དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-19

    ● “འདུ་ཤེས་གསུམ”གྱི་སློབ་གསོའི་གྲུབ་འབྲས་རྒྱ་སྐྱེད་དང་གཏིང་ཟབ་ཏུ་བཏང་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་ཡུན་རིང་བདེ་འཁོད་ཀྱི་རྨང་གཞི་བརྟན་པོ་འདིང་དགོས།

     ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུ་དང་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་གནང་བ་དང་། ལྗོངས་ཡོངས་ཀྱི་ཆོས་ལུགས་རིགས་ཁོངས་ཀྱི“འདུ་ཤེས་གསུམ”གྱི་སློབ་གསོའི་ལས་དོན་སྐོར་གྱི་སྙན་སེང་གསན་པ་མ་ཟད། འབྲེལ་ཡོད་ཡིག་ཆར་ཞིབ་འཇུག་དང་གྲོས་ཞིབ་ཀྱང་གནང་བ་རེད། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ“འདུ་ཤེས་གསུམ”གྱི་སློབ་གསོའི་གྲུབ་འབྲས་རྒྱ་སྐྱེད་དང་གཏིང་ཟབ་ཏུ་བཏང་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། ཡུན་རིང་བདེ་འཁོད་ཀྱི་རྨང་གཞི་བརྟན་པོ་འདིང་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཆོས་ལུགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དགོངས་པ་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་རབ་དང་རིམ་པ་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་བཏོན་གནང་སྟེ། དུས་བབ་གསར་པའི་འོག་གི་ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ཚན་རིག་དང་མཐུན་པའི་སྒོ་ནས་ལན་བསྐྱོན་ཡོད། ཉེ་དུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས། ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་པར་མཛུབ་སྟོན་གལ་ཆེན་གནང་སྟེ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་ལ་རྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་ལ་ཤུགས་སྣོན་རྒྱག་རྒྱུའི་བླང་བྱ་གཞིར་བཟུང་། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱས་ནས། ང་ཚོས་ཆོས་ལུགས་ལས་དོན་སྔར་བས་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཚུགས་གནས་མཐོ་རུ་བཏང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཆ་ཚང་བ་དང་གནད་ལ་འཁེལ་པོས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་མུ་མཐུད་སྐུལ་འདེད་གཏིང་ཟབ་གཏོང་བ། དགོན་སྡེའི་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བཅས་བྱས་ཏེ། བོད་ཀྱི་ཆོས་ལུགས་ལས་དོན་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཕྱོགས་སུ་མདུན་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས།

    ཝང་ཅུན་ཀྲེང་གིས་གསུངས་དོན། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བོད་ཀྱི་ཆོས་ལུགས་ལས་དོན་གྱི་གནས་ཚུལ་དངོས་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཏེ། ཆོས་ལུགས་ལས་དོན་གྱི་དོན་དངོས་ལ་གཞིགས་ནས་ཕུགས་འཕེར་གྱི་ཇུས་གཞི་བཏིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱད་ཡོད། 2022ལོའི་ཟླ་5པ་ནས་བཟུང་། ཆོས་ལུགས་ལས་རིགས་ཀྱི“རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཀྱི་སློབ་གསོ་སྤེལ་བ་དང་འབྲེལ་སྤྱི་ཚོགས་ཡོངས་སུ་རྒྱ་སྐྱེད་དང་སྣུར་སྲིང་བྱས་ཡོད། ལོ་ཤས་རིང་གི་ལག་ལེན་བརྒྱུད་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་པ་དང་། ཏང་གིས་ཆོས་ལུགས་ལས་དོན་ལ་དེ་བས་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བས། ཆོས་ལུགས་ལས་དོན་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་སོང་བ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བར་རྗེས་ཐོན་པར་བྱས་ནས། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད། “འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་སྤེལ་བ་ནི“ཕན་འདོགས་པ་ལྔའི”ཚད་གཞི་མཐའ་འཁྱོངས་བྱེད་པའི་གསར་གཏོད་བྱ་ཐབས་ཤིག་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་རྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བའི་ནུས་ལྡན་གྱི་གཞི་རྟེན་ཞིག་ཡིན་པ་ལག་ལེན་གྱི་ཐོག་ནས་ར་འཕྲོད་གང་ལེགས་བྱུང་བས། ཕྱི་རོལ་ཡུལ་གྱི་གནས་བབ་ཁོང་དུ་ཡང་དག་ཆུད་པར་བྱས་ནས། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་དང་ཡིད་ཆེས་དང་ཆོད་སེམས་བརྟན་དུ་བཏང་སྟེ། ཤུགས་སྣོན་ཆད་མེད་དང་སྙིང་རུས་གཏན་འཁྱོངས་ཀྱིས་རྒྱུན་སྲིང་ལྷོད་མེད་ངང་ལས་དོན་ཡག་པོ་སྒྲུབ་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། “འདུ་ཤེས་གསུམ”གྱི་སློབ་གསོའི་གྲུབ་འབྲས་རྒྱ་སྐྱེད་གཏིང་ཟབ་ཏུ་གཏོང་བ་དང་། ཆོས་ལུགས་ལས་དོན་གྱི་ནུས་པ་དང་ཆུ་ཚད་མཐོ་རུ་བཏང་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་རྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བའི་ཐད་རྒྱུན་ཆད་མེད་པར་ཕན་འབྲས་གསར་པ་ཐོན་པའི་འགན་ལེན་བྱེད་དགོས། ཆོས་ལུགས་ལས་དོན་གྱི་སྤྱི་ཡོངས་ནས་འགོ་བརྩམས་ཏེ། རྒྱུན་རྣམ་ཅན་གྱི་སློབ་གསོར་དམ་འཛིན་ཏན་ཏིག་དང་དམ་འཛིན་ཞིབ་ཕྲ་བྱེད་པ་དང་། ཆོས་ཉིད་རང་བཞིན་གྱི་ངོས་འཛིན་གཏིང་ཟབ་ཏུ་བཏང་ནས་སློབ་སྦྱོང་སློབ་གསོ་དང་། དག་ཐེར་ལ་ཞིབ་བཤེར། སྒྲིག་སྲོལ་ལམ་ལུགས་འཛུགས་པ་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བ། རྒྱུན་གཏན་གྱི་སློབ་སྦྱོང་དང་། ལྟ་སྐུལ་ཞིབ་བཤེར་ལམ་ལུགས། དཔྱད་ཞིབ་གདེང་འཇོག་ལམ་སྲོལ་བཅས་འཐུས་སྒོ་ཚང་དུ་གཏོང་བ། སྒྲིག་འཛུགས་སྐུལ་འདེད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ཆོས་ལུགས་ལས་དོན་ཚན་རིག་ཅན་དང་། ཚད་ལྡན་ཅན། ལམ་ལུགས་ཅན། ཁྲིམས་སྐྱོང་ཅན་བཅས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ཐབས་མང་མཉམ་སྤྱོད་ཀྱིས་ནང་སྐྱེས་སྒུལ་ཤུགས་ཆེ་རུ་གཏོང་བ་དང་། ཆོས་ལུགས་ལས་རིགས་ཀྱིས་བྱེད་པོའི་ནུས་པ་འདོན་པར་ཁྲིད་སྟོན་བྱེད་པ། རང་ངོས་སློབ་གསོ་དང་། རང་ངོས་དོ་དམ། རང་ངོས་གཅུན་སྡོམ་བཅས་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ། ཆོས་ལུགས་ལས་རིགས་ཀྱིས་བསྟན་དོན་དང་འདུལ་ཁྲིམས་ལ་དུས་རབས་ཡར་ཐོན་གྱི་བླང་བྱ་དང་མཐུན་པའི་འགྲེལ་བཤད་རྒྱག་པར་རྒྱབ་སྐྱོར་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་དགོས། ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་གཞི་རྟེན་དུ་བྱས་ནས་སློབ་གསོའི་གྲུབ་འབྲས་རྒྱ་སྐྱེད་གཏིང་ཟབ་ཏུ་གཏོང་བ་དང་། རང་རྟོགས་ངང་ཁྲིམས་སྐྱོང་གི་འདུ་ཤེས་དང་། ཁྲིམས་སྐྱོང་གི་བསམ་གཞིག ཁྲིམས་སྐྱོང་བྱེད་སྟངས་བཅས་སྤྱད་དེ་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ་དང་། རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ལ་ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བར་ཁྲིད་སྟོན་བྱེད་པ། ཁྲིམས་དང་སྒྲིག་སྲོལ་ལྟར་ཆོས་ལུགས་བྱེད་སྒོ་སྤེལ་བ་བཅས་བྱས་ཏེ་བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་སྒྲིག་ལམ་རང་རྟོགས་ངང་སྲུང་སྐྱོང་བྱེད་དགོས། ལག་ལེན་གྱི་ཁྲིད་སྟོན་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ། ཕན་འབྲས་དངོས་ལ་བརྟེན་ནས་ལས་ཀའི་བྱ་ཐབས་ཀྱི་ཕན་ནུས་རང་བཞིན་ལ་ཞིབ་བཤེར་བྱེད་པ་དང་། “འདུ་ཤེས་གསུམ”གྱི་སློབ་གསོ་སྤེལ་བའི་ནང་དོན་དང་། བྱེད་ཐབས། ཚད་གཞི་བཅས་ཁ་གསལ་བཟོ་བ། དམིགས་སའི་རང་བཞིན་དང་ཕན་ནུས་རང་བཞིན་ཆེ་རུ་གཏོང་བ། ཆོས་ལུགས་ལས་དོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། ཆོས་ལུགས་ཞི་དུལ་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་ལ་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་འཕེལ་རྒྱས་དང་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བའི་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་བོད་ཀྱི་ཆོས་ལུགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དང་ཉམས་མྱོང་བེད་སྤྱོད་ཡག་པོ་བྱས་ཏེ། ལས་ཀའི་སྤྱོད་ཚུལ་བཟང་པོ་དང་དངོས་དངོས་རྗེན་རྗེན་གྱི་བྱ་ཐབས་ལ་བརྟེན་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གངས་ལྗོངས་ས་མཐོར་རྩ་བ་ཚུགས་པ་དང་འབྲས་བུ་སྨིན་པའི་འགན་ལེན་བྱེད་དགོས། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་ལྟ་བ་དང་། ཏང་གི་ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་མཛད་ཕྱོགས་སྲིད་ཇུས། ཆོས་ལུགས་ཤེས་བྱ་བཅས་སློབ་སྦྱོང་གཏིང་ཟབ་བྱས་ནས་ཆབ་སྲིད་ཁོང་དུ་ཆུད་ནུས་དང་། ཁྲིམས་ལྟར་བཅོས་སྐྱོང་བྱེད་ནུས། རྙོག་འཛིང་ཆེ་བའི་གནད་དོན་ཐག་གཅོད་བྱེད་ནུས། དད་ལྡན་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། དངོས་སྒྲུབ་དངོས་རྗེས་ལ་བརྟེན་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།