དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པ་དང་བཞུགས་མོལ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-18

    ཟླ་10ཚེས་14ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་མཚོ་སྔོན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲེང་ཀྲང་ལུའོ་ཏུང་ཁྲོན་གྱིས་སྣེ་ཁྲིད་པའི་ཏང་སྲིད་འཐུས་མི་ཚོགས་པ་དང་བཞུགས་མོལ་གནང་ཞིང་། འདི་ནི་བཞུགས་མོལ་གནང་ཡུལ་ཡིན་པ།

    ཟླ་10ཚེས་14ནས་ཚེས་16ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པ་བོད་དུ་རྟོག་ཞིབ་གནང་བར་ཕེབས་པ་རེད། ཚེས་14ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་མཚོ་སྔོན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲེང་ཀྲང་ལུའོ་ཏུང་ཁྲོན་གྱིས་སྣེ་ཁྲིད་པའི་ཏང་སྲིད་འཐུས་མི་ཚོགས་པ་དང་བཞུགས་མོལ་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཡན་ཅིན་ཧའེ་དང་། ཀརྨ་ཚེ་བརྟན། བསྟན་པ་བཅས་དང་དེ་བཞིན་མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་ཀྲང་ཅིན་ཀང་ཞུགས་པ་རེད།

    ཝང་ཅུན་ཀྲེང་གིས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པ་བོད་དུ་རྟོག་ཞིབ་གནང་བར་ཕེབས་པར་དགའ་བསུ་ཞུས་པ་དང་ཆབས་ཅིག མཚོ་སྔོན་ཞིང་ཆེན་གྱིས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ལ་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་གོམ་པ་བརྟན་པོ་གསར་པ་ཞིག་སྤོ་རྒྱུར་སྐུལ་འདེད་བཏང་བ་དང་། ང་ཚོས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཐོབ་པའི་གྲུབ་འབྲས་ལ་དགའ་ཚོར་ཆེན་པོ་བྱུང་བས། མཚོ་སྔོན་གྱི་འཕེལ་རྒྱས་འདུ་ཤེས་དང་འཕེལ་རྒྱས་གཏོང་སྟངས་སློབ་སྦྱོང་དང་དཔྱད་གཞིར་འཛིན་ནས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལག་ལེན་ཁྲོད་བེད་སྤྱོད་ཧུར་ཐག་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས། བོད་དང་མཚོ་སྔོན་ནི་རི་ཆུ་མཉམ་འདྲེས་དང་། མི་ཆོས་རིག་གནས་མཉམ་འབྲེལ། ཁྱིམ་ཚང་གཅིག་ལྟར་བརྩེ་དུང་ཟབ་པ་བཅས་ཡོད་པས། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ་དང་། མཚོ་བོད་ས་མཐོའི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་བ། ནུབ་རྒྱུད་ཐོན་འབྱེད་ཆེ་མོར་སྐུལ་འདེད་གཏོང་བ་བཅས་ཀྱི་འགན་འཁྲི་དང་ལས་འགན་མཉམ་དུ་འཁུར་བཞིན་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་མཉམ་དུ་ཡག་པོ་བསྒྲུབས་ནས། གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་བརྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་དུ་འགྱུར་བར་ཤུགས་སྣོན་རྒྱག་པའི་བླང་བྱ་ལྟར་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱས་ཏེ། ཆབ་སྲིད་བརྟན་ལྷིང་དང་། སྤྱི་ཚོགས་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་ཞི་དུལ་བཅས་འགན་ལེན་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ། མི་ཆོས་རིག་གནས་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། མི་རིགས་ཁག་དབར་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ས་གནས་གཉིས་ཀྱི་མི་དམངས་ཀྱི་སེམས་པ་གཅིག་འབྲེལ་དང་བརྩེ་སེམས་མཉམ་འདྲེས་ཀྱིས་ཀྲུང་ཧྭ་མི་རིགས་ལ་ཐུན་མོང་ཐོག་ལྡན་པའི་བསམ་པའི་རིག་གནས་ཁྱིམ་གཞིས་མཉམ་དུ་བསྐྲུན་དགོས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། མཚོ་བོད་ས་མཐོའི་རིན་ཐང་ཆེ་ཤོས་སྐྱེ་ཁམས་དང་འགན་འཁྲི་ཆེ་ཤོས་ནི་སྐྱེ་ཁམས་རེད་ལ། མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ཀྱང་སྐྱེ་ཁམས་ཡིན་པ་ངོས་འཛིན་གཏིང་ཟབ་བྱས་ཏེ། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཚན་རིག་དང་མཐུན་པའི་ངང་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་བྱ་སྤྱོད་སྤེལ་བ། ཐཱན་ཉུང་གཏོང་དང་། སྦགས་བཙོག་ཉུང་འཕྲི། སྔོ་རྒྱ་ཆེར་གཏོང་། འཕར་སྣོན་བཅས་ལ་མཐུན་སྦྱོར་སྐུལ་འདེད་བཏང་སྟེ། མཚོ་བོད་ས་མཐོ་འདི་ཉིད་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཞིག་ཏུ་བསྐྲུན་དགོས། ཕྱོགས་ཡོངས་ཀྱི་དངོས་སྒྲུབ་མཉམ་ལས་ཟབ་ཏུ་བཏང་ནས་ས་མཐོའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་དང་ལྷག་པར་དུ་ཁྱད་ལྡན་ཞིང་འབྲོག་ལས་དང་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ཧུར་ཐག་གཏོང་བ་དང་། རིག་གནས་ཡུལ་སྐོར་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ། ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་འཛུགས་སྐྱོང་བཅས་བྱས་ནས། སྐྱོན་སྤངས་དགེ་སྒྲུབ་དང་ལེགས་ཆ་གསབ་རེས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་འདིང་དགོས་ཞེས་གསུངས་པ་རེད།

    ལུའོ་ཏུང་ཁྲོན་གྱིས་མཚོ་སྔོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་དང་ཞིང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱི་ཚབ་ཞུས་ནས། བོད་རང་སྐྱོང་ལྗོངས་ཀྱིས་དུས་ཡུན་རིང་པོའི་ནང་མཚོ་སྔོན་ལ་རོགས་རམ་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ལ་ཡིད་སྨོན་གནང་བ་རེད། ཁོང་གིས། མཚོ་སྔོན་དང་བོད་ལྗོངས་དབར་གྱི་མཛའ་གྲོགས་འགྲོ་འོང་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་སྤེལ་རེས་མཉམ་ལས་ལ་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་རིང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། བོད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཉམས་མྱོང་བཟང་པོ་དང་། བྱ་ཐབས་བཟང་པོ། སྤྱོད་ཚུལ་བཟང་པོ་བཅས་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དང་འདུ་འགོད་གལ་ཆེན་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ་དང་དེར་ཞབས་འདེགས་ཞུ་བ། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་དང་། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན། སྐྱེ་ཁམས་ཁོར་ཡུག་མཐུན་སྦྱོར་བཅོས་སྐྱོང་། ནུས་རྒྱུ་གཙང་མའི་ཐོན་ལས། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས། འགྲིམ་འགྲུལ་སྐྱེལ་འདྲེན་ཕན་ཚུན་འབྲེལ་མཐུད། ཐོན་ལས་མཉམ་སྒྲུབ་ཀྱི་ལེགས་ཆ་གསབ་རེས། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་རྒྱག་པ་སོགས་ལ་དམིགས་ནས། དངོས་སྒྲུབ་མཉམ་ལས་སྔར་བས་ཟབ་ཏུ་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་རླབས་པོ་ཆེའི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བགྲོད་ལམ་ཐོག་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།