དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཀརྨ་ཚེ་བརྟན་གྱིས་དབྱི་སའེ་ཁེ་ཧུའུ་ཀྲོའུ་རུ་བཅའ་སྡོད་ཁེར་གྷི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་གི་དབང་ཆ་ཆ་ཚང་ཡོད་པའི་སྐུ་ཚབ་རེ་ཅི་ཀེན་ནོའུ་ཧྥུའུ་བཅས་པ་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-10-31

    ཚེས་29ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་དབྱི་སའེ་ཁེ་ཧུའུ་ཀྲོའུ་རུ་བཅའ་སྡོད་ཁེར་གྷི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་གི་དབང་ཆ་ཆ་ཚང་ཡོད་པའི་སྐུ་ཚབ་རེ་ཅི་ཀེན་ནོའུ་ཧྥུའུ་བཅས་པ་དང་མཇལ་འཛོམས་གནང་ནས། བོད་རང་སྐྱོང་ལྗོངས་ཀྱིས་དབྱི་སའེ་ཁེ་ཧུའུ་ཀྲོའུ་ཡི་འབྲེལ་བར་ཤུགས་སྣོན་རྒྱག་རྒྱུའི་སྐོར་དགོངས་འཆར་བརྗེ་རེས་གནང་བ་རེད།

    ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་རེ་ཅི་ཀེན་ནོའུ་ཧྥུའུ་བཅས་པ་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་དང་འབྲེལ་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་གནང་བ་རེད། ཀརྨ་ཚེ་བརྟན་གྱིས། ད་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་ལོ་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་བོད་དུ་རྟེན་འབྲེལ་མཛད་སྒོར་ཞུགས་པ་དེ་ཐོག་ནས་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་གང་ལེགས་མཚོན་ཡོད།

    ལོ་ངོ་60ཡི་རིང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག་བོད་ཀྱིས“དུས་ཐུང་ལོ་ངོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བའི”མི་ཡུལ་གྱི་ངོ་མཚར་བཏོད་ཡོད། ཀྲུང་གོ་དང་ཁེར་གྷི་སི་ཐན་ནི་མཛའ་གྲོགས་ཁྱིམ་མཚེས་རྒྱལ་ཁབ་ཡིན་པས། ང་ཚོས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ནན་ཏན་བྱས་ཏེ་ལག་གདང་སྦྲེལ་ནས་ཀྲུང་གོ་དང་ཁེར་གྷི་སི་ཐན་གྱི་མཛའ་གྲོགས་བྱ་གཞག་ལ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན། ཕྱོགས་གཉིས་པོས་མི་སྣ་འགྲོ་འོང་སྔར་བས་ཟབ་ཏུ་གཏོང་བ་དང་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ས་གནས་གཉིས་ཀྱི་མཛའ་གྲོགས་མཉམ་ལས་ཀྱི་ལེའུ་གསར་པ་གཏོད་རྒྱུའི་རེ་བ་ཡོད། དེ་དང་ཆབས་ཅིག་ཁེར་གྷི་སི་ཐན་གྱི་གྲོགས་པོ་དེ་བས་མང་བ་བོད་དུ་ལྟ་སྐོར་ཡུལ་སྐོར་དང་མ་འཇོག་མཉམ་ལས་བྱེད་པར་ཕེབས་པར་ལྷག་བསམ་རྣམ་དག་གིས་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

    རེ་ཅི་ཀེན་ནོའུ་ཧྥུའུ་ཡིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སོགས་ཁྱབ་ཁོངས་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་མ་ཟད། ད་ཐེངས་ཀྱི་གླེང་སྟེགས་གོ་སྐབས་སུ་བརྩིས་ནས་ཕྱོགས་གཉིས་པོའི་ལྗང་མདོག་ནུས་རྒྱུ་དང་། སྐྱེ་ཁམས་ཡུལ་སྐོར། ཞིང་འབྲོག་ལས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་རྣམ་གྲངས་དེ་བས་མང་བ་ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་སྟེ་གཉིས་ཁེ་གཉིས་ཕན་མངོན་འགྱུར་ཡོང་བའི་རེ་བ་ཡང་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།