དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་རྒྱལ་ཁབ་གློག་དྲ་ཀུང་སིའི་ཏུང་ཧྲི་ཀྲང་ཀྲང་ཀྲི་ཀང་དང་བཞུགས་མོལ་གནང་བ།

    ཀརྨ་ཚེ་བརྟན་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-24

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་རྒྱལ་ཁབ་གློག་དྲ་ཀུང་སིའི་ཏུང་ཧྲི་ཀྲང་དང་ཏང་ཙུའི་ཧྲུའུ་ཅི་ཀྲང་ཀྲི་ཀང་བཅས་པ་དང་བཞུགས་མོལ་གནང་ཞིང་། འདི་ནི་བཞུགས་མོལ་གནང་ཡུལ་ཡིན་པ།

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་རྒྱལ་ཁབ་གློག་དྲ་ཀུང་སིའི་ཏུང་ཧྲི་ཀྲང་དང་ཏང་ཙུའི་ཧྲུའུ་ཅི་ཀྲང་ཀྲི་ཀང་བཅས་པ་དང་བཞུགས་མོལ་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀརྨ་ཚེ་བརྟན་དང་ཝུའེ་ཤིའུ་ཁྲང་ཚོགས་འདུར་ཞུགས་པ་རེད།

    ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཀྲང་ཀྲི་ཀང་དང་བཅས་པར་དགའ་བསུ་ཞུས་པ་དང་། རྒྱལ་ཁབ་གློག་དྲ་ཀུང་སིས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ཁག་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས། བོད་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་དང་། འཐབ་ཇུས་ཐོན་ཁུངས་གྲབས་གསོག་རྟེན་གཞི་གལ་ཆེན། ནུས་རྒྱུ་གཙང་མའི་རྟེན་གཞི་གལ་ཆེན་བཅས་ཡིན་པ་དེས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ཁྲོད་འཐབ་ཇུས་ཀྱི་གནས་བབ་ཧ་ཅང་གལ་ཆེན་བཟུང་ཡོད། ཉེ་དུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་ལས་དོན་ལ་གཟིགས་ཞིབ་གནང་སྐབས་དོན་དངོས་ལ་གཞིགས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཞིང་འབྲོག་ལས་དང་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་གཏོང་བ་སོགས་ཀྱི་ཐད་མཛུབ་སྟོན་ཁ་གསལ་གནང་ནས་ང་ཚོར་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། རྒྱལ་ཁབ་གློག་དྲ་དེ་ཉིད་རྒྱལ་ཇུས་དམངས་འཚོ་དང་ཁྱིམ་ཚང་ཁྲི་སྟོང་མང་པོར་ཞབས་འདེགས་ཞུ་བ་དང་འབྲེལ་བ་ཡོད། དུས་ཡུན་རིང་པོར་རྒྱལ་ཁབ་གློག་དྲ་ཀུང་སིས་རང་རྟོགས་ངང་བོད་ཀྱི་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ལ་བཞག་ནས་ཇུས་འགོད་དང་སྐུལ་འདེད་བཏང་སྟེ་ཆབ་སྲིད་ཀྱི་འགན་འཁྲི་དང་། དཔལ་འབྱོར་གྱི་འགན་འཁྲི། སྤྱི་ཚོགས་ཀྱི་འགན་འཁྲི་བཅས་ཧུར་ཐག་ཁུར་ནས་སྔ་རྗེས་སུ་བོད་དུ་མཚོ་བོད་དང་། ཁྲོན་བོད། བོད་དབུས། མངའ་རིས་བཅས་ཀྱི“གློག་ཤུགས་མཁའ་ལམ”བཞི་བསྐྲུན་ནས་གློག་དྲ་ཆེན་པོ་བོད་ཀྱི་རྫོང་དང་ཆུས་74ལ་ཁྱབ་སྟེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། མིག་སྔར་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་བཞིན་ཡོད། ཕྱོགས་གཉིས་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་མཉམ་དུ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། བོད་ཀྱི་འཕེལ་རྒྱས་ནི་དཔལ་འབྱོར་གྱི་གནད་དོན་གཅིག་པུ་མིན་པར་ཆབ་སྲིད་ཀྱི་གནད་དོན་དང་། དཔལ་འབྱོར་གྱི་གནད་དོན། སྤྱི་ཚོགས་ཀྱི་གནད་དོན། དམངས་འཚོའི་གནད་དོན་བཅས་ཀྱི་རྩོད་སྒྲུབ་གཅིག་གྱུར་ཅིག་རེད། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་སྤྱི་འདོམས་དོན་འཁྱོལ་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བོད་དུ་རྩ་བ་ཚུགས་པ་དང་མེ་ཏོག་བཞད་ནས་འབྲས་བུ་ཐོན་པར་འགན་ལེན་བྱེད་དགོས། ཚན་རིག་ཞིབ་འཇུག་གཏིང་ཟབ་བྱས་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་དང་ཟུང་འབྲེལ་བྱས་ཏེ། སྤྱི་ཡོངས་དང་ཆ་ཤས་དང་། མིག་སྔ་དང་ཕུགས། གཞི་ཆེ་དང་གཞི་ཆུང་བཅས་དབར་གྱི་འབྲེལ་བ་ཁོང་དུ་ཡང་དག་ཆུད་པ་དང་། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ། ནུས་རྒྱུ་གཙང་མ་བདེ་འཇགས་ལྡན་ལ་ཕན་འབྲས་ཆེན་པོས་རྒྱུན་མཐུད་ཆོག་པའི་གསར་སྤེལ་དང་བེད་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ། བོད་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་ཏན་ཏིག་འགྱུར་བར་བྱེད་དགོས། ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། ཚན་རིག་དང་མཐུན་པའི་སྒོ་ནས་གློག་དྲའི་བཀོད་ཇུས་འཆར་འགོད་བྱེད་པ། གློག་དྲ་ཕན་ཚུན་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོར་བོད་དེ་བས་ལེགས་པའི་ངང་མཉམ་འདྲེས་ཐུབ་པར་སྐུལ་འདེད་གཏོང་དགོས། ཁ་གཏད་བོད་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ལག་རྩལ་དང་། མ་དངུལ། ཤེས་ལྡན་པ་བཅས་ཀྱི་ལེགས་ཆ་བཏོན་ཏེ་བོད་ཀྱིས་མི་འབོར་གྱི་བྱང་ཚད་མཐོ་རུ་གཏོང་བ་དང་། མི་སེམས་གཅིག་སྒྲིལ། ཤེས་ལྡན་པ་གསོ་སྐྱོང་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་རྒྱབ་སྐྱོར་བྱས་ནས་དགེ་སྤེལ་སྐྱོན་སྤོང་དང་། ལེགས་ཆ་གསབ་རེས། ཐུན་མོང་འཕེལ་རྒྱས་བཅས་ཡོང་རྒྱུའི་རེ་བ་ཡོད།

    ཀྲང་ཀྲི་ཀང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རྒྱལ་ཁབ་གློག་དྲར་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་ནི་རྒྱལ་ཁབ་གློག་དྲའི་ཆབ་སྲིད་ཀྱི་འགན་འཁྲི་ཞིག་རེད། རྒྱལ་ཁབ་གློག་དྲ་ཀུང་སིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ཏེ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”འཕེལ་རྒྱས་འཆར་འགོད་དང་ཟུང་འབྲེལ་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གློག་སྤྱོད་དགོས་མཁོ་ནུས་ཤུགས་ཡོད་རྒུས་སྐོང་བ། གློག་ཤུགས་བདེ་འཇགས་ངང་མཁོ་སྤྲོད་བརྟན་པོ་ཡོང་བའི་འགན་ལེན་བྱེད་པ། ནུས་རྒྱུ་གཙང་མ་གསར་སྤེལ་དང་བེད་སྤྱོད་ལ་སྐུལ་འདེད་གཏོང་བ། བོད་ཀྱི་ཐོན་ཁུངས་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་བར་སྐུལ་འདེད་གཏོང་བ། རིམ་ཁག་གློག་དྲ་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། ཆུ་གློག་དང་། ཚ་ནུས། འོད་ཤུགས། ནུས་གསོག་བཅས་འཕེལ་རྒྱས་ལ་ཞབས་འདེགས་ཧུར་ཐག་ཞུ་བ། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་མཐུན་རྐྱེན་སྦྱོར་བ། གློག་ཤུགས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།