ཝང་ཅུན་ཀྲེང་གིས་ཉིང་ཁྲི་གྲོང་ཁྱེར་དང་ལྷོ་ཁ་གྲོང་ཁྱེར་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་གནང་བ།
ལིའུ་ཅང་ཞུགས་པ།

འདི་ནི་ཝང་ཅུན་ཀྲེང་གིས་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་དུང་དཀར་གྲོང་རྡལ་བྲག་རྫ་ཐང་དུ་ཚད་གཞི་མཐོ་བའི་ཀུ་ཤུ་འདེབས་འཛུགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བཞིན་པ།

འདི་ནི་ཝང་ཅུན་ཀྲེང་གིས་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་ཨར་འདམ་བཟོ་གྲྭའི་གནས་འདེམས་ས་ཚིགས་སུ་འབྲེལ་ཡོད་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བཞིན་པ།
ཟླ་10ཚེས་29དང་ཚེས་30ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཉིང་ཁྲི་གྲོང་ཁྱེར་དང་ལྷོ་ཁ་གྲོང་ཁྱེར་གྱི་ལས་ཁུངས་སུ་ཕེབས་པ་དང་། ཞིང་དུད་ལ་འཚམས་འདྲི་གནང་བ། བཟོ་ཁང་དུ་ཕེབས་པ། རྣམ་གྲངས་ལ་གཟིགས་པ་བཅས་གནང་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་སྦྲགས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་དོན་ཁག་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ནན་ཏན་བྱས་ཏེ་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སློབ་སྲོལ་དར་སྤེལ་གཏོང་བ་དང་། དོན་དངོས་དང་ཟུང་འབྲེལ་གྱིས“ལོ་ལྔ་ཚན་བཅོ་ལྔ་པའི”འཕེལ་རྒྱས་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་བྱེད་པ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞིར་རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་ཡག་པོ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཧུར་ཐག་སྐྲུན་དགོས་ཞེས་ནན་བཤད་གནང་བ་རེད།
ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་དུང་དཀར་གྲོང་རྡལ་བྲག་རྫ་ཐང་དང་། སྣང་རྫོང་ཨར་འདམ་བཟོ་གྲྭའི་གནས་འདེམས་ས་ཚིགས། བོད་ལྗོངས་ཅཱ་ཅེ་ཏེ་རྒྱུ་གསར་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་སི་བཅས་སུ་ཝང་ཅུན་ཀྲེང་གིས་ཚད་གཞི་མཐོ་བའི་ཀུ་ཤུ་འདེབས་འཛུགས་དང་། ལྗང་མདོག་གཏེར་ལས་ལག་རྩལ་གྱི་འགག་སྒྲོལ། མཁྲེགས་རྒྱུའི་ཐོན་རྫས་ཞིབ་སྤེལ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། འཐབ་ས་དང་པོའི་ལས་བཟོར་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་གནང་ཞིང་། ཁོང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་མགྱོགས་སུ་གཏོང་བ་དང་། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བར་ཁྲིད་སྟོན་བྱེད་པ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཐུབ་པར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་བཏོན་གནང་ཡོད། སྣང་རྫོང་གིས་ཚད་གཞི་མཐོ་བའི་ཀུ་ཤུ་འདེབས་འཛུགས་ཐད་ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་ལས་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱར་ཏེ“བྱེ་ཐང”“ནོར་གཞོང”དུ་གྱུར་པ་ནི་ཞིང་ལས་ཐོན་སྐྱེད་ཁྲོད་ཚན་རིག་ལག་རྩལ་བཀོལ་སྤྱོད་ཀྱི་དཔེ་མཚོན་ཞིག་རེད། ཚང་མས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་ལྷག་པར་དུ་ཚན་རྩལ་གསར་གཏོད་སྐོར་གྱི་བླང་བྱ་གལ་ཆེན་ཟབ་སྦྱོང་མཐིལ་རྟོགས་བྱེད་པ་དང་། ཞིང་ལས་ཚན་རྩལ་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་ལས་ལག་རྩལ་དཔེ་སྟོན་བེད་སྤྱོད་ཟབ་ཏུ་གཏོང་བ། ཚན་རྩལ་ཤེས་བྱ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། ཚད་ལྡན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་ཞིང་ལས་འཕེལ་རྒྱས་དང་། གྲོང་གསེབ་འཛུགས་སྐྲུན། ཞིང་པར་འབབ་འཕར་ཡོང་བ་བཅས་ལ་རམ་འདེགས་བྱེད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ལྷོ་ཁ་གྲོང་ཁྱེར་དུ་ཝང་ཅུན་ཀྲེང་རྒྱ་ཚ་རྫོང་སྲིད་འཛིན་ཞིབ་མཆན་ཚོམས་ཆེན་དང་། ཟངས་རི་རྫོང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་སློབ་གསོ་ལག་ལེན་འགྲེམས་ཁང་། ཕག་གྲུ་རྒུན་ཆང་གཞིས་ཀ་བཅས་སུ་ཕེབས་ནས་གཞི་རིམ་བཅོས་སྐྱོང་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད། ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་སོགས་ཀྱི་ལས་དོན་ལ་གཟིགས་ཞིབ་གནང་བ་དང་འབྲེལ་ལས་བྱེད་པ་དང་མང་ཚོགས་དང་སློབ་སྦྱོང་གི་མྱོང་ཚོར་སྤེལ་རེས་ཟབ་མོ་གནང་བ་སྟེ།“ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་བཏང་ནས་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་ཀྲུང་གོ་བསྐྲུན་དགོས་པ་དང་། དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་ཤུགས་ཆེ་རུ་བཏང་ནས་མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད། དེ་དག་ཐམས་ཅད་ཚང་མའི་ལས་ཀ་དང་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད” ཁོང་གིས། སྲིད་གཞུང་གི་འགན་ནུས་སྒྱུར་མགྱོགས་སུ་གཏོང་བ་དང་། ཁྲིམས་སྐྱོང་བསམ་བློ་དང་ལག་རྩལ་བྱེད་ཐབས་ཕྱོགས་བསྡུས་བེད་སྤྱོད་བྱེད་པ། “དཔང་འཕྲི་དམངས་ཕན”གྱི་བྱ་སྤྱོད་རྒྱུན་མཐུད་སྤེལ་ནས་གྲངས་འཛིན་ཅན་གྱི་སྲིད་དོན་ཞབས་ཞུའི་ཕན་ནུས་ཆེ་རུ་གཏོང་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་ལས་དོན་ལ་མཐོང་རྒྱུ་ཡོད་པ་དང་། ཚོར་རྒྱུ་ཡོད་པ། ཕན་ནུས་ཡོད་པ་བཅས་ཀྱི་སྒོ་ནས་སྐུལ་འདེད་བཏང་སྟེ་མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས། ལེགས་ཆར་གཞི་ཚུགས་པ་དང་། སྤུས་ཚད་མཐོ་རུ་གཏོང་བ། གནས་རིམ་མཐོ་རུ་གཏོང་བ། སྤུས་རྟགས་གཏོད་པ་བཅས་བྱས་ཏེ། ས་ཁོངས་རིག་གནས་ཀྱིས་སྤུས་རྟགས་ལ་གསོན་ཤུགས་གསར་པ་སྦྱིན་ནས་ཁྱབ་འགྱེད་སྐུལ་ཁྲིད་ཀྱི་ནུས་པ་འདོན་དགོས་ཞེས་གསུངས་པ་རེད།
ཟངས་རི་གྲོང་རྡལ་བྲག་དཀར་གྲོང་གསར་གྱི་བཀོད་པ་མཛེས་ཤིང་གཙང་སྦྲ་དོད་པ་དང་། ཁང་པའི་རྒྱབ་མདུན་ཚང་མར་མེ་ཏོག་སྣ་ཚོགས་རབ་ཏུ་བཞད་ཅིང་། སྡོད་ཁང་སྟར་དུ་ཆགས་པ་བཅས་ནི་གནས་འཕྲོད་ལས་འཚམ་མཛེས་མཐུན་བཅས་གསུམ་ལྡན་གྱི་གྲོང་གསེབ་ཀྱི་རྣམ་པ་ཞིག་རེད། ཝང་ཅུན་ཀྲེང་གིས་གྲོང་མི་བསོད་ནམས་རྒྱལ་མཚན་གྱི་ཁྱིམ་དུ་ཕེབས་ནས་གནས་སྤོས་རྗེས་ཀྱི་ཁོང་ཚོའི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་སྐོར་བཀའ་འདྲི་ཞིབ་ཕྲ་གནང་བ་དང་འབྲེལ། བྲག་དཀར་གྲོང་གསར་དེ་དེ་སྔའི་རི་མཐོ་ལུང་ཤུར་གྱི“རྡོག་ཁྲེས་རྒྱབ་ཁུར་གྱི་གྲོང་ཚོ”ནས་ད་ཆའི་ཁོར་ཡུག་ཧ་ཅང་མཛེས་པའི“སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པའི”བར་འཚོ་བའི་ཆ་རྐྱེན་དང་ཁོར་ཡུག་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་མཁྱེན་རྗེས་ཐུགས་མཉེས་པོ་བྱུང་ཞིང་། ཁོང་གིས། “ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་མགྱོགས་སུ་གཏོང་བ་དང་། གྲོང་གསེབ་ཕྱོགས་ཡོངས་དར་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། གནས་འཕྲོད་ལས་འཚམ་མཛེས་མཐུན་བཅས་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་བརྒྱུད་རིམ་ལྡན་པའི་སྒོ་ནས་བཀོད་སྒྲིག་བྱས་ཡོད། ཁྱེད་ཚོའི་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་དེ་མཛེས་མཐུན་གྲོང་གསེབ་བསྐྲུན་པའི་དཔེ་མཚོན་ཞིག་རེད”ཅེས་གསུངས། ཝང་ཅུན་ཀྲེང་གིས་ཚང་མས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་དེ་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཐའ་མཚམས་མི་དམངས་ལ་གནང་བའི་བྱམས་བརྩེའི་ཐུགས་ཁུར་དང་བཅངས་པའི་བརྩེ་སེམས་ཟབ་མོ་ལས་བྱུང་བ་ཞིག་ཡིན་པ་གསལ་པོ་རྟོགས་ཐུབ་པའི་རེ་བ་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་དོ་ཁུར་ཟབ་མོ་དང་བོད་ཀྱི་མི་དམངས་ལ་ཐུགས་ཁུར་ཟབ་མོ་གནང་ནས། བོད་ཀྱི་ལས་དོན་ལ་གཟིགས་ཞིབ་དང་མི་རིགས་ཁག་གི་མང་ཚོགས་ལ་གཟིགས་པར་ཐེངས་མང་ཕེབས་པས། ཚང་མས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བར་གཅེས་སྤྲས་ལྡབ་བརྒྱ་བྱས་ཏེ་དཀའ་སྤྱད་ཀྱི་ལག་གཉིས་ལ་བརྟེན་ནས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས་ཞེས་གསུངས་པ་རེད།
བརྟག་ཞིབ་གནང་རིང་། ཝང་ཅུན་ཀྲེང་གིས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ཡག་པོ་དང་། དྲིལ་བསྒྲགས་ཡག་པོ། ལག་བསྟར་ཡག་པོ་བཅས་བྱ་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནི་རང་རྒྱལ་གྱིས“ལོ་ལྔ་ཚན་བཅུ་བཞི་པའི”དམིགས་ཚད་ལས་འགན་གཙོ་བོ་རྒྱལ་ཁའི་ངང་ལེགས་སྒྲུབ་བྱུང་གྲབས་ཡོད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པར་རྨང་གཞི་བརྟན་པོ་འདིང་བ་དང་ཕྱོགས་ཡོངས་ཤུགས་འདོན་གྱི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་ཚོགས་འདུ་གལ་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་ཐོག་གནང་བའི་སྙན་སྒྲོན་དང་། གསལ་བཤད། གསུང་བཤད་གལ་ཆེན་བཅས་དང་། དེ་བཞིན་ཚང་འཛོམས་གྲོས་ཚོགས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད《གྲོས་འགོས》“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་རང་རྒྱལ་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་ལ་ཕྱོགས་སྡོམ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་རང་རྒྱལ་འཕེལ་རྒྱས་ཀྱི་ཁ་ཕྱོགས་རང་བཞིན་དང་རྩ་བའི་རང་བཞིན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ལན་གཏིང་ཟབ་བཏབ་པ་མ་ཟད། ལྷག་པར་དུ“མཐའ་འཁྱོངས་དྲུག”གི་རྩ་དོན་བཏོན་པ་ནི་ང་ཚོས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་བཟོ་བའི་གཞི་འཛིན་ས་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་ནན་ཏན་བྱེད་དགོས། བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་སུ་མདུན་སྐྱོད་བྱེད་དགོས། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་གྱི་སློབ་སྲོལ་དར་སྤེལ་གཏོང་བ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། “དོན་ཆེན་བཞིར”དམིགས་ནས“འཛུགས་གཏོད་བཞིར”ཤུགས་རྒྱག་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་ཡག་པོ་བཅས་བྱས་ནས་མཐུན་སྒྲིལ་བརྟན་ལྷིང་གི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་རྣམ་པ་སྲ་བརྟན་དུ་གཏོང་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་ཕན་འབྲས་གསར་པ་ཐོན་རྒྱུར་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་དགོས། དམག་དཔུང་འདུས་སྡོད་དང་མི་དམངས་བདེ་འཁོད་མཉམ་འཛིན་བྱེད་པ་དང་མཐའ་སྲུང་དང་མཐའ་དར་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱས་ནས་མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་འགན་ལེན་བྱེད་དགོས། དོན་དངོས་དང་ཟུང་འབྲེལ་གྱིས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་བྱེད་པ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཡག་པོ་བཟོ་བའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཟབ་ཏུ་གཏོང་བ། “མཐའ་འཁྱོངས་དྲུག”གི་རྩ་དོན་གལ་ཆེན་ཁོང་དུ་བརྟན་པོར་ཆུད་པ། བོད་ཀྱི་ལས་དོན་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ཁྲོད་རང་འགུལ་ངང་བཞག་ནས་ཞིབ་འཇུག་བསམ་གཞིག རྨང་གཞི་འདིང་བ་དང་། ཕུགས་ལ་ཕན་པ། དམངས་འཚོར་ཕན་པ་བཅས་ཀྱི་རྣམ་གྲངས་ཡག་པོ་དང་རྣམ་གྲངས་ཆེན་པོ་ཁག་གཅིག་ཇུས་འགོད་ཞིབ་ཚགས། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ་བོད་ཀྱི་འབྱུང་འགྱུར་ཆེད་རྨང་གཞི་བརྟན་པོ་འདིང་དགོས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཚ་རླབས་མགྱོགས་མྱུར་འཕྱུར་བ་བྱས་ཏེ་སྣེ་གཉིས་ནས་དམ་འཛིན་དང་བར་ནས་སྐུལ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། མང་ཚོགས་ཚོས་ལྟ་འདོད་ཅིང་ཉན་སྤྲོ་བའི་བྱེད་སྟངས་སྤྱོད་པ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གངས་ལྗོངས་ས་མཐོའི་ཁྱིམ་ཚང་ཁྲི་སྟོང་མང་པོར་དྲིལ་བསྒྲགས་བྱེད་པ། མི་རིགས་ཁག་གི་མང་ཚོགས་ཚོས་གོ་ཐུབ་པ་དང་། ངེས་ཐུབ་པ། ཁོང་དུ་ཆུད་ཐུབ་པ། དོན་འཁྱོལ་ཐུབ་པ་བཅས་ཀྱི་འགན་ལེན་བྱེད་པ། སློབ་སྦྱོང་གི་གྲུབ་འབྲས་དེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བསམ་ཕྱོགས་ཀྱི་བྱེད་ཐབས་སུ་ཏན་ཏིག་བསྒྱུར་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཧུར་ཐག་བསྐྲུན་དགོས་ཞེས་གསུངས་པ་རེད།
འབྲེལ་ཡོད་གསར་འགྱུར།