དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་བཅའ་ཁྲིམས》ལག་བསྟར་བྱ་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས།

    (2025ལོའི་ཟླ་3ཚེས་28ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་ལྔ་པའི་ཐོག་གྲོས་འཆམ་བྱུང་བ)

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-10-25

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།

    〔2025〕ཡིག་ཨང་8པ།

    《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་བཅའ་ཁྲིམས〉ལག་བསྟར་བྱ་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས》འདི་2025ལོའི་ཟླ་3ཚེས་28ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་ལྔ་པའི་ཐོག་གྲོས་འཆམ་བྱུང་དོན་བཞིན་ད་ལྟ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་ཞིང་། 2025ལོའི་ཟླ་6ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།

    2025ལོའི་ཟླ་3ཚེས་28ཉིན།

    དོན་ཚན་དང་པོ། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་རྩ་འཛུགས་དང་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གོང་འཕེལ་གཏོང་རྒྱུར་སྐུལ་ལྕག་དང་། རྒྱབ་སྐྱོར། ཁྲིད་སྟོན། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དང་དེའི་ཁོངས་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ། ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གཞིར་བཟུང་། རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བྱ་ཐབས་འདི་བཟོས་པ་ཡིན།

    དོན་ཚན་གཉིས་པ། རང་སྐྱོང་ལྗོངས་སྲིད་འཛིན་ས་ཁོངས་ནང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་འཛུགས་པ་དང་། གཉེར་སྐྱོང་བྱེད་པ། ཚད་ལྡན་དང་དོ་དམ་བྱེད་པ། རོགས་སྐྱོར་དང་ཞབས་ཞུ་བྱེད་པ་སོགས་ཀྱི་ལས་སྒོའི་རིགས་ལ་བྱ་ཐབས་འདི་སྤྱད་ན་འཐུས།

    བྱ་ཐབས་འདིའི་ནང་བརྗོད་པའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ནི་གྲོང་གསེབ་ཁྱིམ་དུད་ཀྱིས་འགན་གཙང་བླངས་ནས་གཉེར་སྐྱོང་བྱེད་པའི་རྨང་གཞིའི་ཐོག་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་གཉེར་སྐྱོང་བྱེད་མཁན་ནམ་ཡང་ན་ཞིང་འབྲོག་ལས་ཐོན་སྐྱེད་གཉེར་སྐྱོང་གི་ཞབས་ཞུ་སྒྲུབ་མཁན་དང་དེ་བེད་སྤྱོད་བྱེད་མཁན་གྱིས་རང་མོས་ཐོག་མཉམ་འབྲེལ་དང་དམངས་གཙོའི་དོ་དམ་གྱི་ཕན་ཚུན་རོགས་ལས་བྱེད་པའི་དཔལ་འབྱོར་རྩ་འཛུགས་ཤིག་ཡིན།

    དོན་ཚན་གསུམ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་འཛུགས་སྐྱོང་དང་གོང་འཕེལ་གཏོང་རྒྱུ་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་འཆར་འགོད་ནང་བཅུག་ནས་རོགས་སྐྱོར་སྲིད་ཇུས་དང་བྱ་ཐབས་བཟོས་ཏེ་དོན་འཁྱོལ་བྱེད་དགོས་ཤིང་། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་ལས་ཀའི་ཕྱོགས་བསྡུས་མཐུན་སྦྱོར་ལམ་སྲོལ་བཙུགས་ནས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་འཛུགས་སྐྱོང་དང་གོང་འཕེལ་གཏོང་རྒྱུར་སྤྱི་འདོམས་ཐོག་མཛུབ་ཁྲིད་དང་། མཐུན་སྦྱོར། སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

    ཤང་དང་གྲོང་རྡལ་མི་དམངས་སྲིད་གཞུང་དང་ཁྲོམ་གཞུང་དོན་གཅོད་ཁང་གིས་ངེས་པར་དུ་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་འཛུགས་པ་དང་། གོང་འཕེལ། དེ་བཞིན་ཐོན་སྐྱེད་གཉེར་སྐྱོང་བྱེད་པ་བཅས་ཀྱི་ཐད་ལ་སྟབས་བདེ་བསྐྲུན་པ་དང་ཞབས་འདེགས་ཞུ་དགོས།

    ཡུལ་མི(གྲོང་མི)ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ལ་ཁྲིམས་བཞིན་ཐོན་སྐྱེད་གཉེར་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས།

    དོན་ཚན་བཞི་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཞིང་ལས་གྲོང་གསེབ་གཙོ་འགན་སྡེ་ཚན་གྱིས་སྲིད་འཛིན་ས་ཁོངས་དེ་གའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ལ་མཛུབ་ཁྲིད་དང་། རོགས་སྐྱོར། ཞབས་ཞུ་སོགས་ཀྱི་ལས་ཀའི་བྱེད་འགན་ཁུར་དགོས།

    རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་གོང་འཕེལ་བསྒྱུར་བཅོས་དང་། སློབ་གསོ། ཚན་རིག་ལག་རྩལ། དཔལ་འབྱོར་དང་ཆ་འཕྲིན་ཅན། ནོར་སྲིད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་། རང་བྱུང་ཐོན་ཁུངས། སྐྱེ་ཁམས་ཁོར་ཡུག སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན། འགྲིམ་འགྲུལ་སྐྱེལ་འདྲེན། ཆུའི་སྲིད་འཛིན། ཚོང་དོན། རིག་གནས་དང་ཡུལ་སྐོར། ཁྲོམ་ར་ལྟ་སྐུལ་དོ་དམ། ནགས་ལས་རྩྭ་ཐང་། ཁྲལ་དོན། དངུལ་རྩ་དོ་དམ་སོགས་སྡེ་ཚན་གྱིས་ངེས་པར་དུ་རང་འཁྲིའི་ལས་འགན་གཞིར་བཟུང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་དགོས།

    དོན་ཚན་ལྔ་པ། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གིས་ངེས་པར་དུ་ཁྲིམས་ལྟར་ཐོ་འགོད་བྱས་ཏེ་ཁྲིམས་ཚན་གྱི་ཐོབ་ཐང་རག་པ་བྱེད་དགོས། ཐོ་འགོད་མ་བྱས་པར་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་མིང་ཐོག་ནས་གཉེར་སྐྱོང་ལས་སྒོ་སྤེལ་མི་ཆོག

    ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གིས་ངེས་པར་དུ་མིང་བྱང་ཐོག“ཆེད་ལས་མཉམ་ལས་ཁང”ཞེས་གསལ་པོ་འགོད་དགོས་པ་མ་ཟད། རྒྱལ་ཁབ་ཀྱི་ཁེ་ལས་མིང་བྱང་ཐོ་འགོད་དོ་དམ་གྱི་གཏན་འབེབས་དང་མཐུན་དགོས།

    རང་སྐྱོང་ལྗོངས་ཀྱིས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ལ་ཁྲོམ་རའི་བྱེད་པོ་གཞན་དང་འདྲ་མཉམ་གྱི་བཅའ་ཁྲིམས་གནས་བབ་ལོངས་སུ་སྤྱོད་རྒྱུ་ཡོད་པའི་འགན་སྲུང་བྱེད་དགོས།

    དོན་ཚན་དྲུག་པ། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་ཁོངས་མིའི་ནང་ངེས་པར་དུ་ཞིང་འབྲོག་མང་ཚོགས་ཀྱིས་ཉུང་མཐར་ཡང་ཁོངས་མིའི་སྤྱི་འབོར་གྱི་བརྒྱ་ཆ་བརྒྱད་ཅུ་ཟིན་པ་བྱེད་དགོས།

    ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་ཁོངས་མིར་གཤམ་གསལ་ཆ་རྐྱེན་གྲས་ཤིག་ཡོད་ཚེ་ཞིང་འབྲོག་མང་ཚོགས་ཀྱི་ཁོངས་མིའི་བསྡུར་ཚད་ཁོངས་སུ་བརྩི་རྒྱུ་སྟེ།

    (གཅིག) ཞིང་པའི་ཐེམ་ཐོ་ཡོད་པ་དང་།

    (གཉིས) ས་ཞིང་འགན་གཙང་གཉེར་སྐྱོང་བྱེད་དབང་ལག་ཁྱེར་དང་། རྩྭ་ཐང་འགན་གཙང་གཉེར་སྐྱོང་བྱེད་དབང་ལག་ཁྱེར། ནགས་དབང་ལག་ཁྱེར་བཅས་ཡོད་པ།

    (གསུམ) གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མིའི་ལག་ཁྱེར་ཡོད་པ་བཅས་སོ།

    ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ནང་ཞིང་འབྲོག་པ་ཞུགས་རྗེས་གྲོང་ཁྱེར་དུ་གཞིས་ཆགས་བྱས་ཚེ་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་ཁོངས་མིའི་ཐོབ་ཐང་རང་སོར་འཇོག་རྒྱུ་དང་། ཞིང་འབྲོག་པའི་ཁོངས་མིའི་བསྡུར་ཚད་ལ་ཤུགས་རྐྱེན་ཐེབས་ཀྱི་མེད། ཁོངས་མིའི་ཐོབ་ཐང་དང་ཆ་རྐྱེན་ལ་ས་ཁོངས་ཀྱི་ཚོད་འཛིན་ཐེབས་ཀྱི་མེད།

    དོན་ཚན་བདུན་པ། ཆ་རྐྱེན་འཛོམས་པའི་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་དང་། མཁོ་ཚོང་མཉམ་ལས་ཁང་། ཁྱིམ་ཚང་གི་ཞིང་པ་དང་འབྲོག་ར། ཞིང་འབྲོག་ཁེ་ལས། ཞིང་འབྲོག་ཚན་རིག་ཞིབ་འཇུག་ཚན་པ། ཞིང་འབྲོག་ཚན་རྩལ་ཞབས་ཞུའི་རྩ་འཛུགས་སོགས་དང་། དེ་བཞིན་ཞིང་འབྲོག་ལས་ཐོན་སྐྱེད་དང་། གཉེར་སྐྱོང་། ཞབས་ཞུ་བཅས་བྱེད་མཁན་རྣམས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ནང་ཞུགས་རྒྱུར་སྐུལ་ལྕག་གཏོང་དགོས།

    དོན་ཚན་བརྒྱད་པ། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་ཁོངས་མིས་དངུལ་ལོར་གྱི་མ་རྩ་འདོན་ཆོག་ལ་ཁྲིམས་ལྟར་གཤམ་གསལ་གྱི་རྒྱུ་ནོར་ཐོག་ནས་ཀྱང་མ་རྩ་བཞག་ཆོག་པ་སྟེ།

    (གཅིག) རང་ཉིད་ལ་དབང་བའི་གཉེར་སྐྱོང་རང་བཞིན་གྱི་ཁང་པ་དང་། སྒྲིག་བཀོད་སྒྲིག་ཆས། ཞིང་འབྲོག་འཕྲུལ་ཆས། ཕྱུགས་རིགས་སོགས་དངོས་ཟོག་རིགས་དང་།

    (གཉིས) ས་ཆའི་གཉེར་སྐྱོང་དབང་ཆ་དང་། ནགས་དབང་། ཤེས་རིག་བདག་དབང་སོགས་དངུལ་ལོར་གྱིས་རིན་གོང་ཚོད་རྩིས་བྱས་ཆོག་པ་མ་ཟད། ཁྲིམས་ལྟར་ནང་བཤུག་ཀྱང་བྱས་ཆོག་པའི་དངུལ་ལོར་མིན་པའི་རྒྱུ་ནོར་རིགས།

    (གསུམ) སྒྲིག་ཡིག་ནང་གཏན་འབེབས་བྱས་པའི་རྒྱུ་ནོར་གཞན་དག་བཅས་སོ།

    ཁྲིམས་ལྟར་ས་ཆའི་གཉེར་སྐྱོང་དབང་ཆ་དང་ནགས་དབང་སོགས་མ་རྩར་བཞག་རིགས། མ་འཇོག་ལོ་ཚད་འདི་ས་ཆའི་གཉེར་སྐྱོང་དབང་ཆ་དང་ནགས་དབང་སོགས་ཀྱི་དུས་ཚད་ལས་བརྒལ་མི་ཆོག་པ་མ་ཟད། ས་ཆའི་སྤྱོད་སྒོར་འགྱུར་བ་བཏང་མི་ཆོག

    དངུལ་ལོར་མིན་པའི་རྒྱུ་ནོར་མ་རྩར་བཞག་རིགས་ལ་ཁོངས་མིའི་ཚོགས་ཆེན་གྱིས་ཚོད་སྐོར་དང་རིན་གོང་ཆེད་རྩིས་བྱེད་ཆོག་ལ། ཁོངས་མིའི་ཚོགས་ཆེན་ནམ་ཡང་ན་ཁོངས་མིའི་འཐུས་མི་ཚོགས་ཆེན་གྱིས་ཚོད་སྐོར་ལས་ཁུངས་ལ་ཚོད་སྐོར་དང་རིན་གོང་ཆེད་རྩིས་བྱ་རྒྱུའི་མངགས་བཅོལ་བྱས་ཀྱང་ཆོག

    དོན་ཚན་དགུ་པ། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་ཁོངས་མིས་དུས་གཅིག་ཏུ་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་མང་པོའི་ནང་ཞུགས་ཆོག་མོད། འོན་ཀྱང་རྒྱུ་ནོར་སྣ་གཅིག་གིས་མ་རྩ་མང་པོའི་ཚབ་ཏུ་འཇོག་མི་ཆོག

    ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་ཁོངས་མིས་མཉམ་ལས་ཁང་དེ་གའམ་ཡང་ན་ཁོངས་གཏོགས་གཞན་དག་གི་བུན་དབང་དེ་མ་རྩའི་ཚབ་ཏུ་འདོན་མི་ཆོག་པ་དང་། བསྡུས་པའི་མ་རྩས་མཉམ་ལས་ཁང་དེ་གའམ་ཡང་ན་ཁོངས་མི་གཞན་དག་གི་བུ་ལོན་དང་མགོ་གཏུག་གཏོང་མི་ཆོག་ལ། ངལ་ནུས་དང་། ཡིད་རྟོན། རང་བྱུང་མིའི་མིང་། ཚོང་གྲགས། དམིགས་བསལ་ཆོག་འཐུས་ཀྱི་གཉེར་སྐྱོང་དབང་ཆའམ་ཡང་ན་ཁག་ཐེག་ཏུ་བཞག་པའི་རྒྱུ་ནོར་སོགས་རིན་དུ་ཕབ་ནས་མ་རྩར་འཇོག་མི་ཆོག

    དོན་ཚན་བཅུ་པ། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གིས་ངེས་པར་དུ་ཁྲིམས་ལྟར་སྒྲིག་ཡིག་བཟོ་དགོས། སྒྲིག་ཡིག་དེའང་ངེས་པར་དུ་མཉམ་ལས་ཁང་འཛུགས་མཁན་ཡོངས་ཞུགས་པའི་འཛུགས་གཉེར་ཚོགས་ཆེན་ཐོག་གྲོས་འཆམ་གཅིག་མཐུན་ཡོང་བ་བྱེད་དགོས་པ་མ་ཟད། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དང་དེའི་ཁོངས་མིར་གཅུན་འདོམས་བྱེད་ནུས་ཀྱང་ལྡན་དགོས།

    རྫོང་རིམ་པ་ཡན་མི་དམངས་སྲིད་གཞུང་གི་ཞིང་ལས་གྲོང་གསེབ་སོགས་སྡེ་ཚན་གྱིས་ངེས་པར་དུ་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ལ་རང་ངོས་ཀྱི་ཁྱད་ཆོས་དང་མཐུན་པའི་སྒྲིག་ཡིག་བཟོ་རྒྱུར་མཛུབ་ཁྲིད་བྱེད་དགོས།

    དོན་ཚན་བཅུ་གཅིག་པ། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གིས་ངེས་པར་དུ་ཁྲིམས་བཞིན་ནོར་དོན་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ནོར་དོན་ལམ་ལུགས་ཀྱི་གཏན་འབེབས་དང་རྩིས་པའི་ལས་སྒོའི་དགོས་མཁོ་གཞིར་བཟུང་། རྩིས་པའི་རྩིས་ཐོ་བཟོ་བ་དང་། དགོས་ངེས་ཀྱི་རྩིས་པ་བཀོད་སྒྲིག་བྱེད་པའམ་ཡང་ན་གཏན་འབེབས་གཞིར་བཟུང་ལས་ཚབ་རྩིས་ཐོ་འགོད་མཁན་མངགས་ཏེ་ཞིབ་རྩིས་རྒྱག་དགོས།

    ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དང་དེས་མཁོ་འདོན་བྱས་པའི་ཞབས་ཞུ་སྤྱོད་མཁན་ཁོངས་མི་མིན་པའི་དབར་ཉོ་ཚོང་བྱས་རིགས། རྩིས་ཐོ་ལོགས་སུ་འགོད་དགོས་པ་མ་ཟད། དེ་དང་ཁོངས་མིའི་ཉོ་ཚོང་ལོགས་སུ་དབྱེ་ནས་ཞིབ་རྩིས་ཀྱང་རྒྱག་དགོས།

    ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གིས་ལོ་མཇུག་ཏུ་ཁེ་འབབ་བགོ་བཤའ་མ་བརྒྱབ་གོང་། ངེས་པར་དུ་ལོ་ཧྲིལ་པོའི་ཡོང་འབབ་དང་གཏོང་སྒོར་ཞིབ་རྩིས་གནད་འཕིགས་བརྒྱབ་ནས་རྒྱུ་ནོར་དང་། བུན་དབང་། བུ་ལོན་བཅས་གཙང་བཤེར་བྱེད་དགོས།

    ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་གྲུབ་ཁོངས་ཡིན་པའི་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱིས་ངེས་པར་དུ་ནོར་དོན་དོ་དམ་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ་བདག་ཁོངས་ཁ་གསལ་བཟོ་དགོས།

    དོན་ཚན་བཅུ་གཉིས་པ། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གིས་ངེས་པར་དུ་ཁོངས་མི་ཚང་མར་སོ་སོའི་རྩིས་ཐོ་བཟོས་ཏེ་ནང་དོན་གཙོ་བོ་ཐོ་འགོད་བྱ་རྒྱུ་གཤམ་གསལ།

    (གཅིག) ཁོངས་མི་དེའི་མ་འཇོག་གྲངས་འབོར་དང་།

    (གཉིས) ཁོངས་མི་དེར་གྲངས་བཅད་བཟོས་པའི་སྤྱི་གསོག་མ་དངུལ་གྱི་ཐོབ་སྐལ།

    (གསུམ) ཁོངས་མི་དེས་མཉམ་ལས་ཁང་དང་ཉོ་ཚོང་བྱས་འབོར(དངུལ་གྲངས)

    (བཞི) ནོར་སྲིད་ཀྱི་ཐད་ཀའི་ཁ་གསབ་རོགས་དངུལ་དང་མི་གཞན་གྱིས་ཞལ་འདེབས་ཕུལ་བའི་རྒྱུ་ནོར་རིགས་ཆ་སྙོམས་ཐོག་གྲངས་བཅད་བཟོས་ནས་བགོས་པའི་ཁོངས་མི་དེའི་ཐོབ་སྐལ།

    (ལྔ) ཁོངས་མི་དེར་མཉམ་ལས་ཁང་ནས་རག་པའི་ཁེ་སྤོགས་གཙང་གཙང་ཕྱིར་སློག་དང་ཁེ་སྤོགས་གཙང་གཙང་གི་ལྷག་འཕྲོ་བགོས་པ་བཅས་སོ།

    དོན་ཚན་བཅུ་གསུམ་པ། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གིས་ངེས་པར་དུ་མཉམ་ལས་ཁང་གི་ལས་དོན་ཡོངས་བསྒྲགས་ལམ་ལུགས་བཟོས་ནས་ཁོངས་མིར་གཉེར་སྐྱོང་དང་ནོར་དོན་གྱི་གནས་ཚུལ་ཡོངས་བསྒྲགས་བྱེད་དགོས། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གིས་ངེས་པར་དུ་ལོ་འཁོར་གྱི་ལས་སྒོའི་སྙན་ཞུ་དང་། ཁེ་སྤོགས་ལྷག་མའི་བགོ་འགྲེམས་ཇུས་གཞི། གྱོང་གུན་ཐག་གཅོད་ཇུས་གཞི། དེ་བཞིན་ནོར་དོན་རྩིས་པའི་སྙན་ཞུ་བཅས་བཟོས་ཏེ། ཁོངས་མིའི་ཚོགས་ཆེན་མ་འཚོགས་གོང་གི་ཉིན་བཅོ་ལྔའི་ནང་གཞུང་ལས་བྱེད་གནས་སུ་བཀྲམས་ནས་ཁོངས་མི་ལྟ་ཀློག་བྱེད་དུ་བཅུག་སྟེ་ཁོངས་མིའི་ལྟ་སྐུལ་དང་ལེན་བྱེད་དགོས།

    དོན་ཚན་བཅུ་བཞི་པ། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གིས་ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། རྒྱལ་ཁབ་ཁེ་ལས་ཀྱི་ཡིད་རྟོན་ཆ་འཕྲིན་གྱི་སྤྱི་བསྒྲགས་མ་ལག་བརྒྱུད་དེ་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་ལ་ལོ་འཁོར་གྱི་སྙན་ཞུ་འབུལ་དགོས་པ་མ་ཟད། སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་དགོས།

    ཆེད་ལས་མཉམ་ལས་ཁང་ལ་གཤམ་གསལ་གྱི་གནས་ཚུལ་གྲས་ཤིག་ཡོད་ཚེ། རྫོང་རིམ་པ་ཡན་མི་དམངས་སྲིད་གཞུང་གི་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ངེས་པར་དུ་ཁྲིམས་ལྟར་དེ་ཚུལ་མིན་ཚོང་གཉེར་གྱི་མིང་ཐོའི་ནང་འཇུག་དགོས་པ་མ་ཟད། རིམ་མཚུངས་ཞིང་ལས་དང་གྲོང་གསེབ་སོགས་སྡེ་ཚན་ལ་བརྡ་ཁྱབ་ཀྱང་གཏོང་དགོས་པ་སྟེ།

    (གཅིག) བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་སྲོལ་བཅས་ཀྱི་གཏན་འབེབས་གཞིར་བཟུང་ལོ་འཁོར་གྱི་སྙན་ཞུ་ཡོངས་བསྒྲགས་མ་བྱས་པའམ་ཡང་ན་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་བཀའ་བཏང་བའི་དུས་བཀག་གཞིར་བཟུང་འབྲེལ་ཡོད་ཆ་འཕྲིན་ཡོངས་བསྒྲགས་བྱས་མེད་རིགས་དང་།

    (གཉིས) ཆ་འཕྲིན་ཡོངས་བསྒྲགས་བྱེད་སྐབས་གནས་ཚུལ་དངོས་སྦས་གསང་དང་མི་བདེན་རྫུན་སྒྲིག་བྱས་རིགས།

    (གསུམ) ཐོ་འགོད་བྱས་པའི་སྡོད་གནས་སམ་ཡང་ན་ཚོང་གཉེར་བྱེད་ས་བརྒྱུད་དེ་འབྲེལ་བ་བྱེད་ཐབས་བྲལ་བའི་རིགས།

    (བཞི) བཅའ་ཁྲིམས་དང་ཁྲིམས་སྲོལ་སྒྲིག་སྲོལ་གཞིར་བཟུང་ངེས་པར་དུ་ཚུལ་མིན་ཚོང་གཉེར་གྱི་མིང་ཐོའི་ནང་འཇུག་དགོས་པའི་གནས་ཚུལ་གཞན་དག་ཡོད་རིགས་བཅས་སོ།

    དོན་ཚན་བཅོ་ལྔ་པ། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་ཁོངས་མིར་བཅའ་ཁྲིམས་དང་སྒྲིག་ཡིག་གི་གཏན་འབེབས་གཞིར་བཟུང་བརྡས་ཐག་གཅོད་དབང་དང་། འདེམས་བསྐོའི་དབང་ཆ། གདམ་བྱའི་དབང་ཆ། དེ་བཞིན་དམངས་གཙོའི་དོ་དམ་དང་། མཉམ་ལས་ཁང་དེས་མཁོ་འདོན་བྱས་པའི་ཞབས་ཞུ་དང་ཐོན་སྐྱེད་གཉེར་སྐྱོང་གི་སྒྲིག་བཀོད་བེད་སྤྱོད། ཁེ་སྤོགས་མཉམ་སྤྱོད་སོགས་ཀྱི་དབང་ཆ་སྤྱོད་རྒྱུ་ཡོད། ཁོངས་མིས་འདེམས་བསྐོའི་དབང་ཆ་དང་བརྡས་ཐག་གཅོད་དབང་ལག་བསྟར་བྱེད་སྐབས། རྒྱུ་རྐྱེན་གཞན་གྱི་རྐྱེན་པས་རང་ཉིད་དངོས་སུ་འདེམས་ཤོག་འཕེན་སར་ཞུགས་མ་ཐུབ་ཚེ། ཁྲིམས་ལྟར་མི་གཞན་ལ་རང་གི་ཚབ་ཏུ་འདེམས་ཤོག་འཕེན་རྒྱུའི་མངགས་བཅོལ་བྱེད་ཆོག སྒྲིག་ཡིག་ནང་མངགས་བཅོལ་བྱེད་མཁན་གྱི་ཚབ་ཏུ་འདེམས་ཤོག་འཕེན་མཁན་གྱི་མི་གྲངས་ག་ཚོད་བྱེད་ཆོག་མིན་གཏན་འབེབས་བྱེད་ཆོག

    དོན་ཚན་བཅུ་དྲུག་པ། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་ཁོངས་མིས་སྒྲིག་ཡིག་གི་གཏན་འབེབས་གཞིར་བཟུང་རང་གི་རྩིས་ཐོའི་ནང་ཡོད་པའི་མ་རྩའི་གྲངས་འབོར་དང་སྤྱི་གསོག་མ་དངུལ་གྱི་ཐོབ་སྐལ་ནང་བཤུག་གཏོང་ཆོག་པ་དང་། སྒྲིག་ཡིག་ནང་གཏན་འབེབས་བྱས་མེད་རིགས། ལས་འཛིན་ཚོགས་གཙོ་དང་ཡང་ན་ལས་འཛིན་ལྷན་ཚོགས་ལ་རེ་འདུན་ཞུས་ནས། ཁོངས་མིའི་ཚོགས་ཆེན་ནམ་ཡང་ན་ཁོངས་མིའི་འཐུས་མིའི་ཚོགས་ཆེན་གྱིས་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་རྗེས་མཉམ་ལས་ཁང་དེའི་ཁོངས་མི་གཞན་དག་ལ་ནང་བཤུག་གཏོང་ཆོག

    ནོར་སྲིད་ཀྱི་ཐད་ཀའི་ཁ་གསབ་བླངས་ནས་བྱུང་བའི་རྒྱུ་ནོར་རྣམས་ཆ་སྙོམས་ཐོག་ཁོངས་མིའི་ཐོབ་སྐལ་དུ་གྲངས་བཅད་བཟོས་པ་དེ་ནང་བཤུག་གཏོང་མི་ཆོག

    དོན་ཚན་བཅུ་བདུན་པ། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་ཁོངས་མི་མཉམ་ལས་ཁང་ནས་དོན་པའམ་ཡང་ན་མིང་ཁོངས་ནས་བསུབས་ཚེ་དེའི་ཁོངས་མིའི་ཐོབ་ཐང་ཁྲིམས་ལྟར་མཚམས་འཇོག་བྱ་རྒྱུ།

    ཁོངས་མིའི་ཐོབ་ཐང་མཚམས་འཇོག་བྱས་ཚེ། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གིས་ངེས་པར་དུ་སྒྲིག་ཡིག་ནང་གཏན་འབེབས་བྱས་པའི་བྱ་ཐབས་དང་དུས་བཀག་གཞིར་བཟུང་། ཁོངས་མི་དེའི་རྩིས་ཐོའི་ནང་འཁོད་ཀྱི་མ་འཇོག་གྲངས་འབོར་དང་སྤྱི་གསོག་མ་དངུལ་གྱི་ཐོབ་སྐལ་ཕྱིར་སློག་བྱེད་དགོས། ཁོངས་མིའི་ཐོབ་ཐང་མཚམས་འཇོག་མ་བྱས་གོང་མཉམ་ལས་ཁང་དེའི་བགོ་བཤའ་རྒྱག་ཆོག་པའི་ཁེ་འབབ་ཡོད་རིགས་ངེས་པར་དུ་ཁྲིམས་ལྟར་ཁོངས་མི་དེར་ཕྱིར་སློག་བྱེད་དགོས།

    ཐོབ་ཐང་མཚམས་འཇོག་བྱས་པའི་ཁོངས་མིར་ངེས་པར་དུ་སྒྲིག་ཡིག་གི་གཏན་འབེབས་ལྟར་ཐོབ་ཐང་མཚམས་འཇོག་མ་བྱས་གོང་གི་མཉམ་ལས་ཁང་དེའི་གྱོང་གུན་དང་བུ་ལོན་ཆ་གསེས་གཏོང་དགོས།

    དོན་ཚན་བཅོ་བརྒྱད་པ། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ཟླ་སྒྲིལ་གཏོང་རྩིས་ཡོད་ཚེ། ངེས་པར་དུ་བུ་ལོན་བསྡུ་དབང་དང་འཇལ་དབང་ལ་ཕྱོགས་ཡོངས་ནས་གཙང་བཤེར་བྱེད་དགོས་པ་དང་། ཟླ་སྒྲིལ་གཏོང་རྒྱུའི་གྲོས་ཆོད་བཞག་པའི་ཉིན་བཅུའི་ནང་ཚུན་དུ་བུན་བདག་ལ་བརྡ་ཐོ་གཏོང་དགོས། ཟླ་སྒྲིལ་བཏང་བའི་ཕྱོགས་སོ་སོའི་བུ་ལོན་བསྡུ་དབང་དང་འཇལ་དབང་དེ་ཟླ་སྒྲིལ་བཏང་རྗེས་མུ་མཐུད་སོར་གནས་བྱེད་པའམ་ཡང་ན་གསར་བཙུགས་ཀྱི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གིས་རྒྱུན་འཛིན་བྱེད་དགོས།

    དོན་ཚན་བཅུ་དགུ་པ། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ཁ་ཐོར་པ་བཟོ་བ་དང་མ་རྩ་བརྡིབས་ནས་ཞིབ་རྩིས་རྒྱག་དགོས་ཚེ། བུ་ལོན་གཙང་འཇལ་བྱས་རྗེས་གལ་ཏེ་རྒྱུ་ནོར་ལྷག་མ་ཡོད་པ་དང་། རྒྱུ་ནོར་ལྷག་མའི་ནང་རྒྱལ་ཁབ་ནོར་སྲིད་ཀྱིས་ཐད་ཀར་ཁ་གསབ་སྤྲད་ནས་བྱུང་བའི་རྒྱུ་ནོར་ཡོད་ཚེ་ངེས་པར་དུ་དེ་སྔའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གནས་ཡུལ་གྱི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གཞན་དག་ལ་སྔོན་དུ་བསྒྱུར་སྤྲོད་བྱེད་དགོས་པ་དང་། ཡང་ན་དེ་སྔའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གནས་སའི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་སམ་ཡང་ན་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱི་འགན་ནུས་ཚབ་སྒྲུབ་བྱེད་མཁན་ཡུལ་མི་ཨུ་ཡོན་ལྷན་ཁང་ལ་བསྒྱུར་སྤྲོད་བྱས་ཀྱང་ཆོག

    ཞིང་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་རྐྱེན་པས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་མེད་པར་བཟོས་པ་དང་བུན་སྟོངས་གཙང་རྩིས་བརྒྱབ་པ་དང་། རྒྱུ་ནོར་ལྷག་མའི་ཁྲོད་རྒྱལ་ཁབ་ནོར་སྲིད་ཀྱིས་ཐད་ཀར་ཁ་གསབ་སྤྲད་ནས་བྱུང་བའི་རྒྱུ་ནོར་ཡིན་ཚེ་ངེས་པར་དུ་སྔོན་ལ་དེ་སྔའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་ཁོངས་མིས་གསར་དུ་བཙུགས་པའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དུ་བསྒྱུར་སྤྲོད་བྱས་ཏེ་ཐོན་སྐྱེད་དང་ལས་རིགས་བསྒྱུར་རྒྱུར་སྐུལ་འདེད་གཏོང་དགོས།

    དོན་ཚན་ཉི་ཤུ་པ། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དང་ཁོངས་མིའི་དབར་རྩོད་རྙོག་ཐོན་ཚེ་གྲོས་མོལ་བྱས་ནས་ཐག་གཅོད་རྒྱུར་སྐུལ་ལྕག་གཏོང་དགོས།

    རྫོང་རིམ་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་དང་། ཤང་དང་གྲོང་རྡལ་མི་དམངས་སྲིད་གཞུང་། ཁྲོམ་གཞུང་དོན་གཅོད་ཁང་། ཡུལ་མི(གྲོང་མི)ཨུ་ཡོན་ལྷན་ཁང་། མི་དམངས་འདུམ་འགྲིག་རྩ་འཛུགས་བཅས་ཀྱིས་ངེས་པར་དུ་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དང་འབྲེལ་བ་ཡོད་པའི་འགལ་ཟླ་དང་རྩོད་རྙོག་ཁྲིམས་ལྟར་དུས་ཐོག་ཏུ་འདུམ་འགྲིག་དང་ཐག་གཅོད་བྱེད་དགོས།

    དོན་ཚན་ཉེར་གཅིག་པ། རྫོང་རིམ་པ་ཡན་མི་དམངས་སྲིད་གཞུང་དང་དེའི་ཞིང་ལས་གྲོང་གསེབ་སོགས་སྡེ་ཚན་གྱིས་ངེས་པར་དུ་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་འཛུགས་སྐྱོང་དང་གོང་འཕེལ་གཏོང་རྒྱུར་གཤམ་གསལ་གྱི་མཛུབ་ཁྲིད་དང་ཞབས་ཞུ་སྒྲུབ་དགོས་པ་སྟེ།

    (གཅིག) འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་དྲིལ་བསྒྲགས་སློབ་གསོ་སྤེལ་བ་དང་། གཉེར་སྐྱོང་དོ་དམ་མི་སྣ་སྒྲིག་འཛུགས་བྱས་ཏེ་ཆེད་ལས་ཤེས་བྱ་དང་ལག་རྩལ་སྦྱོང་བརྡར་བྱེད་དུ་འཇུག་རྒྱུ་དང་།

    (གཉིས) སྲིད་ཇུས་བློ་འདྲི་དང་། ཁྲོམ་ར། ལག་རྩལ་སོགས་ཀྱི་འབྲེལ་ཡོད་ཆ་འཕྲིན་མཁོ་འདོན་བྱ་རྒྱུ།

    (གསུམ) ནང་ཁུལ་གྱི་འཁོར་སྐྱོད་དང་། ནོར་དོན་རྩིས་པ། ཐོན་སྐྱེད་ཚོང་གཉེར་སོགས་ཀྱི་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བར་མཛུབ་ཁྲིད་བྱ་རྒྱུ།

    (བཞི) ཚད་ལྡན་ཅན་གྱི་ཐོན་སྐྱེད་དང་གཞི་ཁྱོན་ལྡན་པའི་གཉེར་སྐྱོང་ལ་ཁྲིད་སྟོན་བྱས་ཏེ་འབྱུང་འཕྲོད་ཐོན་སྐྱེད་བྱེད་སྟངས་ཁྱབ་སྤེལ་གཏོང་བ་དང་། ཞིང་འབྲོག་ལས་རྒྱུན་འཁོར་གོང་འཕེལ་བཏང་ནས་ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་ཚད་ལ་བདེ་འཇགས་ལྟ་སྡོམ་དང་ཁུངས་འདེད་ལམ་ལུགས་དོན་འཁྱོལ་བྱ་རྒྱུ།

    (ལྔ) འབྲེལ་ཡོད་ཀྱི་རོགས་སྐྱོར་རྣམ་གྲངས་ཡིག་ཐོག་སྙན་ཞུ་འབུལ་རྒྱུར་མཛུབ་ཁྲིད་བྱས་ཏེ་ཐོན་སྐྱེད་གཉེར་སྐྱོང་གི་བརྒྱུད་རིམ་ནང་འཕྲད་པའི་དཀའ་ངལ་དང་གནད་དོན་མཐུན་སྦྱོར་བྱས་ནས་ཐག་གཅོད་བྱ་རྒྱུ་བཅས་སོ།

    དོན་ཚན་ཉེར་གཉིས་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ནོར་སྲིད་ཀྱི་ཁ་གསབ་རོགས་དངུལ་དང་། དངུལ་བུན་སྐྱེད་སྦྱར། འགན་བཅོལ་ཁ་གསབ། མཛུབ་ཁྲིད་ཞབས་ཞུ་སོགས་ཀྱི་བྱ་ཐབས་བརྒྱུད་དེ་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ལ་ཆ་འཕྲིན་ཅན་འཛུགས་སྐྱོང་དང་། སྦྱོང་བརྡར། ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་ཚད་ཁས་ལེན་དཔང་འདོན། ཞིང་ཕྱུགས་ཐོན་རྫས་ཀྱི་ཚོང་རྟགས་ཐོ་འགོད། ཁེ་བེད་བདག་ཐོབ་རེ་ཞུ། ཞིང་འབྲོག་ལས་ཐོན་སྐྱེད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཁྲོམ་ར་གཉེར་སྐྱོང་དང་ལག་རྩལ་ཁྱབ་གདལ་སོགས་ཀྱི་ལས་སྒོ་སྤེལ་བར་རྒྱབ་སྐྱོར་བྱེད་དགོས།

    མཐའ་མཚམས་ས་ཁུལ་གྱི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ལ་ངེས་པར་དུ་སྔོན་ལ་རོགས་སྐྱོར་བྱེད་དགོས།

    དོན་ཚན་ཉེར་གསུམ་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་འཛུགས་སྐྲུན་རྣམ་གྲངས་ལ་རྒྱབ་སྐྱོར་བྱེད་སྐབས་ཆ་རྐྱེན་ཡོད་པའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ལ་མངགས་བཅོལ་བྱས་ནས་ལག་བསྟར་བྱེད་པའམ་ཡང་ན་བཀོད་སྒྲིག་བྱེད་ཆོག

    དོན་ཚན་ཉེར་བཞི་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ངེས་པར་དུ་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ཐོ་འགོད་བྱ་རྒྱུར་དགོས་ངེས་ཀྱི་མཛུབ་ཁྲིད་དང་རོགས་རམ་བྱེད་དགོས་པ་མ་ཟད། ཞིང་ལས་གྲོང་གསེབ་སོགས་སྡེ་ཚན་དང་མཉམ་དུ་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་འཛུགས་པ་དང་། བརྗེ་སྒྱུར། མེད་པ་བཟོ་བ་སོགས་ཐོ་འགོད་ཀྱི་ཆ་འཕྲིན་དུས་ཐོག་ཏུ་མཉམ་སྤྱོད་བྱེད་དགོས།

    རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཁྲོམ་རའི་ལྟ་སྐུལ་དོ་དམ་དང་། ཞིང་ལས་གྲོང་གསེབ་སོགས་སྡེ་ཚན་གྱིས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དུ་ཞིང་འབྲོག་པའི་ཁོངས་མི་དངོས་སུ་ཞུགས་མེད་པ་དང་། དོན་དངོས་ཀྱི་ཐོན་སྐྱེད་གཉེར་སྐྱོང་ལས་སྒོ་མེད་པའམ་ཡང་ན་ཚོང་གཉེར་བྱེད་མཚམས་བཞག་པ་ཤེས་ཚེ། དེས་རང་འགུལ་ངང་ཐོ་ཁོངས་ནས་བསུབ་རྒྱུར་ཁྲིད་སྟོན་བྱེད་དགོས།

    རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བཙུགས་རྗེས་ཐོན་སྐྱེད་གཉེར་སྐྱོང་ལས་སྒོ་སྤེལ་མེད་རིགས་དང་། ཐོ་བསུབ་ཀྱི་རེ་ཞུ་མ་བྱས་གོང་བུན་དབང་བུན་འཇལ་བྱས་ཚུལ་མེད་པའམ། ཡང་ན་བུན་དབང་བུན་འཇལ་གཙང་རྩིས་བརྒྱབ་ཟིན་པའི་རིགས་ཁྲིམས་ལྟར་སྟབས་བདེའི་ལས་རིམ་ལྟར་ཐོ་ཁོངས་ནས་བསུབ་རྒྱུའི་འགྲོ་ལུགས་གཉེར་ཆོག

    དོན་ཚན་ཉེར་ལྔ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཞིང་ལས་དང་གྲོང་གསེབ་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་ཆ་འཕྲིན་ཞབས་ཞུའི་ལས་སྟེགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་ཐོན་སྐྱེད་མ་བྱས་གོང་དང་། ཐོན་སྐྱེད་བྱེད་རིང་། ཐོན་སྐྱེད་བྱས་རྗེས་བཅས་ལ་ཆ་འཕྲིན་གྱི་ཞབས་ཞུ་སྒྲུབ་དགོས།

    རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཞིང་ལས་དང་གྲོང་གསེབ་སོགས་སྡེ་ཚན་གྱིས་ངེས་པར་དུ་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ནས་ཆ་འཕྲིན་ཅན་གྱི་རྨང་གཞིའི་སྒྲིག་བཀོད་དང་གློག་རྡུལ་ཚོང་དོན་ལས་སྟེགས་སྤྱད་དེ་ཞིང་ཕྱུགས་ཐོན་རྫས་དྲིལ་བསྒྲགས་དང་། འོས་སྦྱོར། བྲིན་ཚོང་བཅས་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས།

    དོན་ཚན་ཉེར་དྲུག་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཞིང་ལས་གྲོང་གསེབ་དང་ཚན་རིག་ལག་རྩལ་སོགས་སྡེ་ཚན་གྱིས་ངེས་པར་དུ་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དེ་ཞིང་འབྲོག་ལས་ཀྱི་ཚན་རིག་ཞིབ་འཇུག་དང་ལག་རྩལ་ཁྱབ་གདལ་གྱི་ཞབས་ཞུའི་ཁྱབ་ཁོངས་ནང་འཇུག་རྒྱུ་དང་། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ནས་སྣ་རིགས་གསར་པ་འཛུགས་སྐྱོང་དང་ནང་འདྲེན་དང་། ལག་རྩལ་གསར་པ་སྤྱོད་རྒྱུར་མཛུབ་ཁྲིད་དང་རྒྱབ་སྐྱོར་བྱེད་དགོས།

    ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ལ་ལག་རྩལ་བློ་འདྲི་དང་ཚན་རྩལ་ཁྱབ་གདལ་དང་དྲིལ་བསྒྲགས་སོགས་ཀྱི་ཐད་ཚན་ཞིབ་ཁང་དང་། མཐོ་རིམ་སློབ་གྲྭ། ལག་རྩལ་ཁྱབ་གདལ་ལས་ཚན། ཚན་རིག་ལག་རྩལ་མཐུན་ཚོགས་སོགས་ཚན་པས་ཞབས་ཞུ་སྒྲུབ་པར་སྐུལ་ལྕག་གཏོང་དགོས།

    ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ལ་ཞིང་འབྲོག་ལས་ཀྱི་ལག་ལེན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པའི་རིགས་གཅིག་མཁས་ཅན་གྱིས་ལག་རྩལ་གྱི་རྒྱབ་སྐྱོར་བྱ་རྒྱུར་སྐུལ་ལྕག་གཏོང་དགོས།

    དོན་ཚན་ཉེར་བདུན་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་གོང་འཕེལ་སྒྱུར་བཅོས་དང་། ཞིང་ལས་གྲོང་གསེབ། ཚོང་དོན། ནགས་ལས་རྩྭ་ཐང་སོགས་སྡེ་ཚན་དང་། དེ་བཞིན་མཁོ་ཚོང་མཉམ་ལས་ཁང་སོགས་རྩ་འཛུགས་ཀྱིས་ངེས་པར་དུ་བྱ་ཐབས་སྤྱད་དེ་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དང་། རིགས་འབྲེལ་སྒོ་རྩིས་ཚོང་ཁང་། གློག་རྡུལ་ཚོང་དོན་ཁེ་ལས། བཟའ་བཅའ་ལས་སྣོན་ཁེ་ལས། བཟའ་བཏུང་ཞབས་ཞུའི་ཁེ་ལས། དེ་བཞིན་ཁེ་ལས་དང་བྱ་གཞག་ཚན་པ་ཆེ་གྲས་གཞན་དག་སོགས་དབར་ཞིང་ཚོང་འབྲེལ་མཐུད་དང་ཐོན་འཚོང་འབྲེལ་མཐུད་ཡོང་བར་རོགས་རམ་བྱས་ཏེ་ཞིང་ཕྱུགས་ཐོན་རྫས་ཀྱི་འཁོར་རྒྱུག་ཐབས་ལམ་གསར་པ་རྒྱ་ཆེར་གཏོང་དགོས།

    དོན་ཚན་ཉེར་བརྒྱད་པ། དཔྱ་ཁྲལ་ལས་ཁུངས་ཀྱིས་ངེས་པར་དུ་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ལ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་གནང་བའི་ཁྲལ་གྲོན་གཟིགས་སྐྱོང་སྲིད་ཇུས་ཁག་དོན་འཁྱོལ་བྱས་ནས་གནད་འཕིགས་དང་སྟབས་བདེའི་ཁྲལ་འཇལ་རིན་བསྡུའི་ཞབས་ཞུ་སྒྲུབ་དགོས།

    དོན་ཚན་ཉེར་དགུ་པ། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གིས་ཞིང་ལས་ལག་རྩལ་ཁྱབ་གདལ་དང་། ས་ཆ་མངགས་བཅོལ་བདག་གཉེར། ཚབ་རྨོ་ཚབ་འདེབས། མཉམ་འགོག་མཉམ་བཅོས། བསྡུ་ལེན་སྐྱེལ་འདྲེན་སོགས་ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུ་སྒྲུབ་པར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས།

    ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གིས་གྲོང་གསེབ་ཀྱི་ཡུལ་སྐོར་དང་། སྤྲོ་གསེང་ཞིང་འབྲོག་ལས། གྲོང་གསེབ་ཀྱི་དམངས་ཁྲོད་བཟོ་རྩལ། གྲོང་གསེབ་ཀྱི་ཆ་འཕྲིན་ཞབས་ཞུ། ཞིང་ཕྱུགས་ཐོན་རྫས་ཀྱི་གློག་རྡུལ་ཚོང་དོན་སོགས་གྲོང་གསེབ་ཀྱི་ཐོན་ལས་གོང་འཕེལ་གཏོང་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས།

    ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གིས་ཞིང་ལས་ཀྱི་ཟོག་རོ་དབོར་སྐྱེལ་དང་། གྲོང་གསེབ་ཀྱི་གད་སྙིགས་གཙང་སེལ། ཐོན་ཁུངས་ཅན་དུ་བེད་སྤྱོད་སོགས་བྱེད་པའི་སྒྲིག་བཀོད་འཛུགས་སྐྲུན་བྱས་ཏེ། མཛེས་མཐུན་གྱི་གྲོང་གསེབ་འཛུགས་སྐྲུན་བྱེད་པའི་ནང་ཞུགས་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས།

    དོན་ཚན་སུམ་ཅུ་པ། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གིས་གནོད་མེད་བཟའ་བཅའ་དང་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཁས་ལེན་དཔང་འདོན་བྱེད་པ་དང་། ས་ཁམས་མཚོན་རྟགས་ཀྱི་ཐོན་རྫས་སྲུང་སྐྱོབ་དང་ཚོང་རྟགས་ཐོ་འགོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ། སྤུས་རྟགས་ཚོང་གཉེར་འོས་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ས་གནས་ཀྱི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་དང་གྲོང་གསེབ་ཀྱི་དམངས་ཁྲོད་བཟོ་རྩལ་ཐོན་རྫས་ཀྱི་གྲགས་རྟགས་གཏོད་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས།

    དོན་ཚན་སོ་གཅིག་པ། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གིས་གོང་འཕེལ་གྱི་དགོས་མཁོ་གཞིར་བཟུང་རང་རྟོགས་ངང་མཉམ་འབྲེལ་ཁང་འཛུགས་རྒྱུར་སྐུལ་ལྕག་བཏང་སྟེ། ཐོན་སྐྱེད་དང་། བཟོ་སྣོན། ཚོང་གཉེར་བཅས་གཞི་གཅིག་ཅན་གྱི་གོང་འཕེལ་གཏོང་རྒྱུ་དང་། ཐོན་སྐྱེད་དང་། གཉེར་སྐྱོང་། ཞབས་ཞུ་བཅས་ཀྱི་གཞི་ཁྱོན་རྒྱ་ཆེར་བཏང་ནས་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས།

    དོན་ཚན་སོ་གཉིས་པ། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གིས་མཁོ་ཚོང་མཉམ་ལས་ཁང་དང་། གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས། ཁྱིམ་ཚང་གི་ཞིང་འབྲོག་ར། འབྲེལ་ཡོད་ཁེ་ལས་སོགས་དབར་ཐོན་ཁུངས་སྒྲིལ་སྤྱོད་དང་ལེགས་ཆ་གསབ་རེས། མཉམ་འདྲེས་གོང་འཕེལ་བཅས་ཡོང་བར་སྐུལ་ལྕག་གཏོང་དགོས།

    ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གིས་ལས་རིགས་དང་ས་ཁོངས་བརྒལ་བའི་མཉམ་ལས་བྱས་ཏེ་མཐུན་སྦྱོར་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་ལྕག་གཏོང་དགོས།

    ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གིས་ཁེ་ལས་གཉེར་བ་དང་གཉེར་སྐྱོང་བྱེད་སྟངས་གསར་གཏོད་བྱེད་པ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས། ཐོན་ལས་འཁོར་འབྲེལ་སྣུར་སྲིང་གིས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་རྒྱུར་སྐུལ་ལྕག་གཏོང་དགོས།

    དོན་ཚན་སོ་གསུམ་པ། ཁྲོམ་རའི་བྱེད་པོ་དང་སྤྱི་ཚོགས་སྟོབས་ཤུགས་ཀྱིས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་ཞབས་ཞུའི་ལས་ཚན་འཛུགས་རྒྱུར་སྐུལ་ལྕག་གཏོང་དགོས། ཆ་རྐྱེན་ཡོད་པའི་ས་ཁུལ་དུ་སྲིད་གཞུང་གི་ཞབས་ཞུ་ཉོ་སྒྲུབ་སོགས་ཀྱི་བྱ་ཐབས་བརྒྱུད་ནས་ཆེད་ལས་ལས་ཚན་དང་ལས་རིགས་རྩ་འཛུགས་སམ་ཡང་ན་ཆེད་ལས་ཤེས་ལྡན་པ་བཅས་ལ་མངགས་བཅོལ་བྱས་ཏེ། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ལ་ནོར་དོན་དོ་དམ་དང་། ལག་རྩལ་མཛུབ་ཁྲིད། མི་སྣ་གསོ་སྦྱོང་སོགས་ཀྱི་ཞབས་ཞུ་སྒྲུབ་དགོས།

    བཅའ་ཁྲིམས་ཞབས་ཞུའི་ལས་ཚན་གྱིས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ལ་བཅའ་ཁྲིམས་ཀྱི་ཞབས་ཞུ་བསྒྲུབས་ཏེ་དེར་ཁྲིམས་ལྟར་གཉེར་སྐྱོང་བྱེད་རོགས་བྱས་ནས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དང་དེའི་ཁོངས་མིའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་དགོས།

    དོན་ཚན་སོ་བཞི་པ། ཕྱོགས་ཐོན་ཞོར་ལས་བྱེད་མཁན་དང་། མཐོ་རིམ་སློབ་ཐོན་སློབ་མ། ལས་རིགས་སློབ་གྲྭའི་སློབ་ཐོན་སློབ་མ། དམག་ཞབས་ཐིམ་པའི་དམག་མི། ཚན་རྩལ་མི་སྣ་སོགས་ཕ་ཡུལ་དུ་ལོག་པ་དང་གྲོང་གསེབ་ཏུ་བསྐྱོད་དེ། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གཉེར་བ་དང་ཁྲིད་གཉེར་བྱ་རྒྱུར་སྐུལ་ལྕག་གཏོང་རྒྱུ། ཕ་ཡུལ་དུ་ལོག་པ་དང་གྲོང་གསེབ་ཏུ་བསྐྱོད་དེ་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གཉེར་བ་དང་ཁྲིད་གཉེར་བྱེད་པ་མ་ཟད་འབྲེལ་ཡོད་ཆ་རྐྱེན་དང་མཐུན་པའི་རིགས་ལ་གོ་མིང་དཔྱད་ཞིབ་དང་། ལས་རིགས་རྩལ་ནུས་གསལ་འབྱེད། ཤེས་ལྡན་པ་བསྡུ་བ་སོགས་ལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་དགོས།

    མཐོ་རིམ་སློབ་གྲྭ་དང་ལས་རིགས་སློབ་གྲྭའི་སློབ་ཐོན་སློབ་མ་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དུ་ལས་ཞུགས་བྱ་རྒྱུར་སྐུལ་ལྕག་གཏོང་དགོས་པ་མ་ཟད། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྲིད་ཇུས་ཀྱི་ཐོབ་ཐང་ལོངས་སྤྱོད་ཐུབ་པ་བྱེད་དགོས།

    དོན་ཚན་སོ་ལྔ་པ། དངུལ་རྩའི་ལས་ཚན་གྱིས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་དོན་དངོས་དང་ཟུང་འབྲེལ་གྱིས་དངུལ་རྩའི་ཐོན་རྫས་དང་ཞབས་ཞུའི་རྣམ་པ་གསར་གཏོད་བྱས་ནས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དང་དེའི་ཁོངས་མིར་དངུལ་རྩའི་ཞབས་ཞུ་སྒྲུབ་རྒྱུར་སྐུལ་ལྕག་གཏོང་དགོས།

    སྲིད་གཞུང་རང་བཞིན་གྱི་མ་རྩ་བསྡུ་རྒྱུག་ཁག་ཐེག་ལས་ཚན་གྱིས་ངེས་པར་དུ་ཆ་རྐྱེན་འཛོམས་པའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ལ་དངུལ་བུན་གཡར་རེ་ཞུ་བའི་ཁག་ཐེག་གི་ཞབས་ཞུ་སྒྲུབ་དགོས།

    དོན་ཚན་སོ་དྲུག་པ། འགན་བཅོལ་ལས་ཚན་ཁག་གིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཞིང་འབྲོག་ལས་ཀྱི་སྲིད་ཇུས་རང་བཞིན་གྱི་འགན་བཅོལ་ལས་སྒོ་སྤེལ་ནས་དམིགས་སའི་རང་བཞིན་ལྡན་པའི་འགན་བཅོལ་ཐོན་རྫས་གསར་སྤེལ་བྱ་རྒྱུར་སྐུལ་ལྕག་བཏང་སྟེ། ཐོན་རྫས་ཐོན་སྐྱེད་དང་། བཟོ་སྣོན། གསོག་ཉར། སྐྱེལ་འདྲེན། ཕྱིར་ཚོང་། ཞིང་འབྲོག་ལས་ཀྱི་འཕྲུལ་ཆས་ལས་སྒྲུབ་སོགས་ཀྱི་ལྷུ་ཚིགས་ནང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ལ་འགན་བཅོལ་ཞབས་ཞུ་བསྒྲུབས་ཏེ། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་ཉེན་འགོག་ནུས་པ་ཆེ་རུ་གཏོང་དགོས།

    དོན་ཚན་སོ་བདུན་པ། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་ཐོན་སྐྱེད་སྒྲིག་བཀོད་ཐད་སྤྱོད་རྒྱུའི་ས་ཆ་དང་ཐོན་སྐྱེད་རང་བཞིན་གྱི་ལེ་ལག་ཚང་བའི་སྒྲིག་བཀོད་ཐད་སྤྱོད་རྒྱུའི་ས་ཆའི་རིགས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་དང་མཐུན་ཚེ་ཞིང་ལས་སྤྱོད་སར་བརྩིས་ནས་དོ་དམ་བྱེད་དགོས།

    ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གིས་ཞིང་ཕྱུགས་ཐོན་རྫས་བཟོ་སྣོན་ལས་རིགས་གཉེར་བ་དང་། མཛོད་ཉར་ཟོག་འགྲེམས་སྒྲིག་བཀོད་འཛུགས་སྐྲུན་བྱེད་པ། རིག་གནས་གསར་གཏོད་ཐོན་ལས་དང་། སྤྲོ་གསེང་ཞིང་ལས། གྲོང་གསེབ་ཀྱི་ཡུལ་སྐོར་སོགས་གོང་འཕེལ་གཏོང་བ་བཅས་བྱ་རྒྱུར་ས་ཆ་སྤྱོད་དགོས་ཚེ་ཁྲིམས་ལྟར་ས་ཆ་སྤྱོད་པའི་མཆན་འགོད་འགྲོ་ལུགས་གཉེར་དགོས།

    དོན་ཚན་སོ་བརྒྱད་པ། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གིས་འདེབས་འཛུགས་དང་། གསོ་ཚགས། དེ་བཞིན་ཞིང་ཕྱུགས་ཐོན་རྫས་ཐོག་མའི་ལས་སྣོན་བཅས་བྱེད་དགོས་ཚེ་གཏན་འབེབས་གཞིར་བཟུང་ཞིང་ལས་ཐོན་སྐྱེད་ལ་སྤྱོད་པའི་ཆུ་རིན་གློག་རིན་གྱི་ཚད་གཞི་ལག་བསྟར་བྱེད་དགོས།

    ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དང་དེའི་ཁོངས་མིས་ཞིང་ཕྱུགས་ཐོན་རྫས་སོས་པ་ཁེ་གཙང་བླུགས་ནས་སྐྱེལ་འདྲེན་བྱེད་མཁན་རླངས་འཁོར་ལ་ཞིང་ཕྱུགས་ཐོན་རྫས་སོས་པ་དང་གསོན་པོ་དབོར་བའི་ཤར་སྐྱོད་འགྲོ་ལམ་གྱི་སྲིད་ཇུས་ལོངས་སྤྱོད་བྱས་ཆོག

    དོན་ཚན་སོ་དགུ་པ། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་ལས་འཛིན་ཚོགས་གཙོ་དང་། ལས་འཛིན་པ། དོ་དམ་པ་སོགས་ཀྱིས་མི་བདེན་རྫུན་སྒྲིག་བྱས་ཏེ་རྒྱལ་ཁབ་ཀྱི་ནོར་སྲིད་ཁ་གསབ་མ་དངུལ་གཡོ་ལེན་དང་། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་རྒྱུ་ནོར་བཙན་བཟུང་དང་། གཞན་སྤྱོད། ལྐོག་བགོས་བཅས་བྱས་པའམ་ཡང་ན་ཁོངས་མི་གཞན་དག་གི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་རིགས་ལ་ཁྲིམས་ལྟར་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ།

    དོན་ཚན་བཞི་བཅུ་པ། རིམ་ཁག་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་འཛུགས་གཉེར་དང་གོང་འཕེལ་གཏོང་བའི་ལས་དོན་ཁྲོད་འགན་དབང་གང་བྱུང་དུ་སྤྱོད་པ་དང་། རང་འགན་ཟོལ་འཇོག ཉེར་ཕྱོགས་གཡོ་ཟོལ་བཅས་བྱས་ཚེ། འགན་འཁྲི་ཡོད་མཁན་འགོ་ཁྲིད་དང་ཐད་ཀའི་འགན་འཁུར་མི་སྣར་ཁྲིམས་ལྟར་ཆད་པ་གཅོད་རྒྱུ།

    དོན་ཚན་ཞེ་གཅིག་པ། བྱ་ཐབས་འདིའི་གཏན་འབེབས་ལས་འགལ་ཡང་བྱ་ཐབས་འདིའི་ནང་ཆད་གཅོད་གཏན་འབེབས་བྱས་མེད་པའི་བྱེད་སྤྱོད་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞན་དག་ནང་ཆད་གཅོད་གཏན་འབེབས་བྱས་ཡོད་ན་གཏན་འབེབས་དེ་བཞིན་ལག་བསྟར་བྱ་རྒྱུ།

    དོན་ཚན་ཞེ་གཉིས་པ། བྱ་ཐབས་འདི་2025ལོའི་ཟླ་6ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།

    (བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།