ཀརྨ་ཚེ་བརྟན་གྱིས་ཀྲུང་གོ་ཤར་ཕྱོགས་གློག་ལས་ཚོགས་པ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཀྲང་ཡན་ཅུན་དང་བཞུགས་མོལ་གནང་བ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་ཉིང་ཁྲིར་ཀྲུང་གོ་ཤར་ཕྱོགས་གློག་ལས་ཚོགས་པ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཀྲང་ཡན་ཅུན་དང་བཞུགས་མོལ་གནང་སྟེ། དངོས་སྒྲུབ་མཉམ་ལས་སྔར་བས་ཟབ་ཏུ་བཏང་ནས་འཕེལ་རྒྱས་ཀྱི་ལེའུ་གསར་པར་མཉམ་ཇུས་བྱས་པ་རེད།
ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཀྲང་ཡན་ཅུན་དང་བཅས་པར་དགའ་བསུ་ཞུས་པ་དང་འབྲེལ་ཤར་ཕྱོགས་གློག་ལས་ཚོགས་པ་ཚད་ཡོད་ཀུང་སིས་བོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད།
ཀརྨ་ཚེ་བརྟན་གྱིས་བསྟན་དོན། བོད་ནི་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་གལ་ཆེན་ཞིག་ཡིན་པས། འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ཡོད། མིག་སྔར། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་བཞིན་ཡོད། ཤར་ཕྱོགས་གློག་ལས་ཚོགས་པས་རང་ངོས་ཀྱི་ལེགས་ཆ་གང་ལེགས་བཏོན་ཏེ། བོད་ཀྱི་དགོས་མཁོ་དང་ཁེ་ལས་ཀྱི་ནུས་པ་ཟུང་འབྲེལ་གྱིས་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་ཧུར་ཐག་བྱས་ནས། འཆར་འགོད་བྱ་སྤྱོད་དུ་འགྱུར་བ་དང་རེ་འདོད་དོན་དངོས་སུ་འགྱུར་བར་བྱས་ཏེ། འཕེལ་རྒྱས་གཉིས་ཁེ་ཡོང་བར་སྐུལ་འདེད་གཏོང་བའི་རེ་བ་ཡོད། ང་ཚོས་ཚོང་གཉེར་ཁོར་ཡུག་ཡག་པོ་རྒྱུན་མཐུད་བསྐྲུན་ཏེ། ཞབས་ཞུའི་འགན་ལེན་ཟམ་མི་ཆད་པར་ལེགས་སུ་བཏང་ནས་ཀྲུང་དབྱང་གི་ཁེ་ལས་དེ་བས་མང་བ་བོད་ཀྱི་འཕེལ་རྒྱས་ཁྲོད་དུ་ཞུགས་པ་དང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་རྒྱུ་དང་། ནུས་ལྡན་གྱི་ཁྲོམ་ར་དང་བྱས་པ་ཅན་གྱི་སྲིད་གཞུང་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ། འཕྲལ་མར་སྒྲུབ་པ་དང་དངོས་འཛིན་དངོས་སྒྲུབ་ཀྱི་དངོས་གཉེར་སྤྱོད་ཚུལ་ལ་བརྟེན་ནས། བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་དེ་བས་ཆེ་བ་ཐོན་པར་གཡས་གཞོགས་གཡོན་འདེགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་གངས་ལྗོངས་ས་མཐོར་རྩ་བ་ཚུགས་ཤིང་འབྲས་བུ་སྨིན་པར་འགན་ལེན་བྱེད་དགོས།
ཀྲང་ཡན་ཅུན་གྱིས་བོད་ཀྱིས་དུས་ཡུན་རིང་པོའི་ནང་རྒྱབ་སྐྱོར་དང་རོགས་རམ་གནང་བར་ལྷག་བསམ་ཟོལ་མེད་ཀྱི་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཤར་ཕྱོགས་གློག་ལས་ཚོགས་པའི་བོད་ལྗོངས་ཀྱི་ལས་སྒོ་གཉེར་སྐྱོང་དང་འཕེལ་རྒྱས་གནས་ཚུལ་དང་གོམ་སྟབས་རྗེས་མའི་འཆར་འགོད་ངོ་སྤྲོད་བྱས་པ་དང་། ཁོང་གིས། བོད་ཀྱི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ལེགས་ཆ་དང་། རྗེས་ཐོན་ཁྱད་ཡོན་ཆེན་པོ། ཚོང་གཉེར་ཁོར་ཡུག་ཡག་པོ་བཅས་ཀྱིས་ཁེ་ལས་ལ་འཕེལ་རྒྱས་ཀྱི་གོ་སྐབས་ཆེན་པོ་བསྐྲུན་ཡོད། ཤར་ཕྱོགས་གློག་ལས་ཚོགས་པས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་ཏེ། འཐབ་ཇུས་ཀྱི་གོ་སྐབས་ལ་དམ་འཛིན་བྱེད་པ་དང་། གཙོ་འགན་གཙོ་ལས་ལ་དམིགས་པ། རང་འགུལ་ངང་བྱས་རྗེས་ཧུར་ཐག་འཇོག་པ། མ་འཇོག་གི་བཀོད་པ་ལེགས་སུ་གཏོང་བ། མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས། བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འབུལ་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།