དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་འཚོགས་ཏེ་ལྗོངས་ཡོངས་ཀྱི་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་གསན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-30

    ●ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞི་དོན་འཁྱོལ་བྱེད་པར་རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་ཡག་པོ་དང་། སྤྱོད་ཚུལ་བཟང་པོར་བརྟེན་ནས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱེད་དགོས།

     ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་འཚོགས་ནས་ལྗོངས་ཡོངས་ཀྱི་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་གྱི་སྙན་སེང་གསན་པ་མ་ཟད། དུས་ཚིགས་བཞི་པའི་གཙོ་གནད་ལས་དོན་ལ་བཀོད་སྒྲིག་ཀྱང་གནང་ཞིང་། ཁོང་གིས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞི་དོན་འཁྱོལ་བྱེད་པར་རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་ཡག་པོ་དང་། སྤྱོད་ཚུལ་བཟང་པོར་བརྟེན་ནས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱས་ཏེ། “ལོ་ལྔ་ཚན་བཅུ་བཞི་པའི”མཇུག་བསྡུའི་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་བརྒྱབ་སྟེ“ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཡག་པོ་འཛུགས་པར་རྨང་གཞི་བརྟན་པོ་འདིང་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། ད་ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོ་ཡིན་པ་དང་། དུས་ཚིགས་བཞི་པ་ནི་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་པའི་འགག་རྩའི་དུས་ཚིགས་དང་རྒྱལ་ཁ་ཕུ་ཐག་ཆོད་པའི་དུས་ཚིགས་ཤིག་ཡིན་པས། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ནས། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གིས་དུས་བབ་ལ་ཚན་རིག་དང་མཐུན་པའི་སྒོ་ནས་བརྡར་ཤ་བཅད་གནང་བའི་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་ལས་ཀའི་ཞན་ཆ་སེལ་བ་དང་ལས་ཞུགས་བརྟན་པོ་དང་། ཁེ་ལས་བརྟན་པོ། ཁྲོམ་ར་བརྟན་པོ། སྔོན་དཔག་བརྟན་པོ་བཅས་ལ་ཤུགས་སྣོན་བརྒྱབ་ནས་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་བརྟེན་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཧུར་ཐག་སྐྲུན་དགོས། ལོ་འདི་རྫོགས་པར་ད་དུང་ཡང་ཟླ་བ་གཉིས་ལྷག་ཙམ་ཡོད་པས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ལ་རྒྱུན་སྲིང་ལྷོད་མེད་ངང་ཁྱབ་པར་བྱས་ཏེ་བློ་རྩེ་གཅིག་སྒྲིམ་གྱིས་རང་ཉིད་ཀྱི་བྱ་བ་ཡག་པོ་སྒྲུབ་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཏན་འཁེལ་རང་བཞིན་ལ་བརྟེན་ནས་གཏན་འཁེལ་མེད་པའི་རང་བཞིན་སྣ་ཚོགས་ལ་ཁ་གཏད་གཅོག་པ། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་། རང་འགུལ་ངང་གནད་དོན་གསར་པ་ཐག་གཅོད། ལམ་སྲོལ་གསར་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་བཅས་བྱེད་པ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དུས་མཚམས་གསར་པའི་ཕྱོགས་སུ་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་དེ་བས་ལེགས་པའི་སྒོ་ནས་སྐྲུན་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལོ་འཁོར་གྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་ཧུར་ཐག་བྱས་ཏེ“ལོ་ལྔ་ཚན་བཅུ་བཞི་པ”བདེ་བླག་ངང་མཇུག་བསྡུ་ཐུབ་པ་དང“ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཡག་པོ་འཛུཌ་པར་རྨང་གཞི་བརྟན་པོ་འདིང་དགོས། དེའང་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩི་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ཏེ་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ་དང་། ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་གི་བྱེད་ཐབས་སྤྱོད་པ། ཁྲིམས་ལྟར་ཐབས་ཇུས་འདོན་པ་དང་ཁྲིམས་ལྟར་སྲིད་འཛིན་གྱི་ནུས་པ་ཆེ་རུ་གཏོང་བ། སྤྱི་པའི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱག་པ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་ཟོན་དང་སེལ་རྒྱུར་ཤུགས་སྣོན་རྒྱག་པ། ཆུ་མ་ཤོར་གོང་ནས་རགས་དང་ཉེན་ཁ་མ་བྱུང་གོང་ནས་སྔོན་འགོག་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་བྱེད་དགོས། རྣམ་གྲངས་འཛུགས་སྐྲུན་འགག་སྒྲོལ་ལ་གཅིག་སྡུད་ཐོག་སྐུལ་འདེད་གཏོང་བ་དང་། ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱི་འགན་གཙང་འགན་ལེན་ལམ་སྲོལ་དོན་འཁྱོལ་ནན་པོ་བྱེད་པ། གཙོ་གནད་རྣམ་གྲངས་ལ་ཚད་བརྒལ་ཡོང་བ་བྱས་ཏེ་སྤྱི་ཡོངས་ཀྱི་ལས་ཀའི་ཆུ་ཚད་མཐོ་རུ་འགྲོ་རྒྱུར་སྣེ་ཁྲིད་བྱེད་པ། ངོ་ཡོད་ལས་འབོར་དེ་བས་མང་པོ་སྒྲུབ་རྒྱུར་སྐུལ་འདེད་གཏོང་བ། སང་ལོའི་གྲ་སྒྲིག་རྣམ་གྲངས་སྔ་སྣུར་དུ་ཡག་པོ་སྒྲུབ་པ། དུས་འགོའི་ལས་དོན་ནན་ཏན་སྒྲུབ་པ་བཅས་བྱས་ནས“ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཡག་པོ་འཛུགས་རྒྱུར་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས། ཁྱད་ལྡན་ལེགས་ཆའི་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་བ་དང་། གསར་དར་ཐོན་ལས་སྐྱེད་སྲིང་ཧུར་ཐག་བྱེད་པ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ། ཕན་འབྲས་ལེགས་པ་དང་འབབ་འཕར་སྣེ་ཁྲིད་ལ་ནུས་པ་ཆེན་པོ་ཐོན་པའི་ལེགས་ཆའི་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བཅས་བྱས་ནས། ཐོན་ཁུངས་ཀྱི་ལེགས་ཆ་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་ཏན་ཏིག་སྒྱུར་དགོས། འཛད་སྤྱོད་ཁྲོམ་རའི་མི་མངོན་པའི་ནུས་པ་སྔོག་འདོན་དང་། འདོན་སྤྲོད་དང་དགོས་མཁོར་མཉམ་དུ་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་བྱེད་པ། སྲིད་ཇུས་སྦབ་ཆ་གཅིག་འདང་ངེས་དང་ཡག་པོ་སྤྱོད་པ། ཚད་ལྡན་དོ་དམ་ལ་ཤུགས་སྣོན་རྒྱག་པ། ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། ཐོན་རྫས་མཁོ་སྤྲོད་ཕུན་སུམ་ཚོགས་སུ་གཏོང་བ། རིག་གནས་དང་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་བཅས་བྱས་ནས་རིག་གནས་དང་ཡུལ་སྐོར་གྱི་འཛད་སྤྱོད་རྒྱ་ཆེར་གཏོང་དགོས། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ་དང་། ཆུ་ཚད་མཐོ་པོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ། ཁེ་ལས་ཀྱི་སེམས་ཁྲལ་དང་དཀའ་གནད་ཧུར་ཐག་སེལ་བ། གཉེར་སྐྱོང་བྱེད་པོའི་གདེང་ཚོད་ཆེ་རུ་གཏོང་བ་བཅས་བྱས་ནས་ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱེད་དགོས། ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་ཁྲིམས་དང་སྒྲིག་སྲོལ་ལྟར་ཆེད་དོན་བཅོས་སྒྲིག་བྱས་ནས་ཞིང་པ་ལས་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས། དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་བའི་ལས་དོན་ཡག་པོ་སྒྲུབ་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་ཁེ་ཕན་ཨང་དང་པོར་འཇོག་པ། ལས་ཞུགས་དང་། འབབ་འཕར། མཁོ་སྤྲོད་འགན་ལེན། ཟོག་གོང་བརྟན་པོ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་སྤྱི་འདོམས་བྱེད་པ། ཡོང་འབབ་དམའ་བའི་ཚོགས་སྤྱིར་རོགས་སྐྱོབ་བྱེད་པའི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ནས་བྱ་བ་བཟང་པོ་ཡག་པོ་བསྒྲུབས་ཏེ་མང་ཚོགས་བློ་ཡིད་ཚིམ་པར་བྱེད་དགོས། སང་ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་འགོ་འཛུགས་ལོ་རེད་ལ། བོད་ཀྱིས་སྔར་བྱུང་མྱོང་མེད་པའི་འཕེལ་རྒྱས་ཀྱི་གོ་སྐབས་བསུ་བའི་འགག་རྩའི་ལོ་ཞིག་ཀྱང་ཡིན་པས། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་བཟོ་བའི་ལས་དོན་སྤུས་ཚད་མཐོ་པོས་ལེགས་སྒྲུབ་བྱེད་པ་དང་། སང་ལོའི་དཔལ་འབྱོར་ལས་དོན་གྱི་སྤྱི་ཡོངས་ཀྱི་བསམ་ཕྱོགས་དང་དམིགས་ཚད་ལས་འགན་ཚན་རིག་དང་མཐུན་པའི་སྒོ་ནས་བཟོ་བ། ད་ལོ་དང་སང་ལོའི་ལས་དོན་ཡག་པོ་སྒྲུབ་པའི་སྲིད་ཇུས་སྦྲེལ་མཐུད་ལ་སྤྱི་འདོམས་བཅས་བྱས་ནས“ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཡག་པོ་འཛུགས་ཐུབ་པ་དང་གོམ་པ་བརྟན་པོ་སྤོ་ཐུབ་པའི་འགན་ལེན་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གཙོ་གནད་ས་ཁུལ་དང་། གཙོ་གནད་ལས་རིགས། གཙོ་གནད་ཁེ་ལས་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་རྒྱུར་ཤུགས་སྣོན་རྒྱག་དགོས། འགོ་ཁྲིད་ལས་བྱེད་པས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ་དང་། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱ་རྒྱུར་སྣེ་ཁྲིད། ད་ལོའི་ཁ་གསལ་ལས་འགན་དང་། བཀོད་སྒྲིག་ལས་དོན། གཏན་འཁེལ་དམིགས་ཚད་བཅས་ལ་དམ་པོར་དམིགས་ནས་དོན་འཁྱོལ་བྱེད་ཕོད་པའི་འགན་འཁྲི་འཁུར་སེམས་ལ་བརྟེན་ཏེ་ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་དང་། དམ་འཛིན་ཞིབ་ཚགས། དམ་འཛིན་གནད་སྨིན་བཅས་བྱེད་དགོས། དཔེ་མཚོན་གྱིས་ཁྲིད་སྟོན་བྱེད་པ་མཐའ་འཁྱོངས་དང་། ཉམས་མྱོང་ཕྱོགས་སྡོམ་གཏིང་ཟབ་བྱེད་པ། དངོས་འཛིན་དངོས་སྒྲུབ་ལ་ལྕག་སྐུལ་བྱེད་པ། སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་རྒྱུན་མཐུད་སྐྲུན་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་འདིང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།