ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2025ལོའི་སློབ་སྦྱོང་ཚོགས་འདུ(རྒྱ་ཆེ)ཐེངས་བརྒྱད་པ་གཙོ་སྐྱོང་གནང་བ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཀྲུའུ་རེན་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2025ལོའི་སློབ་སྦྱོང་ཚོགས་འདུ(རྒྱ་ཆེ)ཐེངས་བརྒྱད་པ་གཙོ་སྐྱོང་གནང་བ་དང་། “ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན”ལ་དམིགས་ནས་ཀྲུང་དབྱང་ཏང་གི་སློབ་གྲྭའི་དཔལ་འབྱོར་རིག་པ་པུའི་དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་སློབ་དཔྱོད་ཁང་གི་ཀྲུའུ་རེན་ཀའོ་ཤིང་ཝེ་ཆེད་དོན་ཟུར་ཁྲིད་གནང་བར་གདན་དྲངས་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡི་ཁོངས་མིས་སྤེལ་རེས་གཏམ་བཤད་གནང་བ་རེད།
ཡན་ཅིན་ཧའེ་ཡིས་གསུངས་དོན། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་གཟིགས་རྒྱང་རིང་བ་དང་། བརྒྱུད་རིམ་ལྡན་ལ་གཏིང་ཟབ་པ། ནང་དོན་ཕུན་སུམ་ཚོགས་པ། གཏན་ཚིགས་ཚགས་དམ་པ་བཅས་ཡོད་པས་ཚན་རིག་དང་མཐུན་ལ་ཆ་ལག་ཚང་བའི་བསམ་བློའི་མ་ལག་ཅིག་གྲུབ་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ཏེ་ཕྱོཌ་ཡོངས་ནས་སློབ་སྦྱོང་བྱེད་རིང་དགོངས་དོན་གྱི་ངོ་བོར་གོ་བ་གཏིང་ཟབ་ལེན་པ་དང་། ཕྱོགས་ཡོངས་ནས་ཁོང་དུ་ཆུད་རིང་སྒྱུར་བཅོས་ཀྱི་རང་རྟོགས་ཆེ་རུ་གཏོང་བ། ཕྱོགས་ཡོངས་ནས་ལག་བསྟར་བྱེད་རིང་དངོས་སྒྲུབ་ཀྱི་སྒུལ་ཤུགས་འཕེལ་བ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གངས་ལྗོངས་ས་གཞི་ཆེན་པོར་རྩ་བ་ཚུགས་པ་དང་མེ་ཏོག་བཞད་ནས་འབྲས་བུ་འདོགས་པར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་དགོས།
ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། རྒྱལ་ཡོངས་སྒྱུར་བཅོས་ཀྱི་སྤྱི་ཡོངས་ཁྲོད་ཀྱི་བོད་ཀྱི་འཐབ་ཇུས་ངེས་གནས་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ་མི་དམངས་འཐུས་ཚོགས་ཀྱིས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ལ་གཡས་གཞོགས་གཡོན་འདེགས་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ཏེ། ཁྲིམས་འཛུགས་ལ་བརྟེན་ནས་སྒྱུར་བཅོས་དང་ཁྲིམས་སྐྱོང་གི་རྨང་གཞི་བརྟན་དུ་གཏོང་བ་དང་། “དོན་ཆེན་བཞིར”དམིགས་ནས“འཛུགས་གཏོད་བཞིར”ཤུགས་རྒྱག་པ། དངོས་སྒྲུབ་གོ་ཆོད་དང་ཁྱད་ལྡན་ཞིབ་ཚགས་ཀྱི་བཅའ་ཁྲིམས་བཟོ་བ། འཕྲལ་མཁོ་འཕྲལ་སྒྲུབ་སྔོན་འཇོག་ལ་མཐའ་འཁྱོངས་བྱེད་པ། “བཅད་ཁ་ཆུང་བ”དང“ཆུང་བདེ་མྱུར་གསུམ”གྱི་ཁྲིམས་འཛུགས་ལ་འཚོལ་ཞིབ་བྱེད་པ། ཁྲིམས་འཛུགས་ཀྱི་དམིགས་སའི་རང་བཞིན་དང་གོ་ཆོད་རང་བཞིན་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཁྲིམས་སྲོལ་མཁོ་སྤྲོད་དང་སྒྱུར་བཅོས་ཀྱི་འཕེལ་རིམ་གོམ་སྟབས་གཅིག་གྱུར་ཡོང་བའི་འགན་ལེན་བྱེད་དགོས། འཐུས་མིར་བརྟེན་ནས་སྒྱུར་བཅོས་སྐོར་གྱི་དམངས་ཀྱི་བློ་གྲོས་དང་དམངས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་དང་། “འབྲེལ་བ་གཉིས”ཟབ་ཏུ་གཏོང་བ། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་སྦྲེལ་ཟམ་དང་འབྲེལ་ཐག་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། འཐུས་མི་ཁེ་ལས་ཀྱི་འཁོར་ཁང་དང་། སྡེ་ཁུལ་དང་གྲོང་ཚོ། ཞིང་ནང་དང་མུ་ཁར་བཅས་སུ་སྐྱོད་པར་ཁྲིད་སྟོན་བྱས་ཏེ་གཞི་རིམ་གྱི་སྐད་སྒྲ་བསམ་འཆར་དང་གྲོས་འགོ་བརྒྱུད་གོང་ཞུ་བྱེད་དགོས། འཐུས་མིའི་འགན་སྒྲུབ་ནུས་པ་ཆེ་རུ་གཏོང་བ་དང་ཞབས་ཞུའི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། སྒྱུར་བཅོས་ཀྱི་གྲོས་གཞིར་གྲོས་ཞིབ་དང་སྒྱུར་བཅོས་ཀྱི་ལྟ་ཞིབ་དང་བརྟག་དཔྱད་ཞིབ་འཇུག་ནང་ཞུགས་པའི་འཐུས་མིའི་ནུས་པ་འདོན་སྤེལ་བྱས་ཏེ། དམངས་ཀྱི་བློ་གྲོས་དང་དམངས་ཀྱི་སྟོབས་ཤུགས་སྒྱུར་བཅོས་ཀྱི“ཆུ་འགོ”དང་འདེགས་སྐྱོར་བརྟན་པོར་དངོས་འབྲེལ་འགྱུར་བར་བྱེད་དགོས། རང་ངོས་འཛུགས་སྐྱོང་ལ་བརྟེན་ནས་སྒྱུར་བཅོས་ཀྱི་ནང་སྐྱེས་སྒུལ་ཤུགས་བརྟན་དུ་གཏོང་བ་དང་། སྤྱོད་ཚུལ་སྔར་བས་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། སྒྱུར་བཅོས་ཀྱི་སྙིང་སྟོབས་དང་ཚད་གཞི་ནན་པོར་བརྟེན་ནས་ཏང་ལ་དོ་དམ་དང་བཅོས་སྐྱོང་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ། སྲིད་ཇུས་ལག་བསྟར་བྱེད་ཤུགས་དང་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་དགོས། མི་དམངས་འཐུས་ཚོགས་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཁྲིམས་སྐྱོང་གི་བསམ་གཞིག་དང་སྒྱུར་བཅོས་ཀྱི་བསམ་གཞིག་ལ་བརྟེན་ནས་དཀའ་གནད་སེལ་བའི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།