ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་སྟེ་རང་ལྗོངས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”གཙོ་གནད་རྣམ་གྲངས་ཀྱི་ལས་དོན་ལ་ཞིབ་འཇུག་གནང་བ།
● ཚན་རིག་དང་མཐུན་པའི་སྒོ་ནས་གཙོ་གནད་རྣམ་གྲངས་འཆར་འགོད་བྱེད་པ་དང་། ལེགས་ཆའི་ཐོན་ལས་སྐྱེད་སྲིང་ཧུར་ཐག་བྱེད་པ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་སྟེ། རང་ལྗོངས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”གཙོ་གནད་རྣམ་གྲངས་ཀྱི་ལས་དོན་ལ་ཞིབ་འཇུག་གནང་ཞིང་། ཚོགས་འདུའི་ཐོག་ཚན་རིག་དང་མཐུན་པའི་སྒོ་ནས་གཙོ་གནད་རྣམ་གྲངས་འཆར་འགོད་བྱེད་པ་དང་། ལེགས་ཆའི་ཐོན་ལས་སྐྱེད་སྲིང་ཧུར་ཐག་བྱེད་པ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། “ལོ་ལྔ་ཚན་བཅུ་བཞི་པ”མཇུག་བསྡུ་བ་དང“ལོ་ལྔ་ཚན་བཅོ་ལྔ་པའི”འཐབ་འགོད་ཇུས་འདོན་བྱེད་པའི་འགག་རྩའི་མཚམས་ཚིགས་སུ། ཟླ་8ཚེས་20ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་བ་མ་ཟད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་ཞུ་གསན་སྐབས་བོད་ཀྱི་གོམ་སྟབས་རྗེས་མའི་ལས་དོན་ལ་བླང་བྱ་ཁ་གསལ་བཏོན་གནང་སྟེ། ང་ཚོར་ཕྱོགས་ཁག་གི་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ད་ལོ་ཚུན་དུ། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་འཐབ་ཇུས་དང་སྤྱི་ཡོངས་ཀྱི་མཐོ་ཚད་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་གཞི་བཟོ་འགོད་ལ་རྒྱང་ལྟའི་རང་བཞིན་གྱི་བསམ་གཞིག་བྱེད་པ་དང་། སྤྱི་ཡོངས་རང་བཞིན་གྱི་ཇུས་འགོད་བྱེད་པ། ཁྱོན་ཡོངས་རང་བཞིན་གྱི་སྐུལ་འདེད་གཏོང་བ་བཅས་བྱས་པ་དང་། རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་དང་། ཆེད་དོན་ཚོགས་འདུ། བརྟག་ཞིབ་སོགས་རྣམ་པ་སྣ་ཚོགས་ཐེངས་མང་བརྒྱུད་ལས་དོན་བཀོད་སྒྲིག་བྱས་ཏེ“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་གཞི་བཟོ་འགོད་ལས་དོན་ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བར་སྐུལ་འདེད་བཏང་ཡོད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་ནི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོ་སྐབས་གལ་ཆེན་ཞིག་ཡིན་པས། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་འཆར་འགོད་སྒྲིག་བཟོ་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱས་ཏེ། རང་རྟོགས་ངང་བོད་ཀྱི་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ཁྲོད་བཞག་ནས་བསམ་གཞིག་ཞིབ་འཇུག་དང་འཆར་འགོད་སྐུལ་གཏོང་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ། ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་འཐབ་ཇུས་ཀྱི་གོ་སྐབས་དམ་འཛིན་ལྷོད་མེད་བྱེད་པ། རྒྱལ་ཁབ་ཀྱི་པུའུ་ཨུད་དང་མཐུན་སྦྱོར་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། སྤུས་ཚད་མཐོ་པོས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་སྒྲིག་བཟོ་ལེགས་གྲུབ་བྱེད་པ་བཅས་བྱས་ཏེ། བོད་ཀྱི་འབྱུང་འགྱུར་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་འདིང་དགོས། འཕེལ་ཕྱོགས་སྟངས་འཛིན་དང་ཆོས་ཉིད་ལ་ངོས་འཛིན་གཏིང་ཟབ་ཏུ་བཏང་སྟེ“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་ཇི་མ་ཇི་བཞིན་དོན་འཁྱོལ་བྱས་ནས་མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱེད་པ་དང་། མི་དམངས་ཀྱི་བྱེད་པོའི་གནས་བབ་ལ་བརྩི་འཇོག་བྱེད་པ། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་མཐའ་འཁྱོངས་བྱེད་པ། ཆུ་ཚད་མཐོ་བའི་སྒོ་དབྱེ་རྒྱ་ཆེར་གཏོང་བ་བཅས་བྱས་ནས། བོད་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་དང་། ས་བབ་ཀྱི་བཟང་ཆ། རྗེས་ཐོན་ཁྱད་ཡོན་བཅས་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་བ་བྱས་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རྣམ་གྲངས་འཛུགས་སྐྲུན་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྨང་གཞི་ཡིན་པས། ཚན་རིག་དང་མཐུན་པའི་སྒོ་ནས་གཙོ་གནད་རྣམ་གྲངས་འཆར་འགོད་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་ནུས་ཤུགས་ཡོད་རྒུས་འཛུགས་སྐྲུན་བྱེད་དགོས། སྤྱི་ཡོངས་ལ་གཞི་ཚུགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ཏེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ཁྲོད་ཀྱི“སྲུང་བཅད་གཉིས་དང་། ཁུལ་གཉིས། ས་ཁུལ་གཅིག”བཅས་ཀྱི་བོད་ཀྱི་འཐབ་ཇུས་ངེས་གནས་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ནས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་གཙོ་གནད་རྣམ་གྲངས་ཀྱི་རྨང་གཞི་བརྟན་པོ་ཡོད་པའི་འོག་རྒྱལ་ཁབ་ལ་མཁོ་བ་དང་། བོད་ཀྱིས་འཇོན་པ། མང་ཚོགས་ཀྱིས་རེ་སྒུག་བྱེད་པ། འབྱུང་འགྱུར་གྱི་ཁ་ཕྱོགས་ས་བཅས་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། རྒྱལ་ཡོངས་ཀྱི་མཐོ་ཚད་ནས་བོད་ལ་ལྟ་བ་དང་། རྨང་གཞི་འདིང་བ་དང་། ཕུགས་ལ་ཕན་པ། རྩ་བར་དོ་དམ་བཅས་ཀྱི་རྣམ་གྲངས་བཟང་པོ་དང་རྣམ་གྲངས་གལ་ཆེན་འཆར་འགོད་ཡག་པོ་བྱས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་དགོས། མིག་སྔར་གཞི་ཚུགས་པ་དང་ཕུགས་ལ་དམིགས་ནས། ཉེ་རིང་ཟུང་འབྲེལ་དང་། ལུགས་མཐུན་འོས་འཚམ། དོ་མཉམ་བཀོད་སྒྲིག་བཅས་མཐའ་འཁྱོངས་བྱེད་པ་དང་། མི་སེམས་ལ་སྐུལ་མ་ཐེབས་ལ་དོན་ཐོག་ཏུ་འཁྱོལ་ཐུབ་པའི་དམིགས་ཚད་འདོན་པ། འཐབ་ཇུས་རང་བཞིན་དང་། རྨང་གཞིའི་རང་བཞིན། ཁྲིད་སྟོན་རང་བཞིན་བཅས་ལྡན་པའི་གཙོ་གནད་རྣམ་གྲངས་གྲབས་གསོག་ཡག་པོ་བྱེད་པ། འཕེལ་རྒྱས་གཏོང་སྟངས་སྒྱུར་བ་དང་། དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་སོགས་ཀྱི་གཙོ་གནད་ཁྱབ་ཁོངས་ལ་དམིགས་པ། ལེགས་ལྡན་ཐོན་ལས་སྐྱེད་སྲིད་ཧུར་ཐག་བྱས་ཏེ་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ། ནུས་རྒྱུ་གཙང་མ་གསར་སྤེལ་བེད་སྤྱོད་ལ་སྐུལ་འདེད་གཏོང་བ། གང་ཐུབ་ཅི་ཐུབ་དང་འཁོས་དཔག་ལས་སྒྲུབ་བཅས་བྱས་ཏེ། དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་དགོས་མཁོར་བརྟེན་ནས་སྣེ་ཁྲིད་མཐའ་འཁྱོངས་བྱས་ཏེ་དམངས་གཙོ་དར་སྤེལ་དང་བློ་བསྡུས་དགེ་འཚོལ་བྱེད་པ་དང་། རྩེ་རིམ་ཇུས་འགོད་དང་ཐབས་ཇུས་དམངས་ལ་འདྲི་བ་གཅིག་གྱུར་བྱེད་པ། “རྨང་གཞིའི་སྒྲིག་བཀོད་ལ་མ་དངུལ་བཏང་ནས”རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་གཏོང་རྒྱུར་མཐོང་ཆེན་བྱེད་པ་མ་ཟད། “ཤེས་ལྡན་པར་མ་དངུལ་གཏོང་བར”ཡང་མཐོང་ཆེན་བྱེད་པ། མི་འབོར་གྱི་བྱང་ཚད་སྔར་བས་མཐོ་རུ་གཏོང་བ་དང་། མི་སེམས་གཅིག་སྒྲིལ་ལ་མཐོང་ཆེན་བྱེད་པ། ཤེས་ལྡན་པ་གསོ་སྐྱོང་ལ་སྐུལ་འདེད་གཏོང་བ། གཙོ་གནད་རྣམ་གྲངས་ཀྱི་སྣེ་ཁྲིད་ནུས་པ་འདོན་པ་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ལ་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པར་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས“ལོ་ལྔ་ཚན་བཅོ་ལྔ་པའི”གཙོ་གནད་རྣམ་གྲངས་འཆར་འགོད་ལས་དོན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས། དངོས་འཛིན་དངོས་སྒྲུབ་མཐའ་འཁྱོངས་ཀྱིས་ཐམས་ཅད་དོན་དངོས་ནས་འགོ་འཛུགས་པ་དང་། ཆོས་ཉིད་གཞིར་བཟུང་ལས་དོན་བསྒྲུབས་ཏེ་ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་པ་དང་། དམངས་གཙོའི་ཇུས་ཐག་གཅོད་པ། ཁྲིམས་བཞིན་ཇུས་ཐག་གཅོད་པ་བཅས་ཧུར་ཐག་བྱེད་དགོས། བརྒྱུད་རིམ་ལྡན་པའི་བསམ་གཞིག་མཐའ་འཁྱོངས་ཀྱིས“བསམ་ཇུས་གཅིག”གི་བསམ་བློ་བརྟན་པོ་འཛུགས་པ་དང་། མཐུན་སྦྱོར་མཉམ་འགུལ་བྱེད་ཤུགས་ཆེ་རུ་གཏོང་བ། ལས་འགན་དང་བྱ་ཐབས་དོན་འཁྱོལ་ཏན་ཏིག་བཅས་བྱས་ཏེ། ལས་ཀའི་མཉམ་ཤུགས་ཆགས་པར་བྱེད་དགོས། ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་འགོ་ཁྲིད་ལས་བྱེད་པས་རང་དཔེ་གཞན་སྟོན་བྱེད་པ་དང་། གོམས་གཤིས་ཀྱི་བསམ་གཞིགས་དང་འགྲོ་ལམ་ལ་བརྟེན་དྲག་པའི་བསམ་པ་དོར་བ། རིམ་པ་བཞིན་ལྟ་སྡོམ་དང་དོན་འཁྱོལ་ཡོང་བར་དམ་འཛིན་བཅས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་བཀོད་གནང་བའི་བརྗིད་ཆེའི་འཆར་གཞི་དེ་ཉིད་མཛེས་སྡུག་ལྡན་པའི་དོན་དངོས་ལ་ཧུར་ཐག་འགྱུར་བར་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།