དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་བདེ་འཇགས་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-29

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་བདེ་འཇགས་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་གཙོ་སྐྱོང་གནང་ཞིང་། ཁོང་གིས་ནན་བཤད་གནང་དོན། བདེ་འཇགས་ཐོན་སྐྱེད་དང་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གེགས་སེལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་སྟོན་དུས་དང་དགུན་དུས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་བརྙན་ལམ་ཚོགས་འདུའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཐོག རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ལྟར། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་དང་། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱས་ཏེ། “དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི” འགན་སེམས་ལ་བརྟེན་ནས་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་དང་ཞིབ་ཚགས་བྱས་ནས། རང་ལྗོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བདེ་འཇགས་ཀྱི་འགན་ལེན་བརྟན་པོ་བྱེད་དགོས།

    ཀརྨ་ཚེ་བརྟན་གྱིས་བསྟན་དོན། སྟོན་དགུན་གྱི་གནམ་གཤིས་སྐམ་ཤས་ཆེ་བའི་ཁར་རླུང་ཆེན་པོ་རྒྱག་པ་དང་གངས་འཁྱགས་ཀྱི་གནམ་གཤིས་སྟོན་ཚད་ཀྱང་མང་དུ་འགྲོ་བཞིན་ཡོད་པས། བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་དང་། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཐོན་མང་པོའི་དུས་སྐབས་ཤིག་ཡིན། དེར་བརྟེན། བདེ་འཇགས་ཐོན་སྐྱེད་ཀྱི་ཆབ་སྲིད་འགན་འཁྲི་རང་འགུལ་ངང་ཁུར་ནས་མཐའ་ཚད་ཀྱི་བསམ་ཕྱོགས་དང་མཐའ་ཟད་ཀྱི་བསམ་ཕྱོགས་བརྟན་པོ་འཛུགས་པ་དང་ཆབས་ཅིག སྣང་ཆུང་ལྷོད་གཡེང་གི་བསམ་བློ་དང་སྟེས་དབང་གི་བསམ་བློ་མཐའ་གཅིག་ཏུ་ཁྱད་གསོད་བྱས་ཏེ། ཉེན་ཁ་སྔོན་འགོག་དང་། བདེ་འཇགས་སྲུང་སྐྱོབ། བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་དང་མི་དམངས་ལ་བཅངས་པའི་ལྷག་བསམ་མཚོན་པར་བྱེད་དགོས།

    ཀརྨ་ཚེ་བརྟན་གྱིས་ནན་བཤད་གནང་དོན། གནད་དོན་གྱི་སྟོན་ཕྱོགས་དང་མཇུག་འབྲས་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ཐོག་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལྟ་འདོམས་བྱེད་ཐབས་ཞིབ་ཚགས་བཟོ་བ། ཡུལ་དངོས་དོ་དམ་ལེགས་སུ་གཏོང་བ་བཅས་བྱས་ཏེ། རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་རིང་གི་བདེ་འཇཌ་ཐོན་སྐྱེད་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས། ཉེན་ཁར་མཐའ་དཔྱོད་དང་། སྔོན་ཚུད་ཉེན་བརྡ་གཏོང་བ། ལྟ་ཞིབ་ཚད་ལེན་བཅས་བྱེད་ཤུགས་ཆེ་རུ་བཏང་ཐོག་ནགས་དཔོན་ལམ་ལུགས་དང་དྲ་མིག་ཅན་སོགས་ཀྱི་དོ་དམ་བྱེད་ཐབས་བེད་སྤྱོད་ཡག་པོ་བཏང་ནས་སྟོབས་ཤུགས་སྔོན་ཚུད་ནས་བཀོད་སྒྲིག་དང་། འཕྲལ་སྡོམ་གྲ་སྒྲིག་ལ་ཤུགས་སྣོན་རྒྱག་པ། དངོས་འཐབ་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ཀྱི་རང་འགུལ་དམག་འཐབ་ཡག་པོ་རྒྱག་དགོས།

    ཀརྨ་ཚེ་བརྟན་གྱིས་བླང་བྱ་བཏོན་དོན། འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ཁག་རིམ་པ་བཞིན་ནན་དུ་གཏོང་དགོས། ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་ལམ་ལུགས་འཛུགས་སྐྱོང་ལ་བརྟེན་ནས་ཞན་ཆ་བསལ་བ་དང་། སྔོན་ཚུད་ཉེན་བརྡ་གཏོང་བར་མཐོང་ཆེན། མཉམ་འགུལ་བྱེད་ཤུགས་ཆེ་རུ་གཏོང་བ། མཉམ་ཤུགས་ཆགས་པ་བཅས་བྱེད་དགོས། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་བདེ་འཇགས་ཐོན་སྐྱེད་ཀྱི་འདུ་ཤེས་ནང་སེམས་སུ་ཟུག་པ་དང་ཕྱི་བྱ་སྤྱོད་དུ་འཁྱོལ་བར་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་དང་ཐོན་སྐྱེད་གཉེར་སྐྱོང་བྱེད་པོ་སྣ་ཚོགས་ཀྱི་རང་རྟོགས་བྱ་སྤྱོད་དུ་འགྱུར་བར་བྱེད་དགོས། སྤྱོད་ཚུལ་ནན་དུ་བཏང་ནས་བདེ་འཇགས་ཐོན་སྐྱེད་ཀྱི་དཔྱད་ཞིབ་སྐོར་ཞིབ་ལས་དོན་ནན་སྤེལ་གྱིས་ལས་འཛོལ་ཚབས་ཆེན་མཐའ་གཅིག་ཏུ་སྔོན་འགོག་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།