ཝང་ཅུན་ཀྲེང་གིས་ཐེན་ཅིན་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་དབྱང་ཤན་ཅིན་དང་བཞུགས་མོལ་གནང་བ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་ཐེན་ཅིན་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་དབྱང་ཤན་ཅིན་བཅས་པ་དང་བཞུགས་མོལ་གནང་ཞིང་། འདི་ནི་བཞུགས་མོལ་གནང་བཞིན་པ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་ཐེན་ཅིན་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་དབྱང་ཤན་ཅིན་བཅས་པ་དང་བཞུགས་མོལ་གནང་བ་རེད།
ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་དབྱང་ཤན་ཅིན་དང་བཅས་པར་དགའ་བསུ་ཞུས་པ་དང་། ཐེན་ཅིན་སློབ་ཆེན་གྱིས་བོད་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས། ཐེན་ཅིན་སློབ་ཆེན་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་རིག་གནས་ཀྱི་རྨང་གཞི་ཟབ་མོ་ཡོད་ཅིང་། ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བར་རྒྱལ་ཁབ་ལ་ཕུལ་བྱུང་ཤེས་ལྡན་པ་འབོར་ཆེན་གསོ་སྐྱོང་བྱས་ནས་རྒྱལ་ཁབ་འཛུགས་སྐྲུན་དང་། མི་རིགས་ཡར་ཐོན། སློབ་གསོའི་བྱ་གཞག་འཕེལ་རྒྱས་བཅས་ལ་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད། དུས་ཡུན་རིང་པོའི་ནང་། ཐེན་ཅིན་སློབ་ཆེན་གྱིས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་སྤེལ་རེས་མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་སྟེ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། ཟླ་8ཚེས་20ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གཟིགས་ཞིབ་གནང་བ་དང་འབྲེལ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས། བོད་ཀྱི་གོམ་སྟབས་རྗེས་མའི་ལས་དོན་ལ་མཛུབ་སྟོན་ཁ་གསལ་གནང་ཡོད། ཉེ་ཆར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེན་ཅིན་སློབ་ཆེན་གྱི་དགེ་སློབ་ཡོངས་ལ་འཕྲིན་ལན་སྤྲིངས་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་གྱི་དགོས་མཁོར་དམིགས་ཏེ། ཤེས་ལྡན་པ་གསོ་སྐྱོང་གི་སྤུས་ཚད་མཐོ་རུ་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་དེ་བས་ཡག་པ་ཞུ་དགོས་པ་སོགས་ཀྱི་ཐད་བླང་བྱ་བཏོན་གནང་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་མཉམ་དུ་བྱས་ཏེ། རང་སྐྱོང་ལྗོངས་དང་སློབ་གྲྭའི་དབར་དངོས་སྒྲུབ་མཉམ་ལས་བྱེད་ཟབ་ཏུ་གཏོང་བ་དང་། རང་འགུལ་ངང་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བ། བོད་ཀྱི་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་པ། ཤེས་ལྡན་པ་དང་། རིག་སྟོབས། ཚན་རྩལ་སོགས་ཐད་ཀྱི་ཐེན་ཅིན་སློབ་ཆེན་གྱི་ལེགས་ཆ་གང་ལེགས་འདོན་པ། མི་འབོར་གྱི་བྱང་ཚད་མཐོ་རུ་གཏོང་བ་དང་། མི་སེམས་གཅིག་ཏུ་སྒྲིལ་བ། ཤེས་ལྡན་པ་གསོ་སྐྱོང་སོགས་ཀྱི་ལས་དོན་ཧུར་ཐག་སྒྲུབ་པ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས། བོད་ཀྱི་སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། བོད་ཀྱི་མཐོ་སློབ་ཀྱིས་རིག་ཚན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་རྒྱབ་སྐྱོར་དང་། ཁྱད་ཆོས་དང་ལེགས་ཆ་ལྡན་པའི་ཆེད་ལས་སྐྱེད་སྲིང་། ཞན་ཆ་དང་མི་འདང་བའི་ཆ་སེལ་བ་བཅས་བྱས་ནས། བོད་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བར་རམ་འདེགས་བྱེད་དགོས། རིག་སྟོབས་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཤེས་ལྡན་པའི་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། ཕུལ་བྱུང་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་བཅས་བྱས་ནས། ཁོང་ཚོར་བོད་ལ་རྩ་བ་ཚུགས་པ་དང་། བོད་ལ་ཞབས་འདེགས་ཞུ་བ། བོད་ལྗོངས་འཛུགས་སྐྲུན་བཅས་བྱེད་པའི་ལྕག་སྐུལ་བྱེད་དགོས།
དབྱང་ཤན་ཅིན་གྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་རྟེན་འབྲེལ་ཞུས་པ་དང་འབྲེལ། ཐེན་ཅིན་སློབ་ཆེན་གྱི་སློབ་གཉེར་ལོ་རྒྱུས་ངོ་སྤྲོད་མདོར་བསྡུས་གནང་ཞིང་། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེན་ཅིན་སློབ་ཆེན་གྱི་དགེ་སློབ་ཡོངས་ལ་འཕྲིན་ལན་གལ་ཆེན་སྤྲིངས་པ་དེས། ཐེན་ཅིན་སློབ་ཆེན་གྱི་འཕེལ་རྒྱས་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། རང་ངོས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་བོད་ཀྱི་དགོས་མཁོར་དམིགས་པ་དང་། སློབ་གྲྭ་དང་ས་གནས་དབར་གྱི་མཉམ་ལས་དང་སློབ་གྲྭ་དང་སློབ་གྲྭའི་དབར་གྱི་མཉམ་ལས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། བོད་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་རྒྱབ་སྐྱོར་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་གི་ཡིན་ཞེས་གསུངས་པ་རེད།
འབྲེལ་ཡོད་གསར་འགྱུར།