ཡན་ཅིན་ཧའེ་ཡིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་ཟུར་ཞུགས་གནང་མཁན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རྫོང་རིམ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་དང་བཞུགས་མོལ་གནང་བ།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་དགུ་པའི་རིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཡན་ཅིན་ཧའེ་ཡིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་ཟུར་ཞུགས་གནང་མཁན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རྫོང་རིམ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་དང་བཞུགས་མོལ་གནང་སྟེ། “གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་དགོས”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་སྤེལ་རེས་གནང་བ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལི་ཝུན་ཀེས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
བཞུགས་མོལ་ཚོགས་འདུར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རྫོང་རིམ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་8ཀྱིས་རང་ཉིད་ཀྱི་ལས་འགན་སྒྲུབ་ཚུལ་དང་ཟུང་འབྲེལ་བྱས་ཏེ། ངོས་འཛིན་དང་མྱོང་ཚོར་མཉམ་སྤྱོད་བྱས་པ་མ་ཟད། བསམ་འཆར་དང་གྲོས་འགོ་ཡང་བཏོན་པ་རེད། ཡན་ཅིན་ཧའེ་ཡིས་ནན་ཏན་ངང་གསན་པ་དང་འབྲེལ་ཚང་མ་དང་སྤེལ་རེས་ཀྱང་གནང་ཞིང་། ཚང་མར་འཐུས་མིས་བཏོན་པའི་བསམ་འཆར་དང་གྲོས་འགོ་ནན་ཏན་ངང་ལེགས་སྒྲིག་དང་། ཕྱོགས་བསྡུས། དབྱེ་ཞིབ། ཞིབ་འཇུག་བཅས་བྱས་རྗེས་དུས་ཐོག་ཏུ་འབྲེལ་ཡོད་སྡེ་ཚན་ལ་བསྒྲུབ་རྒྱུར་སྤྲོད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
ཡན་ཅིན་ཧའེ་ཡིས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས“མི་དམངས་ཀྱིས་ང་འཐུས་མིར་བདམས་པ་དང་ངས་མི་དམངས་ཀྱི་ཆེད་དུ་འཐུས་མི་བྱ་རྒྱུའི”དམ་བཅའ་བཞག་པ་བློ་ལ་བརྟན་པོར་ངེས་དགོས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་གཅིག་གྱུར་བཀོད་སྒྲིག་འོག “ཁྲི་སྟོང་ལས་གྲྭའི”ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་ཏེ། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་དང་འགན་སྒྲུབ་འཇོན་ཐང་ཆེ་རུ་བཏང་ནས། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་ཆེད་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས་ཤིང་། ཐོན་ལས་དར་རྒྱས་ལ་དམིགས་ནས། “སྣེ་ཁྲིད་པ”ཡག་པོ་བྱས་ཏེ་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འབྲེལ་ཟམ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ་དང་། ཤེས་ལྡན་པར་བརྟེན་ནས་དར་རྒྱས་གཏོང་བར་དམིགས་ནས། “སྔོན་སྐྱོད་པ”ཡག་པོ་བྱས་ཏེ་ཤེས་བྱ་གསར་པ་དང་རྩལ་ནུས་གསར་པ་སྣེ་ཁྲིད་ནས་སློབ་སྦྱོང་བྱེད་དགོས་པ། གྲོང་གསེབ་ཀྱི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་དོ་ཁུར་བྱེད་པ་དང་ཤེས་ལྡན་པའི་ཞབས་ཞུའི་འགན་ལེན་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་བཏང་ནས་གྲོང་གསེབ་དར་རྒྱས་ལ་ཤེས་ལྡན་པའི“གསོན་ཤུགས་གསར་པ”སྦྱིན་དགོས་པ། རིག་གནས་དར་རྒྱས་ལ་དམིགས་ནས། “རྒྱུན་འཛིན་པ”ཡག་པོ་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྣེ་ཁྲིད་ནས་ལག་ལེན་བསྟར་དགོས་པ། ཞིང་འབྲོག་པའི་རྣམ་པ་གསར་པ་གཏོད་པའི་བྱ་སྤྱོད་ནང་ཧུར་ཐག་ཞུགས་ནས་ཡུལ་སྲོལ་དང་གོམས་གཤིས་བཟང་པོ་འཇགས་རྒྱུར་སྐུལ་འདེད་གཏོང་དགོས་པ། སྲོལ་རྒྱུན་གྱི་ཕུལ་བྱུང་རིག་གནས་སྔོག་འདོན་དང་སྲུང་སྐྱོང་བྱས་ཏེ། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ནས་གནའ་བོའི་ལག་རྩལ་ལས་གསོན་ཤུགས་གསར་པ་རྒྱས་པར་བྱེད་དགོས་པ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བ་དང་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ལེགས་པར་བརྗོད་དེ། མི་རིགས་ཁག་དབར་གྱི་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་དགོས་པ། སྐྱེ་ཁམས་དར་རྒྱས་ལ་དམིགས་ནས། “སྲུང་སྐྱོང་པ”ཡག་པོ་བྱས་ཏེ“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”འདུ་ཤེས་བརྟན་པོ་འཛུགས་དགོས་པ། རྒྱལ་ཁབ་ས་ཆ་སྔོ་འགྱུར་དང་། སྐྱེ་ཁམས་སྲུང་སྐྱོང་། མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་སོགས་ཀྱི་བྱ་སྤྱོད་ནང་སྣེ་ཁྲིད་དེ་ཞུགས་པ་དང་ཁྲིམས་ལྟར་ལྟ་སྐུལ་འགན་འཁྲི་འཁུར་ནས། སྐྱེ་ཁམས་ལེགས་པའི་ཕན་པ་མི་རིགས་ཁག་གི་མང་ཚོགས་ལ་ཐོབ་པར་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།