ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་པ།
ཟླ་9ཚེས་29ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ནན་ཏན་བྱས་པ་དང་། རང་ལྗོངས་ཀྱི་ལག་བསྟར་དོན་འཁྱོལ་གྱི་བསམ་འཆར་ལ་ཞིབ་འཇུག་བྱས་པ། འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས་པ་རེད།
ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། “ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན”ཐེངས་བརྒྱད་པ་འཆར་ཉེའི་མཚམས་སུ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན། ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དེ་བཞིན་ཀྲུང་གུང་ཀྲུང་དབྱང་གིས་བཀྲམ་པའི《ཀྲུང་གོ་གུང་ཁྲན་ཏང་གི་བསམ་བློ་ཆབ་སྲིད་ལས་དོན་གྱི་སྲོལ་ཡིག》སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།
ཝང་ཅུན་ཀྲེང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱིས་རྒྱལ་ནང་དང་རྒྱལ་སྤྱི་སྤྱི་ཡོངས་གཉིས་ལ་སྤྱི་འདོམས་བྱས་ཏེ་དུས་བབ་ཕྱག་གཟིགས་དང་། དགོངས་པ་གཏིང་ཟབ། གོ་དོན་ཕུན་སུམ་ཚོགས་པ་བཅས་ཡོད་ཅིང་། རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ཚན་རིག་དང་མཐུན་པའི་སྒོ་ནས་ལན་བཏབ་པས། བསམ་བློའི་རང་བཞིན་དང་། འཐབ་ཇུས་ཀྱི་རང་བཞིན། མཛུབ་ཁྲིད་ཀྱི་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་པ་མ་ཟད། བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་ཐད་ང་ཚོར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་ཡང་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ་དེ་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་ལག་བསྟར་བྱེད་པ་དང་ཟུང་འབྲེལ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ་དང་ཟུང་འབྲེལ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་སྣོན་རྒྱག་པ། འགན་འཁྲི་གཙང་སྒྲུབ། ལས་དོན་ཧུར་ཐག་སྒྲུབ་པ་བཅས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གངས་ལྗོངས་ས་མཐོར་རྩ་བ་ཚུགས་ནས་འབྲས་བུ་སྨིན་ཐུབ་པར་འགན་ལེན་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་སློབ་སྦྱོང་གི་འབྲས་བུ་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་པའི་སྒུལ་ཤུགས་ཆེན་པོར་ཧུར་ཐག་བསྒྱུར་དགོས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞིར་རྒྱུན་མཐུད་དང་གཏིང་ཟབ་ངང་དམ་འཛིན་ཡག་པོ་བྱས་ཏེ། མཐུན་སྒྲིལ་དང་བརྟན་ལྷིང་གི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ཁྱོན་ཡོངས་སྲ་བརྟན་དུ་གཏོང་བ། ཡུལ་བབ་དང་བསྟུན་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པ། མཐའ་མཚམས་ས་ཁུལ་དེང་རབས་ཅན་དུ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་བཅས་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།
དུས་རབས་གསར་པའི་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཏང་གི་སློབ་གྲྭའི་ངོ་བོ་ཏང་ཡིན་པ་མཐའ་འཁྱོངས་དང་། ཏང་གི་སློབ་གྲྭའི་ཐོག་མའི་བསམ་འདུན་བློ་ལ་བརྟན་པོར་ངེས་ནས་ཏང་གི་རིགས་པའི་གཞུང་ལུགས་ཀྱི་སློབ་གསོ་དང་། ཏང་གཤིས་སློབ་གསོ། འགན་སྒྲུབ་ནུས་པའི་གསོ་སྦྱོང་བཅས་ལ་ཤུགས་སྣོན་བརྒྱབ་ནས་ཏང་གི་སློབ་གྲྭའི་ལས་ཀའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། དེ་བས་ལེགས་པའི་ངང་ཏང་གི་ཆེད་དུ་ཤེས་ལྡན་པ་གསོ་སྐྱོང་དང་ཏང་གི་ཆེད་དུ་ཐབས་ཇུས་འདོན་དགོས། བསམ་བློ་ཆབ་སྲིད་ལས་དོན་གྱིས་རྒྱུན་ཆད་མེད་པར་རྣམ་པ་གསར་པ་གཏོད་རྒྱུར་སྐུལ་འདེད་བཏང་ནས་བསམ་བློ་ཆབ་སྲིད་ལས་དོན་ལ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ་དང་། རྒྱུན་སྲིང་ལྷོད་མེད་ངང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱེད་པ། མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་པར་ཁྲིད་སྟོན་བྱས་ནས་མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་བཏང་ནས“ཁྲི་སྟོང་འདུ་འགོད”ཀྱི་ཉམས་མྱོང་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་པ་དང་། གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་མགྱོགས་མྱུར་སྐྲུན་པ། ས་མཐོའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། བྱ་ཐབས་སྣ་མང་གི་སྒོ་ནས་ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་སྤེལ་གཏོང་བ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་སྤྱོད་ཚུལ་མུ་མཐུད་ལེགས་སུ་བཏང་ནས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས། ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་སྤྱི་འདོམས་བྱས་ཏེ་ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་བཏང་སྟེ་ཏང་གི་རིམ་ཁག་རྩ་འཛུགས་ཞུམ་མེད་སྟོབས་ལྡན་དང་ཕྱོགས་ཡོངས་ནས་ཉམས་སད་ཐེག་ཐུབ་པའི་འགན་ལེན་བྱེད་དགོས། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་བཏང་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལ་བརྩི་སྲུང་ནན་པོ་ཞུ་བ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཁྱད་བསད་མཐའ་གཅིག་ཏུ་བྱས་ནས་གངས་ལྗོངས་ས་མཐོའི་སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་ཀྱི་སྣང་ཚུལ་བརྟན་དུ་གཏོང་དགོས།
ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ལས་དོན་དང་སྤྱི་བདེའི་ལས་དོན་གྱི་གནས་ཚུལ་སྙན་སེང་གསན་ཞིང་། ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱིས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་གཙོ་ཤུགས་དམག་གི་ནུས་པ་བཏོན་ནས་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་གཟི་བརྗིད་དེ་བས་ཆེ་བ་བརྩོན་ལེན་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་བསྐྲུན་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས། ཏང་གི་འགོ་ཁྲིད་གཙང་བཙན་མཐའ་འཁྱོངས་བྱས་ནས་སྲིད་ཁྲིམས་ལས་དོན་དང་སྤྱི་བདེའི་ལས་དོན་གྱི་ཕྱོགས་ཁག་ནང་རང་རྟོགས་ངང་ཏང་གི་འགོ་ཁྲིད་ཁྱབ་པར་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་གུང་གསེང་འཆར་ཉེར་ཡོད་པས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བྱས་ཏེ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ། སྤྱི་པའི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱག་པ། འཕྲལ་སྡོམ་སྔོན་ཇུས་དང་འགོག་ཟོན་ཁ་གཏད་གཅོག་ཐབས་འཐུས་སྒོ་ཚང་དུ་གཏོང་བ། བདེ་འཇགས་ཀྱི་མཐའ་ཚད་བརྟན་པོར་སྲུང་བ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ལ་དུས་བདེ་འཆམ་མཐུན་གྱི་དུས་ཆེན་ཞིག་གཏོང་ཐུབ་པའི་འགན་ལེན་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།