ཡན་ཅིན་ཧའེ་ཡིས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སུ་བརྟག་ཞིབ་གནང་བ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཡན་ཅིན་ཧའེ་ཡིས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སུ་བརྟག་ཞིབ་གནང་ཞིང་། ཁོང་གིས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། སེམས་ནུས་གཅིག་སྒྲིལ་དང་འགག་སྒྲོལ་དཀའ་སེལ་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་གསར་ཧུར་ཐག་རྩོམ་དགོས་པའི་ནན་བཤད་གནང་བ་རེད།
ཉང་ཆུ་གཙང་འགྲམ་གྱི་བྲག་ཡིབ་གྲོང་རྡལ་བྲག་ཕྱི་གྲོང་ཚོའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་6ཟིན་ནས་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཀྱི་ཡོད། ཡན་ཅིན་ཧའེ་བྲག་ཕྱི་གྲོང་ཚོའི“དར་རྒྱས་ལ་བསྟོད”ཅེས་པའི་གསར་བརྗེའི་ཞིབ་སྦྱོང་གི་བརྗོད་དོན་གཙོ་བོའི་སློབ་གསོའི་འགྲེམས་སྟོན་ཁང་དུ་ཕེབས་ཏེ་བྲག་ཕྱི་གྲོང་ཚོའི་འཕེལ་རྒྱས་ཀྱི་ལོ་རྒྱུས་དང་གསར་རྙིང་གི་འགྱུར་ལྡོག་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བྲག་ཕྱི་གྲོང་ཚོར་སྔ་རྗེས་སུ་གཟིགས་ཞིབ་དང་མཛུབ་སྟོན་གནང་བར་ཐེངས་གཉིས་ཕེབས་ནས་ཁོང་སྐུ་ངོ་མས་བྲག་ཕྱི་གྲོང་ཚོའི་འཕེལ་རྒྱས་ལ་འཐབ་འདོན་ཇུས་འགོད་དང་ཁ་ཕྱོགས་གཏན་འཁེལ་གནང་བ་རེད། ང་ཚོས་གཙོ་འཛིན་གྱི་མངགས་བཅོལ་ཡིད་ལ་བརྟན་པོར་ངེས་ནས། མུ་མཐུད་དྲིན་ཚོར་འབད་འབུངས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་པ་དང་མཛེས་སྡུག་ལྡན་པའི་བོད་ཀྱི་ལེའུ་གསར་རྩོམ་དགོས། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་ཏེ། གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་ཡངས་སུ་བཏང་ནས། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་གསུངས་པ་རེད།
རྒྱལ་ལམ་318འགྲམ་དུ་ཆགས་པའི་ཞེན་ཆགས་གཞིས་ཀ་སྔོན་ཆད་མི་སྒེར་གྱིས་གང་བྱུང་དུ་བསྐྲུན་པའི་རྐྱེན་གྱིས་བྲག་ཕྱི་གྲོང་ཚོའི་འཕེལ་རྒྱས་ལ་ཚོད་འཛིན་བཟོས་མོད། ད་ཆ་སྐད་གྲགས་ཅུང་ཙམ་ཆོད་པའི་ཕྱོགས་བསྡུས་རང་བཞིན་གྱི་སྤྲོ་གསེང་གྲོང་ཚོ་ཞིག་ཏུ་གྱུར་ནས་ཡུལ་སྐོར་བ་མང་པོ་ཡོང་གི་ཡོད། ཡན་ཅིན་ཧའེ་ཡིས་ཕེབས་ཞོར་གཟིགས་ཞོར་དུ་འབྲེལ་ཡོད་གནས་ཚུལ་གྱི་ངོ་སྤྲོད་གསན་ཞིང་། ཁོང་གིས། རིག་གནས་ཡུལ་སྐོར་ཐོན་ལས་ནི་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་ཞིག་རེད། “རིག་གནས་ལ་བརྟེན་ནས་ཡུལ་སྐོར་གཏོད་པ་དང་། ཡུལ་སྐོར་ལ་བརྟེན་ནས་རིག་གནས་མངོན་པ”མཐའ་འཁྱོངས་བྱས་ཏེ་གྲོང་གསེབ་ཀྱི་རིག་གནས་ཀྱི་ནང་དོན་ལ་གཞི་ཚུགས་པ་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་བཏང་ནས་ཁྱད་ཆོས་ལྡན་པའི་མཚོན་རྟགས་རང་བཞིན་གྱི་རིག་གནས་ཡུལ་སྐོར་སྤུས་རྟགས་ཁག་གཅིག་བཏོད་དེ་རིག་གནས་ཡུལ་སྐོར་ཐོན་ལས་དེ་དམངས་འཚོའི་ཐོན་ལས་དང་བདེ་སྐྱིད་ཐོན་ལས་སུ་དངོས་འབྲེལ་འགྱུར་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
བྲག་ཡིབ་ཀྱི་གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཁྲིམས་ལུགས་ལས་དོན་ཨུ་ལྷན་གྱིས་སྒོ་བྱང་བཀལ་བའི་ལྗོངས་ཡོངས་ཀྱི་གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་གཉིས་ཀྱི་གྲས་ཤིག་རེད། འབྲེལ་ཡོད་གནས་ཚུལ་གྱི་ངོ་སྤྲོད་གསན་རྗེས་ཡན་ཅིན་ཧའེ་ཡིས་གཞི་རིམ་གྱི་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་ནི་དམངས་འདོད་གཅིག་སྡུད་དང་དམངས་ཀྱི་བློ་གྲོས་གཅིག་སྒྲིལ་བྱེད་པའི་འབྲེལ་ཟམ་ལྟ་བུ་རེད། “སྒོ་དབྱེའི་ཁྲིམས་འཛུགས”ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་གཞི་རིམ་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་བསྡུ་རུབ་བྱས་ཏེ་མི་དམངས་མང་ཚོགས་གོ་རིམ་ལྡན་པའི་ངང་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་ལས་དོན་ནང་ཞུགས་རྒྱུར་འགན་སྲུང་བྱེད་དགོས་པ་དང་། ཁྲིམས་འཛུགས་དང་དྲིལ་བསྒྲགས་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ་བཅའ་ཁྲིམས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་ནས་གཞི་རིམ་མང་ཚོགས་ཀྱི་བཅའ་ཁྲིམས་འདུ་ཤེས་དང་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་གཏོང་དགོས་པ། ཁྲིམས་འཛུགས་བརྟག་ཞིབ་ལས་དོན་ཡག་པོ་སྒྲུབ་པར་གཞོགས་འདེགས་བྱས་ཏེ་ཁྲིམས་འཛུགས་ལས་ཁུངས་ཀྱིས་གཞི་རིམ་གྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་པར་རྒྱབ་སྐྱོར་བྱེད་དགོས་ཞེས་གསུངས་པ་རེད།
འབྲེལ་ཡོད་གསར་འགྱུར།