ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་ལྗོངས་ཡོངས་ཀྱི་སློབ་གསོའི་ལས་དོན་སྐོར་གྱི་སྙན་སེང་གསན་པ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཆེད་བཙུགས་ལས་གནས་ཀྱི་དགེ་རྒན་གྱི་འཐུས་མིར་སྤྲིངས་པའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་ནན་ཏན་དང་ལྗོངས་ཡོངས་ཀྱི་སློབ་གསོའི་ལས་དོན་སྐོར་གྱི་སྙན་སེང་གསན་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོའི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་ལག་བསྟར་དང་དོན་འཁྱོལ་གཏིང་ཟབ་བྱས་ཏེ། བསམ་བློ་ཆབ་སྲིད་ལས་དོན་དང་དགེ་རྒན་དཔུང་ཁག་འཛུགས་སྐྱོང་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས། མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་དགོས་པའི་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞི་དོན་འཁྱོལ་བྱེད་པར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་བཏང་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ཧུར་ཐག་བྱས་པས། སྤྱི་ཚོགས་ཡོངས་སུ་ཡར་ངོའི་ཟླ་ལྟར་གོང་དུ་འཕེལ་བ་དང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཞིག་མངོན་ཡོད། དཔལ་འབྱོར་འཕེལ་རྒྱས་ཀྱིས་སློབ་གསོ་འཕེལ་རྒྱས་ལ་གནམ་ས་ཡངས་པོ་ཞིག་མཁོ་འདོན་བྱས་པ་དང་། སློབ་གསོ་འཕེལ་རྒྱས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་འདེགས་སྐྱོར་བརྟན་པོ་ཞིག་མཁོ་འདོན་བྱས་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སློབ་གསོའི་ལས་དོན་དེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནང་རང་རྟོགས་ངང་བཞག་ནས་བསམ་གཞིག་དང་འཆར་འགོད་བྱས་ཏེ་སྐུལ་འདེད་གཏོང་བ་དང་། སློབ་གསོ་དེ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་གནས་བབ་ཐོག་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ། དུས་རབས་གསར་པའི་སློབ་གསོའི་བྱ་གཞག་ལ་གྲུབ་འབྲས་གསར་པ་་རྒྱུན་ཆད་མེད་པར་ཐོབ་པར་སྐུལ་འདེད་བཏང་ཡོད། ཏང་གིས་སློབ་གསོའི་ལས་དོན་ལ་འགོ་ཁྲིད་བྱེད་པར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པས། སློབ་གསོའི་སྤུས་ཚད་དང་དགེ་རྒན་དཔུང་ཁག་གི་བྱང་ཚད་རིམ་བཞིན་མཐོ་རུ་ཕྱིན་པ་དང་། སློབ་གསོའི“འགན་ལེན་གསུམ”གྱི་གྲོན་དངུལ་གྱི་ཚད་གཞི་རྒྱུན་མཐུད་མཐོ་རུ་ཕྱིན་པ། བོད་ལྗོངས་འཛིན་གྲྭའི་ལོ་འཁོར་གྱི་སློབ་མ་བསྡུ་བའི་གཞི་ཁྱོན་ཁྲི་1ལྷག་ཙམ་ཟིན་པ། མི་བཟང་གསོ་སྐྱོང་གི་རྩ་བའི་ལས་འགན་དོན་འཁྱོལ་ནུས་ལྡན་བྱུང་ནས། བོད་ཀྱི་འཐབ་ཕྱོགས་ཁག་ལ་ཕུལ་བྱུང་ཤེས་ལྡན་པ་འབོར་ཆེན་གསོ་སྐྱོང་བྱས་པ་དང་། ཤེས་ལྡན་པ་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་མ་ནུས་ལྡན་ཐེབས་པ། ལྟེ་བ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ནུས་པ་དང་ཕན་འབྲས་དེ་བས་མངོན་གསལ་དོད་དུ་ཕྱིན་ནས། སློབ་གསོའི་བྱ་གཞག་འཕེལ་རྒྱས་ཡག་པའི་དུས་མཚམས་གསར་པར་བསྐྱོད་ཡོད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་ཁག་སློབ་གསོ་ཁོངས་གཏོགས་ཀྱིས་ཞི་ཅིན་ཕིང་གི་སློབ་གསོའི་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར། མི་བཟང་གསོ་སྐྱོང་གི་རྩ་བའི་ལས་འགན་དོན་འཁྱོལ། མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་བ་བཅས་བྱས་ནས། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་སློབ་གསོའི་ལྗོངས་སྟོབས་ཆེན་འཛུགས་སྐྲུན་མགྱོགས་པོ་བྱེད་དགོས། “བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཆེན་པོའི”ནང་དོན་དང་རྣམ་པ་གསར་གཏོད་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སློབ་གསོ་སློབ་ཁྲིད་ཀྱི་བརྒྱུད་རིམ་ཧྲིལ་པོར་མཉམ་འདྲེས་བྱ་རྒྱུ་མཐའ་འཁྱོངས། “ལོ་རྒྱུས་ལྔ”དང་དེ་བཞིན་བོད་ཀྱི་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་ཀྱི་དྲིལ་བསྒྲགས་སློབ་གསོ་ཤུགས་ཆེན་སྤེལ་བ། གསར་བརྗེའི་ཐོན་ཁུངས་ཀྱི་མི་སྐྱོང་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། གསར་བརྗེའི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པར་སྐུལ་འདེད་གཏོང་བ། སློབ་མས་གོ་བདེ་རྟོགས་སླའི་བྱེད་ཐབས་སྤྱོད་པ། སྦྲང་ཆར་ཟིལ་མས་སྐྱེ་དངོས་གསོ་བའི་ཐབས་ལ་བརྟེན་ནས་གཞོན་ནུ་སློབ་མས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ལ་སློབ་གསོ་ཁྲིད་སྟོན་བྱེད་དགོས། དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་སློབ་གསོའི་ལྗོངས་སྟོབས་ཆེན་བསྐྲུན་པའི་རྨང་གཞིའི་ལས་དོན་དུ་བརྩིས་ནས་དམ་འཛིན་དང་། དགེ་རྒན་གྱི་སློབ་གསོའི་ནུས་པ་མཐོར་གཏོང་གི་འདུ་འགོད་ལག་བསྟར་བྱེད་པ། གསོ་སྐྱོང་གསོ་སྦྱོང་དང་དཔྱད་ཞིབ་སྐུལ་ལྕག་སོགས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དགེ་རྒན་གྱི་ཐོབ་ཐང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་རྣམ་པ་བཟང་པོ་བསྐྲུན་ནས། གནས་ལུགས་འཆད་པ་དང་། ཤེས་བྱ་སློབ་པ། དོགས་གནད་སེལ་བ། དཔེ་ཁྲིད་མི་སྐྱོང་བཅས་ཀྱི་དགེ་རྒན་གྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྐུལ་སློང་གང་ལེགས་བྱེད་དགོས། དགེ་རྒན་གྱི་ཀུན་སྤྱོད་དང་དགེ་རྒན་གྱི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། དགེ་རྒན་གྱི་ཀུན་སྤྱོད་དང་དགེ་རྒན་གྱི་སྤྱོད་ཚུལ་འཛུགས་སྐྱོང་བྱེད་རྒྱུ་དེ་གནས་བབ་ཨང་དང་པོར་བཞག་ནས་རྒྱ་ཆེའི་དགེ་རྒན་རྣམས་ཀྱིས་ཏང་ལ་མི་གསོ་སྐྱོང་དང་རྒྱལ་ཁབ་ལ་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོ་འཆང་བར་ཁྲིད་སྟོན་བྱས་ཏེ། སློབ་ཁྲིད་བྱེད་སྟངས་གསར་གཏོད་དང་། སློབ་ཁྲིད་ཆུ་ཚད་མཐོ་རུ་གཏོང་བ། ལག་ལེན་ནུས་པ་ཆེ་རུ་བཏང་ནས། ཀུན་སྤྱོད་ལ་བརྟེན་ནས་རང་ཚུགས་ཐུབ་པར་བྱེད་པ་དང་། ཀུན་སྤྱོད་ལ་བརྟེན་ནས་ཤེས་ཡོན་ཆེ་རུ་གཏོང་བ། ཀུན་སྤྱོད་ལ་བརྟེན་ནས་སློབ་གསོ་སྤེལ་བ། ཀུན་སྤྱོད་ལ་བརྟེན་ནས་སྤྱོད་ལམ་སྐྱོང་བ་བཅས་བྱས་ཏེ། ཀུན་སྤྱོད་མཆོག་ཏུ་གྱུར་པ་དང་། ལས་སྒོ་ཕུལ་དུ་བྱུང་བ། གྲུབ་ཆ་ལུགས་དང་མཐུན་པ། གསོན་ཤུགས་རབ་ཏུ་འཕེལ་བ་བཅས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དགེ་རྒན་དཔུང་ཁག་ཅིག་གསོ་སྐྱོང་དང་སྐྱེད་སྲིང་བྱེད་དགོས། སློབ་གསོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་དགོས་མཁོར་ཁྲིད་སྟོན་བྱེད་པའི་རིག་ཚན་ལེགས་སྒྲིག་ལམ་སྲོལ་འཛུགས་པ། ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་དང་ནུས་རྒྱུ་གཙང་མ་གསར་སྤེལ་སོགས་གཙོ་གནད་རྣམ་གྲངས་དང་རང་འགུལ་ངང་སྦྲེལ་མཐུད་ཧུར་ཐག་བྱེད་པ། “ཐོན་ལས་ཆེན་པོ་དགུར”དམིགས་ནས་ཆེད་ལས་གསར་འཛུགས་བྱེད་པ། དམིགས་འབེན་ཡོད་པའི་སྒོ་ནས་ཤེས་ལྡན་པ་གསོ་སྐྱོང་བྱེད་པ། ལས་དཀྱུས་མཉམ་མཐུད་དང་ཐོན་སློབ་མཉམ་འདྲེས་ཀྱི་ལས་རིགས་སློབ་གསོའི་མ་ལག་འཛུགས་པ། སློབ་གསོའི་འཁོར་འབྲེལ་དེ་ཤེས་ལྡན་པའི་འཁོར་འབྲེལ་དང་། ཐོན་ལས་འཁོར་འབྲེལ། གསར་གཏོད་འཁོར་འབྲེལ་བཅས་དང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། བོད་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པར་སྐུལ་འདེད་གཏོང་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སློབ་གསོ་དེ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་གནས་བབ་ཐོག་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ། སློབ་གསོ་ཕྱོགས་བསྡུས་སྒྱུར་བཅོས་ཕྱོགས་ཡོངས་ནས་ཟབ་ཏུ་གཏོང་བ་དང་སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་མགྱོགས་མྱུར་བསྐྲུན་ནས་རང་ལྗོངས་ཀྱི་སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རྒྱ་ཆེའི་དགེ་རྒན་ཚོས་སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་གཟིགས་སྐྱོང་དེ་ལས་དོན་ཡག་པོ་སྒྲུབ་པའི་འཛད་མེད་ཀྱི་སྒུལ་ཤུགས་སུ་བསྒྱུར་ནས། སློབ་གསོའི་ཐོག་མའི་བསམ་འདུན་བརྟན་སྲུང་དང་། སློབ་ཁྲིད་སྟེགས་བུར་རྩ་བ་ཚུགས་པ། བློ་གཅིག་སེམས་གཅིག་གིས་སློབ་མ་སྐྱོང་བ། སྐད་གྲགས་མེད་པར་ལེགས་སྐྱེས་འབུལ་བ། སེམས་ནུས་ཡོད་རྒུས་སློབ་མ་འཚར་ལོངས་བདེ་ཐང་ཡོང་བར་སྲུང་སྐྱོང་དང་ཁྲིད་སྟོན་བཅས་བྱས་ཏེ། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་དེ་བས་མང་བ་གསོ་སྐྱོང་ཧུར་ཐག་བྱས་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤེས་ལྡན་པ་དང་རིག་སྟོབས་ཀྱི་འདེགས་སྐྱོར་བརྟན་པོ་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།