དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཀརྨ་ཚེ་བརྟན།
  • ཀརྨ་ཚེ་བརྟན་གྱིས་རང་ལྗོངས་ཀྱི་ནུས་རྒྱུ་དང་གློག་ཤུགས་མཁོ་འདོན་འགན་ལེན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-16

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་རང་ལྗོངས་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་དང་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་གློག་ཤུགས་མཁོ་འདོན་འགན་ལེན་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས། རྒྱལ་ཁབ་ཀྱི་ནུས་རྒྱུའི་བདེ་འཇགས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་བོད་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་དང་། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་ཀྱིས་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་དང་ནུས་རྒྱུ་དང་གློག་ཤུགས་མཁོ་སྤྲོད་བརྟན་པོ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཏེ། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བརྟན་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    བོད་ཀྱི་འཕེལ་རྒྱས་ལ་རང་ངོས་ཀྱི་ཁྱད་ཆོས་ལྡན་པས་དོན་དངོས་དང་བསྟུན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རང་སྐྱོང་ལྗོངས་ནུས་རྒྱུ་ཅུས་སུ་ཀརྨ་ཚེ་བརྟན་གྱིས་རང་ལྗོངས་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་ཚུལ་གྱི་ངོ་སྤྲོད་གསན་ཞིང་། ཁོང་གིས། བོད་ཀྱི་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ནང་རང་རྟོགས་ངང་བཅུག་ནས་བསམ་གཞིག་ཞིབ་འཇུག་དང་ཇུས་འགོད་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་ཀྱི་དགོས་མཁོ་དང་། བོད་ཀྱི་འཁོས་དཔག མང་ཚོགས་ཀྱི་རེ་སྒུག འབྱུང་འགྱུར་གྱི་ཁ་ཕྱོགས་བཅས་ཟུང་འབྲེལ་དམ་ཟབ་ཀྱིས་གནད་དོན་ལ་ཞིབ་འཇུག་དང་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་ཆེ་རུ་ཧུར་ཐག་གཏོང་བ་དང་། དགེ་མཚན་ཡག་པོ་འདོན་པ། གོ་སྐབས་དམ་འཛིན་དང་དངོས་འཛིན་དངོས་སྒྲུབ་བཅས་ཀྱི་སྒོ་ནས་རང་ལྗོངས་ཀྱི་ནུས་རྒྱུའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས། འཐབ་ཇུས་ཇུས་འགོད་དང་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་ནས་མིག་སྔ་དང་སླད་ཕྱིན། མཁོ་འདོན་འགན་ལེན་དང་འཛད་སྤྱོད། ནང་མཁོ་དང་ཕྱིར་གཏོང་སོགས་ལ་སྤྱི་འདོམས་བྱས་ནས་འཆར་འགོད་རྣམ་གྲངས་ལ་འདེགས་སྐྱོར་ཡག་པོ་བྱེད་དགོས། ཐོན་ཁུངས་འབེལ་བར་གཞི་ཚུགས་ནས་ནུས་རྒྱུའི་གྲུབ་ཆ་མུ་མཐུད་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། ལྗང་མདོག་ནུས་རྒྱུའི་ཚོང་འགུགས་མ་འདྲེན་སྔོག་འདོན་གཏིང་ཟབ་བྱེད་པ། ཐོན་སྐྱེད་ནུས་ཤུགས་གསར་མའི་གཏིང་ཤུགས་གསར་པ་འཕེལ་རྒྱས་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ། བོད་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་ཏན་ཏིག་བསྒྱུར་བར་བྱེད་དགོས་ཞེས་གསུངས་པ་རེད།

    གློག་དྲ་ནི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འདེགས་སྐྱོར་གལ་ཆེན་ཞིག་རེད། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིར་ཀརྨ་ཚེ་བརྟན་གྱིས་རང་ལྗོངས་ཀྱི་གློག་ཤུགས་བྱ་གཞག་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས། གློག་དྲ་ནི་རྒྱལ་ཇུས་དམངས་འཚོ་དང་འབྲེལ་བ་ཡོད་ལ། དེས་དུད་ཚང་ཁྲི་སྟོང་མང་པོར་ཞབས་འདེགས་ཞུ་གི་ཡོད་པས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་གློག་ཤུགས་བདེ་འཇགས་འགན་ལེན་གྱི་འགན་འཁྲི་བློ་བརྟན་འགྱུར་མེད་ངང་འཁུར་དགོས། དུས་དང་རྣམ་པ་ཀུན་ཏུ་འགན་སེམས་ཆེན་པོ་བཅངས་ནས་བདེ་འཇགས་ལ་འགན་ལེན་བྱེད་པ་དང་། མཁོ་འདོན་བརྟན་པོ་ཡོང་བར་བྱེད་པ། ཞབས་འདེགས་ཡག་པོ་ཞུ་བ། གཟུགས་བརྙན་བཟང་པོ་མངོན་པ་སོགས་ཀྱི་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ཏེ། གློག་དྲ་བདེ་འཇགས་ངང་འཁོར་རྒྱུག་དང་གློག་ཤུགས་མཁོ་འདོན་འགན་ལེན་ཏན་ཏིག་བྱེད་དགོས། འབྲེལ་གཏུག་དང་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་ཉམས་མྱོང་དང་བྱེད་ཐབས་ཕྱོགས་སྡོམ་བྱས་ནས་ཉེན་ཁ་སྔོན་འགོག་དང་ཁ་གཏད་གཅོག་ནུས་ཆེ་རུ་བཏང་སྟེ་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་གློག་ཤུགས་མཁོ་འདོན་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཏེ་མི་རིགས་ཁག་གི་མང་ཚོགས་བདེ་འཇགས་དང་དྲོ་སྐྱིད་ལྡན་པའི་ངང་དགུན་ཁ་སྐྱེལ་ཐུབ་པའི་འགན་ལེན་བྱེད་དགོས། “ལོ་ལྔ་ཚན་བཅུ་བཞི་པའི”ལས་དོན་ཕུན་སུམ་ཚོགས་པོའི་ངང་མཇུག་བསྡུ་བ་དང“ལོ་ལྔ་ཚན་བཅོ་ལྔ་པའི”ལས་དོན་ཚན་རིག་དང་མཐུན་པའི་ངང་བཀོད་སྒྲིག་བྱེད་པ་ཟུང་འབྲེལ་དམ་ཟབ་བྱས་ཏེ། རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་ལས་དོན་མང་ཙམ་བསྒྲུབས་ནས་ནུས་རྒྱུ་མཁོ་སྤྲོད་ཀྱི་བརྟན་པོའི་རང་བཞིན་དང་། བདེ་འཇགས་རང་བཞིན། རྒྱུན་སྲིང་རང་བཞིན་བཅས་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་སྐྲུན་དང་མཛེས་སྡུག་ལྡན་པའི་བོད་ཀྱི་ལེའུ་གསར་པ་རྩོམ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།