ལའེ་ཅའོ“ཤེས་ལྡན་པ་འཛོམས་ནས་ས་མཐོར་བློ་ཁ་ཕྱོགས”ཞེས་པའི་2025ལོའི་བོད་ཀྱི་ཤེས་ལྡན་པ་དང་བློ་རིག་འདྲེན་འགུགས་འོས་སྦྱོར་བྱེད་སྒོར་ཞུགས་པ།
ཚེས་14ནས་16ཉིན་བར། “ཤེས་ལྡན་པ་འཛོམས་ནས་ས་མཐོར་བློ་ཁ་ཕྱོགས”ཞེས་པའི་2025ལོའི་བོད་ཀྱི་ཤེས་ལྡན་པ་དང་བློ་རིག་འདྲེན་འགུགས་འོས་སྦྱོར་བྱེད་སྒོ་ཞ་མོན་སློབ་ཆེན་དང་། ནན་ཅིང་སློབ་ཆེན། ཀྲེ་ཅང་སློབ་ཆེན་བཅས་སྔ་རྗེས་སུ་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་བྱེད་སྒོར་ཞུགས་ནས་བཞེད་དོན་གཙོ་བོའི་ངོ་སྤྲོད་གནང་བ་རེད།
ལའེ་ཅའོ་ཡིས་ནན་བཤད་གནང་དོན། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་དང་། དུས་རབས་གསར་པའི་ནུབ་རྒྱུད་ཐོན་འབྱེད་ཆེན་མོ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་སོགས་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། དེ་བཞིན་རྒྱལ་ཁབ་ཀྱི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་བྱེད་འགོ་ཚུགས་པ་དང་ཆབས་ཅིག བོད་ལྗོངས་ལ་ལོ་ངོ་སྟོང་རིང་འཕྲད་དཀའ་བའི་འཕེལ་རྒྱས་ཀྱི་གོ་སྐབས་ཐོབ་ཡོད། སྔར་བྱུང་མྱོང་མེད་པའི་སྒོ་དབྱེའི་རྣམ་འགྱུར་ཐོག་ནས་རྣམ་པ་གསར་གཏོད་དང་མ་འོངས་པའི་ཕྱོགས་སུ་སྐྱོད་བཞིན་ཡོད་པས། སྔོན་ཆད་ཀྱི་དུས་སྐབས་གང་ལས་ཀྱང་ཤེས་ལྡན་པའི་དགོས་མཁོ་དེ་བས་ཆེ་བ་དང་སྔོན་ཆད་ཀྱི་དུས་སྐབས་གང་ལས་ཀྱང་ཤེས་ལྡན་པའི་གྲུབ་འབྲས་དེ་བས་ཆེ་བ་ཐོན་ཐུབ་ཀྱི་ཡོད། ཁོང་གིས་གསུངས་དོན། “བློ་ཁ་མཐུན་ན་རི་དང་རྒྱ་མཚོས་ཆོད་ཀྱང་ཐག་མི་རིང”བོད་ཀྱིས་ཤེས་ལྡན་པ་སྟོབས་ཆེའི་ཁུལ་གྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་པ་དང་ཤེས་ལྡན་པའི་ལས་དོན་གྱི་དོན་ཚན་19དོན་འཁྱོལ་བྱས་ཏེ། “ཇོ་རིའི་ཤེས་ལྡན་པའི”འཆར་གཞི་ལག་བསྟར་བྱས་ནས“དོན་འཁྱོལ་བྱ་རྒྱུ་ཁས་ལེན་བྱེད་པ་ལས་གལ་ཆེ་བའི”འདུ་ཤེས་ཐོག་ནས་ཤེས་ལྡན་པ་སྣ་ཚོགས་ལ་ལས་སྒྲུབ་ལས་གཏོད་ཀྱི་ལས་སྟེགས་བསྐྲུན་པ་དང་འཚར་ལོངས་ཀྱི་ཁོར་ཡུག་ཡག་པོ་བསྐྲུན་ཡོད། རིགས་གཅིག་མཁས་ཅན་དང་མཁས་དབང་བོད་དུ་རྟོག་ཞིབ་བྱེད་པར་ལྷག་བསམ་རྣམ་དག་གིས་གདན་དྲངས་ནས་ཚན་རྩལ་གྲུབ་འབྲས་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ལག་ལེན་ཁྲོད་བེད་སྤྱོད་བྱེད་ཀྱི་ཡོད། མཐོ་སློབ་ཀྱི་སློབ་མ་དེ་བས་མང་བ་དུས་རབས་གསར་པའི་བོད་ཀྱི་ཤེས་ལྡན་པའི་དཔུང་ཁག་གི་ཁོངས་མི་ཞིག་ཏུ་གྱུར་ནས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་དང་ལག་གདང་སྦྲེལ་ཏེ་ཐུན་མོང་ཐོག་འཕེལ་རྒྱས་ཇུས་འགོད་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། ཕྱོགས་ཁག་གི་ཚན་ཞིབ་ཚོགས་པ་ཕེབས་ནས་ཐོན་ཁུངས་མཉམ་སྤྱོད་དང་། རྣམ་གྲངས་མཉམ་སྐྲུན། གྲུབ་འབྲས་མཉམ་སྤྱོད་བཅས་ཀྱི་ཁྲོད་མཉམ་ལས་གཉིས་ཕན་ཡོང་བར་དགའ་བསུ་ཞུ་རྒྱུ་ཡིན།
འབྲེལ་ཡོད་གསར་འགྱུར།