཁབ་འབྱོར་ཕྱུག་དང་། མི་རིགས་བསྐྱར་དར། མི་དམངས་བདེ་སྐྱིད”བཅས་མངོན་འགྱུར་བྱེད་པའི“ཐུན་མོང”ནང་མཉམ་འདྲེས་བཅས་བྱས་ཏེ། མི་རིགས་བསྐྱར་དར་ཆེད་མཐུན་རྐྱེན་བསྐྲུན་པ་དང་། མེས་རྒྱལ་འཛུགས་སྐྲུན་ཆེད་རང་ནུས་འདོན་པ། བོད་ཀྱི་འབྱུང་འགྱུར་ཆེད་རྨང་གཞི་འདིང་བ་བཅས་བྱས་ནས། ཕུགས་བསམ་དང་དད་སེམས་ཀྱི་དོན་འཁྱོལ་བ་དང་། མི་རིགས་མཐུན་སྒྲིལ་གྱི་སྐུལ་འདེད་པ། ཆབ་སྲིད་ཀྱི་གོ་རྟོགས་མཐོ་ཞིང་སློབ་ལ་བརྩོན་པའི་སློབ་སྦྱོང་བ། ས་མཐོར་གཞིས་ཚུགས་པའི་འབད་འཐབ་པ་བཅས་སུ་འགྱུར་བར་བརྩོན་ལེན་བྱེད་པའི་རེ་བ་ཡོད་ཅེས་གསུངས་པ་རེད།

    སློབ་ཚན་མ་འཚོགས་གོང་། ཀརྨ་ཚེ་བརྟན་སློབ་གྲྭའི་ལོ་རྒྱུས་ཁང་དང་། བོད་ཡིག་དཔེ་རྙིང་ཉར་ཚགས་ཁང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཞིབ་འཇུག་རྟེན་གཞི་བཅས་སུ་ཕེབས་ནས། སློབ་གྲྭའི་སློབ་གཉེར་ལོ་རྒྱུས་དང་། རིག་ཚན་འཛུགས་སྐྱོང་། ཚན་རིག་ཞིབ་འཇུག ཤེས་ལྡན་པ་གསོ་སྐྱོང་། རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།