ཀརྨ་ཚེ་བརྟན་གྱིས་མངའ་རིས་ས་ཁུལ་དུ་བརྟག་ཞིབ་གནང་བ།
ཚེས་21ནས་24ཉིན་བར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་མངའ་རིས་ས་ཁུལ་དུ་བརྟག་ཞིབ་གནང་ཞིང་། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ནས། ཁྱད་ལྡན་ལེགས་ཆ་ཧུར་ཐག་མངོན་པར་བྱེད་པ་དང་། ཡུལ་བབ་དང་བསྟུན་ནས་ཐོན་ལས་འཕེལ་རྒྱས་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕན་འབྲས་གསར་པར་བརྟེན་ནས་དམངས་འཚོའི་བདེ་རྩ་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཀརྨ་ཚེ་བརྟན་གྱིས་ས་ཡུལ་དངོས་སུ་ཕེབས་ནས་གངས་རིན་པོ་ཆེའི་འཁྱག་རོམ་དང་། མ་ཕམ་གཡུ་མཚོའི་འདམ་ར། རྩྭ་མདའི་བྲུ་རོང་། ཁྱུང་ལུང་རྗེས་ཤུལ་བཅས་ཀྱི་སྲུང་སྐྱོང་ལས་དོན་ལ་རྟོག་ཞིབ་གནང་ཞིང་། ཁོང་གིས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། “རི་གཉིས”ཀྱི་འདུ་ཤེས་ལག་བསྟར་གཏིང་ཟབ་བྱེད་པ། ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་བརྟེན་ནས་མངའ་རིས་ས་ཁུལ་གྱི་ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས། ལོ་རྒྱུས་དང་རིག་གནས་ཀྱི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་དང་། གནའ་རྫས་རྟོག་ཞིབ་དང་ཟུང་འབྲེལ་བྱས་ནས་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ། ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་པ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་དགོས། ཡུལ་བབ་དང་བསྟུན་ནས་ས་མཐོའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། “རིག་གནས་ལ་བརྟེན་ནས་ཡུལ་སྐོར་གཏོད་པ་དང་། ཡུལ་སྐོར་ལ་བརྟེན་ནས་རིག་གནས་མངོན་པར་བྱེད་པའི”ལས་རྣམ་གསར་པ་དང་། ཐོན་རྫས་གསར་པ། ལྗོངས་རྣམ་གསར་པ་བཅས་འཚོལ་ཞིབ་བྱས་པ་བརྒྱུད། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་སྟེ། དམིགས་བསལ་གྱི་སྐྱེ་ཁམས་ཡུལ་སྐོར་གྱི་ཐོན་ཁུངས་ལེགས་ཆ་འདོན་པ་དང་། ཞབས་ཞུའི་ནུས་ཕྱོད་སྔར་བས་ཆེ་རུ་གཏོང་བ། མངའ་རིས་ཀྱི་ཡུལ་སྐོར་སྤུས་རྟགས་རྒྱུན་མཐུད་སྐད་གྲགས་ཆེ་རུ་གཏོང་བ་བཅས་བྱེད་དགོས་ལ། ཕུན་སུམ་ཚོགས་པའི་ལོ་རྒྱུས་རིག་གནས་ཀྱི་ཐོན་ཁུངས་ལ་བརྟེན་ནས་གསར་གཏོད་རང་བཞིན་གྱི་གཞན་འགྱུར་དང་འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་པ་དང་། མི་དམངས་མང་ཚོགས་ཀྱི་སྣ་མང་ཅན་གྱི་དགོས་མཁོ་ཟམ་མི་ཆད་པར་སྐོང་བ། ཁྱད་ལྡན་ཐོན་ཁུངས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་མངོན་གསལ་དོད་པའི་ལེགས་ཆར་ཏན་ཏིག་འགྱུར་བ་བྱེད་དགོས་ཞེས་གསུངས་པ་རེད།
མངའ་རིས་ས་ཁུལ་ལ“འཛམ་གླིང་གི་ཡང་རྩེའི་ཡང་རྩེ”ཞེས་འབོད་པ་དང་། འདི་གའི་མང་ཚོགས་ཚོའི་ཐོན་སྐྱེད་འཚོ་བའི་གནས་ཚུལ་ནི་ཐོག་མཐའ་བར་གསུམ་དུ་ཀརྨ་ཚེ་བརྟན་གྱིས་ཐུགས་ཁྲལ་གནང་ས་ཞིག་རེད། སྤུ་ཧྲེང་དང་། རྩྭ་མདའ། སྒར་སོགས་རྫོང་དུ་ཀརྨ་ཚེ་བརྟན་གྱིས་ཞིང་འབྲོག་མང་ཚོགས་དང་མཉམ་དུ་བཞུགས་ཏེ་སྲིད་ཇུས་ཤོད་པ་དང་། འགྱུར་ལྡོག་གླེང་བ། འཕེལ་རྒྱས་བརྗོད་པ་བཅས་གནང་ཞིང་། ཁོང་གིས་ཚང་མར་རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ། ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་འཚོ་བ་བཏོད་དེ། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཧུར་ཐག་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད། ཀརྨ་ཚེ་བརྟན་གྱིས་གཞི་རིམ་གྱི་ལས་དོན་པར“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཁུང་ཧྥན་སེན་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། མི་སེམས་མགུ་བ་དང་། མི་སེམས་སྐྱིད་པ། མི་སེམས་བརླིང་བ་བཅས་ཀྱི་ལས་དོན་མང་ཙམ་བསྒྲུབས་ཏེ་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་རྒྱུན་མཐུད་ཆེ་རུ་གཏོང་བ་བཅས་བྱས་ཏེ། “བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་། གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་ཡིན་པ”དེ་མི་རིགས་ཁག་གི་མང་ཚོགས་ཚོའི་དད་སེམས་བརྟན་པོར་འགྱུར་བར་བྱེད་དགོས་པའི་མངགས་བཅོལ་ཡང་ཡང་གནང་བ་རེད།
ཐོན་ལས་ནི་འཕེལ་རྒྱས་ཀྱི་རྩ་བ་ཡིན་ཞིང་། རུ་ཐོག་རྫོང་གི་ཁུ་ལུ་དཀར་པོའི་རའི་ཁུ་ལུའི་ཐོན་རྫས་མྱོང་དཔྱད་དང་ཉོ་ཚོང་ལྟེ་གནས་སུ་ཀརྨ་ཚེ་བརྟན་གྱིས། ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་གསན་རྗེས། ཁོང་གིས། ཚན་རྩལ་གྱི་མཐུན་རྐྱེན་སྦྱོར་བར་ཤུགས་སྣོན་རྒྱག་པ་དང་། སྤུས་ལེགས་ཀྱི་ལུག་ཐུག་ཐོན་ཁུངས་སྲུང་སྐྱོང་བེད་སྤྱོད་ལ་ཤུགས་སྣོན་རྒྱག་པ། ཐོན་རྫས་ཀྱི་སྤུས་ཀ་དང་སྤུས་རྟགས་ཀྱི་རིན་ཐང་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཁྱད་ལྡན་ཅན་དང་། ཁྱད་པར་ཅན། རྩེར་སོན་ཅན་བཅས་ཀྱི་འཕེལ་རྒྱས་ཀྱི་ལམ་བུར་ཡག་པོ་སྐྱོད་དགོས། ཞིང་འབྲེལ་ཞིང་ཁྲིད་ཀྱི་ཁེ་ཕན་འབྲེལ་མཐུད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཞིང་འབྲོག་པར་ཐོན་ལས་འཁོར་འབྲེལ་གྱི་ཁེ་འབབ་འཕར་མ་མཉམ་སྤྱོད་སྔར་བས་མང་བ་བྱས་ཏེ། མང་ཚོགས་རྒྱུན་མཐུད་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།