རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་རེས་སྐོར་བརྒྱད་པའི་སྐོར་ཞིབ་ཚོགས་ཆུང་བཅའ་སྡོད་བྱས་ཟིན་པ།
སྐོར་ཞིབ་ལས་དོན་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཟླ་བ་10ཚེས་24ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་རེས་སྐོར་བརྒྱད་པའི་སྐོར་ཞིབ་ཚོགས་ཆུང་བཅའ་སྡོདབྱས་ཟིན་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་སྐོར་ཞིབ་ཚོགས་ཆུང་གིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་ཁུངས་དང་། སྲིད་གཞུང་གི་ལས་ཁུངས། སྲིད་གྲོས་ཀྱི་ལས་ཁུངས་བཅས་དང་། རང་སྐྱོང་ལྗོངས་ཏང་ཨུད་སྤྱི་ཚོགས་ལས་དོན་པུའུ་དང་། ཆབ་སྲིད་ཞིབ་འཇུག་ཁང་། དངུལ་རྩའི་གཞུང་དོན་ཁང་། ལས་བྱེད་པ་རྒན་གྲས་ཅུས། ལས་ཁུངས་ལས་དོན་དོ་དམ་ཅུས། ཏང་གི་སློབ་གྲྭ་བཅས། རང་སྐྱོང་ལྗོངས་རྩིས་བཤེར་ཐིང་དང་། ཡིག་འབུལ་ཞུ་བཅར་ཅུས། ནུས་རྒྱུ་ཅུས། མ་འཇོག་སྐུལ་སྤེལ་ཅུས། ས་གཤིས་རྩད་ཞིབ་ཅུས། ཡིག་ཚགས་ཁང་། ཆེད་སྤྱོད་འཕྲིན་གཏོང་ཅུས། ཆུ་བེད་གློག་ཤུགས་འཆར་འགོད་རྩད་ཞིབ་ཇུས་འགོད་ཞིབ་འཇུག་ཁང་བཅས། པེ་ཅིང་དུ་བཅའ་སྡོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དོན་གཅོད་ཁྲུའུ་དང་། ཁྲེང་ཏུའུ་རུ་བཅའ་སྡོད་དོན་གཅོད་ཁྲུའུ། ཤིས་ཨན་དུ་བཅའ་སྡོད་དོན་གཅོད་ཁྲུའུ། ཧྲང་ཧའེ་རུ་བཅའ་སྡོད་དོན་གཅོད་ཁྲུའུ། གོར་མོ་རུ་བཅའ་སྡོད་དོན་གཅོད་ཁྲུའུ་བཅས། བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་སོགས་ལྗོངས་ཐད་གཏོགས་ཚན་པ་23གྱི་ཏང་རྩ་འཛུགས་ལ་རྒྱུན་གཏན་གྱི་སྐོར་ཞིབ་བྱ་རྒྱུ་དང་། རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གི་ཏང་ཙུའུ་ལ་སྐོར་ཞིབ“ཕྱིར་ལྟ”བྱ་རྒྱུ་ཡིན་པ་རེད།
སྐོར་ཞིབ་བྱ་ཡུལ་ཏང་རྩ་འཛུགས་ཀྱིས་སྐོར་ཞིབ་བཅའ་སྡོད་ཀྱི་སྐུལ་སློང་ཚོགས་འདུ་སོ་སོར་འཚོགས་པ་དང་། སྐོར་ཞིབ་ཚོགས་ཆུང་ཁག་གི་ཙུའུ་ཀྲང་གིས་སྐུལ་སློང་གཏམ་བཤད་སྤེལ་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། སྐོར་ཞིབ་ལས་དོན་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་འབྲེལ་ཡོད་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ། སྐོར་ཞིབ་ལས་དོན་ཏན་ཏིག་སྤེལ་བ་བཅས་ཀྱི་ཐད་བླང་བྱ་བཏོན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། སྐོར་ཞིབ་ཚོགས་ཆུང་ཁག་གིས་སྐོར་ཞིབ་བྱ་ཡུལ་ཚན་པར་ལས་དོན་ཉིན་50ཙམ་སྤེལ་རྒྱུ་ཡིན་ཞིང་། དེའི་རིང་ཆེད་མངགས་ལས་རེས་ཀྱི་ཁ་པར་ཨང་གྲངས་དང་སྦྲག་སྲིད་ཡིག་སྒམ་བཀོད་སྒྲིག་དང་། ཡིག་འབུལ་ཞུ་བཅར་གྱི་བསམ་འཆར་སྒམ་སོགས་ཡིག་འབུལ་ཞུ་བཅར་གྱི་ཐབས་ལམ་བཏོད་དེ། གཙོ་བོ་སྐོར་ཞིབ་བྱ་ཡུལ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཚན་ཁག་དང་དེའི་ཁོངས་མི་དང་། རིམ་པ་འོག་མའི་ཏང་རྩ་འཛུགས་ཀྱི་འགན་འཁུར་བ་གཙོ་བོ། ལས་གནས་གལ་ཆེན་ཐོག་གི་འགོ་ཁྲིད་ལས་བྱེད་པ་བཅས་ཀྱི་གནད་དོན་མཚོན་པའི་ཡིག་འབུལ་ཞུ་བཅར་དང་། ཁ་པར། ངོ་བཅར་བཅས་བདག་སྤྲོད་བྱ་རྒྱུ་ཡིན་ཞིང་། གཙོ་གནད་ནི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས། མང་ཚོགས་ཀྱི་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་སོགས་ལས་འགལ་བའི་སྐོར་གྱི་ཐེར་འདོན་དང་བསམ་འཆར་བདག་སྤྲོད་བྱ་རྒྱུ་རེད། སྐོར་ཞིབ་ཚོགས་ཆུང་གིས་ཡིག་འབུལ་ཞུ་བཅར་ལ་བདག་སྤྲོད་བྱེད་པའི་དུས་ཚོད་ནི་2025ལོའི་ཟླ་12ཚེས་10ཉིན་བར་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།