ཡན་ཅིན་ཧའེ་ཡིས“1·07”དིང་རིའི་ས་ཡོམ་གེགས་ཁུལ་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།
ཚེས་25ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཡན་ཅིན་ཧའེ་ཡིས“1·07”དིང་རིའི་ས་ཡོམ་གེགས་ཁུལ་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཆེད་དོན་ཚོཌ་འདུ་གཙོ་སྐྱོང་གནང་ནས། བསྐྱར་སྐྲུན་ལས་དོན་ལ་སླར་ཡང་སྐུལ་སློང་དང་སྐུལ་ལྕག་གནང་བ་རེད།
ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། བསྐྱར་སྐྲུན་ལས་དོན་དེ་མཐའ་མའི་གདོང་མཆོང་གི་དུས་མཚམས་སུ་སླེབས་ཡོད་པ་དང་། བསྐྱར་སྐྲུན་གྱི་མྱུར་ཚད་དེ་བས་བློ་བརྟན་འགྱུར་མེད་ངང་མགྱོགས་སུ་གཏོང་དགོས་ལ། མདུན་ཕྱོགས་བཀོད་འདོམས་པུས་བྱེད་པོའི་འགན་འཁྲི་དང་གཏོགས་ཁོངས་ཀྱི་འགན་འཁྲི་ཏན་ཏིག་འཁུར་ནས། ནུས་ལྡན་གྱི་འགག་སྒྲོལ་ཇུས་གཞི་ཞིབ་འཇུག་གིས་བཟོ་བ་དང་། ཉིན་རེའི་སྙན་སེང་དང་གཟའ་འཁོར་རེའི་བཀོད་གཏོང་ལམ་སྲོལ་ལག་བསྟར་བྱེད་པ། ལས་ཡུན་ལྡོག་སྒྲིག་དང་ལས་འགན་ཞིབ་ཚགས་སུ་གཏོང་བ་བཅས་བྱས་ནས་སྡོད་ཁང་འཛུགས་སྐྲུན་དང་། ལས་གྲྭ་ཞིབ་བཤེར་རྩིས་ལེན། མང་ཚོགས་སྤོ་སྡོད་སོགས་ཀྱི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས། རྫོང་ཁག་དང་ཨར་སྐྲུན་ཚན་པ་ཁག་གིས་འགན་འཁྲི་མུ་མཐུད་ནན་དུ་གཏོང་བ་དང་འཐབ་ས་དང་པོ་བརྟན་སྲུང་བྱས་ནས། གནད་དོན་རེ་རེ་བཞིན་ཐག་གཅོད་བྱས་ཏེ་བྱ་དགའ་ཆད་གཅོད་ཀྱི་གཏན་འབེབས་ནན་དུ་གཏོང་དགོས། འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་བཀོད་གཏོང་དམ་དུ་བཏང་ནས། ལས་ཡུལ་དངོས་སུ་བསྐྱོད་དེ་དཀའ་གནད་ཐག་གཅོད་བྱེད་དགོས། དེ་བས་བློ་བརྟན་འགྱུར་མེད་ངང་ཁང་པའི་སྤུས་ཚད་ལ་དམ་པོར་དམིགས་ནས། ཆེད་ལས་ལག་རྩལ་བྱང་ཆུབ་པ་དང་འགན་འཁྲི་འཁུར་སེམས་ཆེ་བའི་མི་སྣ་མཐུན་སྦྱོར་སྒྲིག་འཛུགས་བྱེད་པ་དང་། ཡུལ་དངོས་ཀྱི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ། མང་ཚོགས་ཀྱི་བྱེད་སྟངས་དང་ཉམས་མྱོང་བཟང་པོ་བསྡུ་ལེན་ཧུར་ཐག་བཅས་བྱས་ཏེ་འགག་སྒྲོལ་གྱི་མཉམ་ཤུགས་ཆགས་པར་བྱེད་དགོས། ཞིབ་བཤེར་རྩིས་ལེན་གྱི་ཇུས་གཞིར་ཞིབ་འཇུག་དང་ཞིབ་ཚགས་སུ་གཏོང་བར་དམ་འཛིན་གྱིས་ཤེས་རྟོགས་བྱུང་བའི་གནད་དོན་དག་ཐེར་ནན་པོ་བྱས་ནས། གནས་སྤོས་མང་ཚོགས་སེམས་སྐྱིད་པོའི་ངང་སྡོད་ཐུབ་པར་བྱེད་དགོས། མང་ཚོགས་ཀྱི་འཚོ་བ་དེ་བས་བློ་བརྟན་འགྱུར་མེད་ངང་འགན་སྲུང་མཐའ་གཅིག་ཏུ་བྱས་ནས། མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་དམ་པོར་དམིགས་ཏེ་ཆུ་དང་། གློག ལམ། འཕྲིན་གཏོང་། དེ་བཞིན་རྨང་གཞིའི་སྤྱི་པའི་ཞབས་ཞུ་གཞན་དག་བཅས་བཀོད་སྒྲིག་ཚགས་ཚུད་པོ་བྱེད་པ་དང་། མང་ཚོགས་ཀྱི་ཆུ་དང་། གློག དྲོད་རླངས་སོགས་ཀྱི་གནད་དོན་གཅིག་སྡུད་ཐོག་གྲལ་བཤེར་བྱེད་དགོས། གནོད་འཚེ་ཕོག་ཁུལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ཚོགས་སྤྱིར་དམིགས་ནས“དུད་ཚང་རེར་ཐབས་ཇུས་རེ”གཞིར་བཟུང་རོགས་སྐྱོར་བྱེད་ཐབས་རིམ་དབྱེ་རིགས་དབྱེའི་ངང་ཞིབ་འཇུག་བྱས་ཏེ་སྔ་ཙམ་སྤོ་ཐུབ་པ་དང་དྲོ་སྐྱིད་ལྡན་པའི་ངང་དགུན་སྒྲོལ་ཐུབ་པར་བྱེད་དགོས། གནོད་འཚེ་ཕོག་ཁུལ་གྱི་རྗེས་མཐུད་འཕེལ་རྒྱས་འཆར་འགོད་མུ་མཐུད་མགྱོགས་པོ་བཟོས་ནས། ཐོན་ལས་འཕེལ་རྒྱས་དང་། ལས་ཞུགས་འབབ་འཕར། སློབ་གསོ་སྨན་བཅོས། ཁོར་ཡུག་བཅོས་སྒྲིག་སོགས་ཀྱི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ། ཁྱིམ་གཞིས་གསར་པ་འཛུགས་སྐྲུན་དང་འཚོ་བ་གསར་པ་ཡག་པོ་སྐྱེལ་བའི་སྒུལ་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས། ལས་ཀའི་སྒྲིག་ཁྲིམས་དེ་བས་བློ་བརྟན་འགྱུར་མེད་ངང་ནན་དུ་མཐའ་གཅིག་ཏུ་བཏང་ནས། སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་དང་རྩིས་བཤེར་སོགས་སྡེ་ཚན་གྱིས་རྗེས་སྙེག་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་ཏེ་སྒྲིག་འགལ་ཁྲིམས་འགལ་གྱི་བྱེད་སྤྱོད“ཐར་པར་གཏན་ནས་གཏོང་མི་རུང” ཞིང་པ་ལས་མིའི་གླ་ཆ་སྤྲོད་པ་དང་ཁེ་ལས་ཀྱི་རྩིས་ཁྲའི་ཆད་དངུལ་གཙང་སྤྲོད་ཀྱི་ལས་དོན་ལ་དམ་པོར་དམིགས་ནས། ཆེད་དམིགས་འགན་སྲུང་ལམ་ལུགས་འཛུགས་པ་དང་། ཞུ་གཏུག་ཐེར་འདོན་གྱི་ཐབས་ལམ་ཤར་གཏོང་བྱས་ཏེ་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས། གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ཡིག་ཚགས་ལེགས་སྒྲིག་ནན་ཏན་བྱས་ནས། འགྲོ་ལུགས་འཐུས་ཚང་དང་། གཞི་འཛིན་ས་ཡོད་པ། བརྩི་སྲུང་བྱེད་སའི་ཁྲིམས་ཡོད་པ། ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་བཤེར་ཐེག་ཐུབ་པ་བཅས་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།