ལིའུ་ཅང་གིས་ལྷ་ས་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་གིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དང་ལྷུན་གྲུབ་རྫོང་དུ་ཕེབས་ནས་གཞི་རིམ་གྱི་རྩ་འཛུགས་འཛུགས་སྐྱོང་དང་། སྤྱི་ཚོགས་བཅོས་སྐྱོང་། དགོན་སྡེར“འདུ་ཤེས་གསུམ”གྱི་སློབ་གསོའི་ལས་དོན་སྤེལ་ཚུལ་བཅས་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་བོད་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ལས་དོན་སྐོར་གྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པ། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། མང་ཚོགས་ལ་ཞབས་འདེགས་ཞུ་བར་དམིགས་པ། སྤྱི་ཚོགས་བཅོས་སྐྱོང་གི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ་བཅས་བྱས་ནས་མཐུན་སྒྲིལ་བརྟན་ལྷིང་གི་རྣམ་པ་རྒྱུན་མཐུད་བརྟན་དུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཁྲེང་ཀོན་ཆུས་ཀརྨ་དགོན་གསར་མངགས་གཏོང་ཁང་དང་། སྡེ་ཁུལ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས། བར་སྐོར་ཁྲོམ་གཞུང་། ལྷུན་གྲུབ་རྫོང་མཁར་རྩེ་ཤང་དམངས་ཕན་ཞབས་ཞུའི་ལྟེ་གནས། མཁར་རྩེ་ཤང་མངགས་གཏོང་ཁང་བཅས་སུ་ལིའུ་ཅང་གིས་གཞི་རིམ་གྱི་སྡེ་ཁུལ་བཅོས་སྐྱོང་དང་། འགལ་ཟླ་དང་རྩོད་གཞི་འདུམ་འགྲིག དམངས་ཕན་ཞབས་ཞུ་སོགས་ཀྱི་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་སྦྲགས། གཞི་རིམ་ལས་བྱེད་པ་དང་། མང་ཚོགས། དེ་བཞིན་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པའི་བསམ་འཆར་དང་གྲོས་འགོ་གསན་པ་རེད། ཁོང་གིས། ན་བརྡ་རྒྱུན་སྒྲོག་དང་དོགས་ཟོན་རྒྱུན་གནས་དང་། སྡེ་ཚན་དབར་གྱི་གཞོགས་འདེགས་ཟབ་ཏུ་གཏོང་བ། ཐོན་ཁུངས་དང་སྟོབས་ཤུགས་བསྡུ་སྒྲིལ་ནུས་ལྡན་བཅས་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་སྡེ་ཁུལ་གྱི་ཉེན་དོན་དང་གཞི་རིམ་དྲ་མིག་ཅན་གྱི་ཞབས་ཞུའི་དོ་དམ་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་སྟེ། འགལ་ཟླ་དང་ཉེན་ཁ་སྣ་ཚོགས་གཞི་རིམ་དང་ཐོན་མ་ཐག་མཐའ་གཅིག་ཏུ་སེལ་དགོས་ཞེས་གསུངས་པ་རེད།
ལིའུ་ཅང་གིས་གཙུག་ལག་ཁང་དང་ནཱ་ལེནྡྲ་དགོན་དུ་ཕེབས་ནས་དགེ་འདུན་པའི་སློབ་སྦྱོང་དང་། སྒོམ་སྒྲུབ། འཚོ་བ་བཅས་ཀྱི་གནས་ཚུལ་དང་དགོན་སྡེའི་རིག་དངོས་སྲུང་སྐྱོབ་ལས་དོན་སོགས་ཀྱི་གནས་ཚུལ་བཀའ་འདྲི་གནང་བ་དང་འབྲེལ། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པར་འཚམས་འདྲིའང་གནང་བ་རེད།
ལིའུ་ཅང་གིས། གཞི་རིམ་གྱི་རྨང་གཞི་ནི་ལས་དོན་ཡོད་ཚད་ཀྱི་དོན་ལ་བབས་ས་ཡིན་པས། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་སྟེ། གཞི་རིམ་ལ་དམ་འཛིན་ཤུགས་ཆེན་དང་རྨང་གཞིར་དམ་འཛིན་ཤུགས་ཆེན་གྱི་མངོན་གསལ་དོད་པའི་སྟོན་ཕྱོགས་བརྟན་པོར་འཛུགས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་སྡེ་ཁུལ་གྱི་ཏང་རྩ་འཛུགས་སྔར་བས་སྟོབས་ལྡན་དང་ནུས་ལྡན་དུ་འཛུགས་སྐྱོང་བྱེད་པ་དང་། ཏང་འཛུགས་སྐྱོང་གིས་གཞི་རིམ་གྱི་ལས་ཕྱོད་མཐོ་བའི་བཅོས་སྐྱོང་ལ་སྣེ་ཁྲིད་པར་སྐུལ་འདེད་ཏན་ཏིག་བཏང་སྟེ། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་འདོན་དགོས་པའི་ནན་བཤད་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།