བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ལམ་སྐྱེལ་འདྲེན་སྲོལ་ཡིག
(2000ལོའི་ཟླ་5ཚེས་18ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བདུན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གསུམ་པའི་ཐོག་གྲོས་འཆམ་བྱུང་བ་དང་། 2007ལོའི་ཟླ་3ཚེས་28ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བརྒྱད་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སུམ་ཅུ་པའི་ཐོག་བསྐྱར་བཅོས་ཐེངས་དང་པོ་བྱས་པ། 2010ལོའི་ཟླ་7ཚེས་30ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བདུན་པའི་ཐོག《〈《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲུབ་འགོག་བཅའ་ཁྲིམས》ལག་བསྟར་བྱ་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས〉སོགས་ཁྲིམས་སྲོལ་ཁག་11ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཆོད་དོན》གཞིར་བཟུང་དག་བཅོས་ཐེངས་དང་པོ་བྱས་པ། 2011ལོའི་ཟླ་11ཚེས་24ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་ལྔ་པའི་ཐོག《〈བོད་རང་སྐྱོང་ལྗོངས་ཀྱི་ཆུ་བེད་ལས་གྲྭའི་དོ་དམ་སྲོལ་ཡིག〉སོགས་ཁྲིམས་སྲོལ་ཁག་8ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཆོད་དོན》གཞིར་བཟུང་དག་བཅོས་ཐེངས་གཉིས་པ་བྱས་པ། 2021ལོའི་ཟླ་9ཚེས་29ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་གཉིས་པའི་ཐོག《〈《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཨ་མ་དང་ཕྲུ་གུ་དམར་འབྱར་གྱི་འཕྲོད་སྦྱོར་བཅའ་ཁྲིམས》ལག་བསྟར་བྱ་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས〉སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་8ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཆོད་དོན》གཞིར་བཟུང་དག་བཅོས་ཐེངས་གསུམ་པ་བྱས་པ། 2024ལོའི་ཟླ་11ཚེས་28ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གསུམ་པའི་ཐོག་བསྐྱར་བཅོས་ཐེངས་གཉིས་པ་བྱས་པ)
དཀར་ཆག
ལེའུ་དང་པོ། སྤྱིའི་རྩ་དོན།
ལེའུ་གཉིས་པ། རྒྱ་ལམ་སྐྱེལ་འདྲེན་ལས་གཉེར།
ས་བཅད་དང་པོ། སྤྱིར་བཏང་གི་གཏན་འབེབས།
ས་བཅད་གཉིས་པ། འགྲུལ་སྐྱེལ་ལས་གཉེར།
ས་བཅད་གསུམ་པ། ཟོག་འདྲེན་ལས་གཉེར།
ལེའུ་གསུམ་པ། རྒྱ་ལམ་སྐྱེལ་འདྲེན་དང་འབྲེལ་བ་ཡོད་པའི་ལས་སྒོ།
ལེའུ་བཞི་པ། ལྟ་སྐུལ་ཞིབ་གཤེར།
ལེའུ་ལྔ་པ། བཅའ་ཁྲིམས་ཀྱི་འགན་འཁྲི།
ལེའུ་དྲུག་པ། ཞར་བྱུང་།
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།
〔2024〕ཡིག་ཨང་15པ།
《བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ལམ་སྐྱེལ་འདྲེན་སྲོལ་ཡིག》དེ་2024ལོའི་ཟླ་11ཚེས་28ཉིན་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གསུམ་པའི་ཐོག་བསྐྱར་བཅོས་བྱས་ནས་གྲོས་འཆམ་བྱུང་བ་བཞིན་ད་ལྟ་ཁྱབ་བསྒྲགས་བྱ་རྒྱུ་དང་2025ལོའི་ཟླ་3ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།
2024ལོའི་ཟླ་11ཚེས་28ཉིན།
ལེའུ་དང་པོ། སྤྱིའི་རྩ་དོན།
དོན་ཚན་དང་པོ། རྒྱ་ལམ་སྐྱེལ་འདྲེན་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་དང་། རྒྱ་ལམ་སྐྱེལ་འདྲེན་གྱི་བདེ་འཇགས་འགན་སྲུང་། རྒྱ་ལམ་སྐྱེལ་འདྲེན་བྱེད་མཁན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བཅས་བྱས་ཏེ་རྒྱ་ལམ་སྐྱེལ་འདྲེན་ལས་རིགས་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱ་ལམ་སྐྱེལ་འདྲེན་སྲོལ་ཡིག》སོགས་འབྲེལ་ཡོད་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གཞིར་བཟུང་རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྲོལ་ཡིག་འདི་བཟོས་པ་ཡིན།
དོན་ཚན་གཉིས་པ། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་སུ་རྒྱ་ལམ་སྐྱེལ་འདྲེན་གྱི་ལས་གཉེར་དང་། རྒྱ་ལམ་སྐྱེལ་འདྲེན་དང་འབྲེལ་བ་ཡོད་པའི་ལས་སྒོ། རྒྱ་ལམ་སྐྱེལ་འདྲེན་དོ་དམ་གྱི་ལས་སྒོ་བཅས་སྤེལ་བར་སྲོལ་ཡིག་འདི་སྤྱད་ན་འཐུས།
སྲོལ་ཡིག་འདིའི་ནང་བརྗོད་པའི་རྒྱ་ལམ་སྐྱེལ་འདྲེན་གྱི་ལས་གཉེར་ཁོངས་སུ་རྒྱ་ལམ་འགྲུལ་པ་སྐྱེལ་འདྲེན་གྱི་ལས་གཉེར(གཤམ་ལ་འགྲུལ་སྐྱེལ་ལས་གཉེར་ཞེས་བསྡུ་རྒྱུ)དང་། རྒྱ་ལམ་དངོས་ཟོག་སྐྱེལ་འདྲེན་གྱི་ལས་གཉེར(གཤམ་ལ་ཟོག་འདྲེན་ལས་གཉེར་ཞེས་བསྡུ་རྒྱུ)ཚུད་ཡོད། རྒྱ་ལམ་སྐྱེལ་འདྲེན་དང་འབྲེལ་བ་ཡོད་པའི་ལས་སྒོའི་ཁོངས་སུ་རྒྱ་ལམ་སྐྱེལ་འདྲེན་འབབ་ཚུགས(བྱེད་གནས)ཀྱི་ལས་གཉེར་དང་། འཕྲུལ་སྒུལ་འཁོར་རིགས་ཉམས་བཟོའི་ལས་གཉེར། འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་སྦྱོང་བརྡར། རླངས་འཁོར་བོགས་གཏོང་གི་ལས་གཉེར་བཅས་ཚུད་ཡོད།
དོན་ཚན་གསུམ་པ། རྒྱ་ལམ་སྐྱེལ་འདྲེན་ལས་རིགས་གོང་འཕེལ་གཏོང་བར་ངེས་པར་དུ་གཅིག་གྱུར་འཆར་འགོད་དང་། བདེ་འཇགས་སྟབས་བདེ། ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་རྩ་དོན་ལ་སྲུང་བརྩི་ཞུ་དགོས་པ་དང་། ལྕགས་ལམ་དང་མཁའ་འགྲུལ་སོགས་སྐྱེལ་འདྲེན་བྱེད་སྟངས་གཞན་དག་དང་སྦྲེལ་མཐུད་ལུགས་མཐུན་དང་མཐུན་སྦྱོར་གོང་འཕེལ་ཡོང་བ་བྱེད་དགོས།
རང་སྐྱོང་ལྗོངས་ཀྱིས་རྒྱ་ལམ་སྐྱེལ་འདྲེན་གྱི་ལས་གཉེར་པས་གཞི་ཁྱོན་ཅན་དང་ཞིབ་ལས་ཅན་གྱི་ལས་གཉེར་བྱ་རྒྱུར་སྐུལ་ལྕག་གཏོང་དགོས།
དོན་ཚན་བཞི་པ། རྒྱ་ལམ་སྐྱེལ་འདྲེན་གྱི་ལས་གཉེར་དང་དེ་བཞིན་རྒྱ་ལམ་སྐྱེལ་འདྲེན་དང་འབྲེལ་བ་ཡོད་པའི་ལས་སྒོ་གཉེར་སྐབས་ངེས་པར་དུ་ཁྲིམས་བཞིན་ལས་གཉེར་དང་། ཁ་དན་ཚིག་གནས། དྲང་གཞག་འགྲན་རྩོད། ཞབས་ཞུ་སྤུས་ལེགས་བཅས་ཡོང་བ་བྱེད་དགོས།
རྒྱ་ལམ་སྐྱེལ་འདྲེན་གྱི་དོ་དམ་བྱེད་སྐབས་ངེས་པར་དུ་འདྲ་མཉམ་དང་། དྲང་གཞག ཡོངས་བསྒྲགས། ཕྱོད་ཆེ། དམངས་ལ་སྟབས་བདེ་བཅས་ཡོང་བའི་རྩ་དོན་སྲུང་དགོས།
དོན་ཚན་ལྔ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྐྱེལ་འདྲེན་གོང་འཕེལ་གཏོང་རྒྱུ་གཅིག་གྱུར་འཆར་འགོད་བྱས་ཏེ་དེང་རབས་ཀྱི་རྒྱ་ལམ་སྐྱེལ་འདྲེན་མ་ལག་འཐུས་ཚང་དུ་གཏོང་བ་དང་། གྲོང་ཁྱེར་གྲོང་གསེབ་དང་ཁུལ་ཁོངས་ཀྱི་འགྲུལ་སྐྱེལ་གཞི་གཅིག་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ནས་རྒྱ་ལམ་སྐྱེལ་འདྲེན་གྱི་སྤྱི་པའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་དགོས།
དོན་ཚན་དྲུག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རྒྱ་ལམ་སྐྱེལ་འདྲེན་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་དགོས་མཁོ་གཞིར་བཟུང་། སྲིད་འཛིན་ས་ཁོངས་དེ་གའི་རྒྱ་ལམ་སྐྱེལ་འདྲེན་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་འགོད་བཟོ་དགོས་པ་མ་ཟད། རྒྱ་ལམ་སྐྱེལ་འདྲེན་དོ་དམ་དང་འཕྲལ་སྡོམ་སྐྱེལ་འདྲེན་འགན་སྲུང་ལ་མཁོ་བའི་འགྲོ་གྲོན་རྣམས་རིམ་པ་དེ་གའི་ནོར་སྲིད་སྔོན་རྩིས་ནང་འཇུག་དགོས།
དོན་ཚན་བདུན་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་འགྲིམ་འགྲུལ་སྐྱེལ་འདྲེན་གཙོ་འགན་སྡེ་ཚན་གྱིས་སྲིད་འཛིན་ས་ཁོངས་དེ་གའི་རྒྱ་ལམ་སྐྱེལ་འདྲེན་དོ་དམ་ལས་ཀའི་འགན་འཁུར་དགོས་པ་དང་། དེའི་ཁོངས་གཏོགས་ཀྱི་རྒྱ་ལམ་སྐྱེལ་འདྲེན་དོ་དམ་ལས་ཁུངས་དང་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་སྒྱུར་ལས་ཁུངས་ཀྱིས་གཏན་འབེབས་ཀྱི་འགན་འཁྲི་གཞིར་བཟུང་རྒྱ་ལམ་སྐྱེལ་འདྲེན་དོ་དམ་གྱི་ཞིབ་ཕྲའི་ལས་ཀའི་འགན་འཁུར་དགོས།
རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་གོང་འཕེལ་བསྒྱུར་བཅོས་དང་། སྤྱི་བདེ། སྐྱེ་ཁམས་ཁོར་ཡུག འཕྲལ་སྡོམ། ཁྲོམ་རའི་ལྟ་སྐུལ་དོ་དམ་སོགས་སྡེ་ཚན་གྱིས་ངེས་པར་དུ་རང་སོ་སོའི་འགན་འཁྲི་གཞིར་བཟུང་རྒྱ་ལམ་སྐྱེལ་འདྲེན་དོ་དམ་གྱི་འབྲེལ་ཡོད་ལས་དོན་མཉམ་དུ་ཡག་པོ་སྒྲུབ་དགོས།
ལེའུ་གཉིས་པ། རྒྱ་ལམ་སྐྱེལ་འདྲེན་གྱི་ལས་གཉེར།
ས་བཅད་དང་པོ། སྤྱིར་བཏང་གི་གཏན་འབེབས།
དོན་ཚན་བརྒྱད་པ། འགྲུལ་སྐྱེལ་ལས་གཉེར་གྱི་ཁོངས་སུ་རྒྱུན་བཙུགས་རླངས་འཁོར་གྱི་འགྲུལ་སྐྱེལ་ལས་གཉེར་དང་། འགན་གཙང་རླངས་འཁོར་གྱི་འགྲུལ་སྐྱེལ་ལས་གཉེར། ཡུལ་སྐོར་གྱི་འགྲུལ་སྐྱེལ་ལས་གཉེར། བོགས་གཏོང་རླངས་འཁོར་གྱི་འགྲུལ་སྐྱེལ་ལས་གཉེར་བཅས་ཚུད་ཡོད།
ཟོག་འདྲེན་ལས་གཉེར་གྱི་ཁོངས་སུ་སྤྱིར་བཏང་ཟོག་འདྲེན་ལས་གཉེར་དང་། དངོས་ཟོག་ཆེད་སྤྱོད་སྐྱེལ་འདྲེན་གྱི་ལས་གཉེར། དངོས་ཟོག་ཆེ་གྲས་སྐྱེལ་འདྲེན་གྱི་ལས་གཉེར། ཉེན་ཆེའི་དངོས་ཟོག་སྐྱེལ་འདྲེན་གྱི་ལས་གཉེར། དྲ་རྒྱའི་ལས་སྟེགས་ཀྱི་དངོས་ཟོག་སྐྱེལ་འདྲེན་གྱི་ལས་གཉེར(གཤམ་དུ་དྲ་རྒྱའི་ཟོག་འདྲེན་ལས་གཉེར་ཞེས་བསྡུ་རྒྱུ)བཅས་ཚུད་ཡོད།
དོན་ཚན་དགུ་པ། འགྲུལ་སྐྱེལ་ལས་གཉེར་དང་ཟོག་འདྲེན་ལས་ཀ་བྱེད་མཁན་ལ། ངེས་པར་དུ་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱིས་གཏན་འབེབས་བྱས་པའི་ཆ་རྐྱེན་ཚང་དགོས་པ་མ་ཟད། ཁྲིམས་ལྟར་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་ལ་བསྐྱོད་ནས་འབྲེལ་ཡོད་ཐོ་འགོད་འགྲོ་ལུགས་གཉེར་རྗེས། འགྲིམ་འགྲུལ་སྐྱེལ་འདྲེན་གཙོ་འགན་སྡེ་ཚན་ལ་རྒྱ་ལམ་སྐྱེལ་འདྲེན་ལས་གཉེར་གྱི་འཁྲོལ་འཛིན་དང་འཁོར་རིགས་ཀྱི་སྐྱེལ་འདྲེན་ལས་གཉེར་ལག་ཁྱེར་རེ་ཞུ་བྱེད་དགོས།
རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་འགྲིམ་འགྲུལ་སྐྱེལ་འདྲེན་གཙོ་འགན་སྡེ་ཚན་གྱིས་རྒྱལ་སྤྱིའི་འགྲུལ་སྐྱེལ་ལས་གཉེར་བྱ་རྒྱུའི་རེ་ཞུ་འབུལ་མཁན་ལ་ཁྲིམས་ལྟར་ལས་གཉེར་ཆོག་མིན་ཐག་གཅོད་དགོས་པ་དང་། ཆོག་འཐུས་ཐག་བཅད་རིགས། ཁྲིམས་ལྟར་རྒྱལ་ཁབ་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་གཙོ་འགན་སྡེ་ཚན་ལ་སྙན་ཐོ་དཔོ་དགོས། རྒྱལ་སྤྱིའི་ཟོག་འདྲེན་ལས་གཉེར་བྱ་རྒྱུའི་རེ་ཞུ་འབུལ་མཁན་རིགས་ཀྱིས་ཁྲིམས་ལྟར་སྙན་ཐོ་དཔོ་དགོས།
གྲོང་ཁྱེར(ས་གནས)མི་དམངས་སྲིད་གཞུང(སྲིད་ཧྲུའུ)འགྲིམ་འགྲུལ་སྐྱེལ་འདྲེན་གཙོ་འགན་སྡེ་ཚན་གྱིས་ཞིང་ཆེན་དབར་དང་། གྲོང་ཁྱེར་དབར། རྫོང་དབར(མཐའ་འབྲེལ་རྫོང་གི་སྲིད་འཛིན་ས་ཁོངས་དབར་ཕུད)བཅས་ཀྱི་རྒྱུན་བཙུགས་རླངས་འཁོར་དང་། འགན་གཙང་གླ་འཁོར། ཡུལ་སྐོར་འགྲུལ་སྐྱེལ་བཅས་ཀྱི་ལས་གཉེར་བྱ་རྒྱུའི་རེ་ཞུ་འབུལ་མཁན་རིགས་ལ། ཁྲིམས་ལྟར་ལས་གཉེར་ཆོག་མིན་ཐག་གཅོད་དགོས་པ་དང་། ཉེན་ཆེའི་དངོས་ཟོག་སྐྱེལ་འདྲེན་ལས་གཉེར་བྱ་རྒྱུའི་རེ་ཞུ་འབུལ་མཁན་རིགས་ལ་ཁྲིམས་ལྟར་ཆོག་མིན་ཐག་གཅོད་དགོས།
རྫོང(གྲོང་ཁྱེར་དང་ཆུད)མི་དམངས་སྲིད་གཞུང་གི་འགྲིམ་འགྲུལ་སྐྱེལ་འདྲེན་གཙོ་འགན་སྡེ་ཚན་གྱིས་རྫོང་རིམ་སྲིད་འཛིན་ས་ཁོངས་ནང་དང་མཐའ་འབྲེལ་རྫོང་གི་སྲིད་འཛིན་ས་ཁོངས་དབར་གྱི་རྒྱུན་བཙུགས་རླངས་འཁོར་དང་། འགན་གཙང་གླ་འཁོར། ཡུལ་སྐོར་འགྲུལ་སྐྱེལ་བཅས་ལས་གཉེར་བྱ་རྒྱུའི་རེ་ཞུ་འབུལ་མཁན་རིགས་ལ། ཁྲིམས་ལྟར་ལས་གཉེར་ཆོག་མིན་ཐག་གཅོད་དགོས་པ་དང་། ཉེན་ཆེའི་དངོས་ཟོག་སྐྱེལ་འདྲེན་ལས་གཉེར་ཕུད་པའི་ཟོག་འདྲེན་ལས་གཉེར་བྱ་རྒྱུའི་རེ་ཞུ་འབུལ་མཁན་རིགས་ལ་ཁྲིམས་ལྟར་ཆོག་མིན་ཐག་གཅོད་དགོས།
ཁྱོན་ཡོངས་ལྗིད་ཚད་ལ་སྟོང་ཁེ་བཞི་སྟོང་ལྔ་བརྒྱ་དང་དེ་མན་གྱི་ཟོག་འདྲེན་རླངས་འཁོར་དཀྱུས་མ་བཏང་ནས་སྤྱིར་བཏང་གི་ཟོག་འདྲེན་ལས་ཀ་བྱེད་མཁན་གྱིས་རྒྱ་ལམ་སྐྱེལ་འདྲེན་ལས་གཉེར་གྱི་འཁྲོལ་འཛིན་དང་རླངས་འཁོར་གྱི་སྐྱེལ་འདྲེན་ལག་ཁྱེར་རེ་ཞུ་བྱེད་མི་དགོས།
གྲོང་ཁྱེར(ས་ཁུལ)མི་དམངས་སྲིད་གཞུང(སྲིད་ཧྲུའུ)དང་རྫོང(གྲོང་ཁྱེར་དང་ཆུད)མི་དམངས་སྲིད་གཞུང་གི་འགྲིམ་འགྲུལ་སྐྱེལ་འདྲེན་གཙོ་འགན་སྡེ་ཚན་གྱིས་བོགས་གཏོང་རླངས་འཁོར་གྱི་འགྲུལ་སྐྱེལ་ལས་གཉེར་བྱ་རྒྱུའི་རེ་ཞུ་འབུལ་མཁན་རིགས་ལ། ཁྲིམས་ལྟར་ལས་གཉེར་ཆོག་མིན་ཐག་གཅོད་དགོས།
དོན་ཚན་བཅུ་པ། རྒྱ་ལམ་སྐྱེལ་འདྲེན་གྱི་ལས་ཀ་བྱེད་མཁན་རླངས་འཁོར་ཡིན་ཚེ། ངེས་པར་དུ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་གཏན་ལ་ཕབ་པའི་རླངས་འཁོར་གྱི་ལག་རྩལ་རིམ་པ་དང་། ཚད་གཞི། ཆ་རྐྱེན་བཅས་དང་མཐུན་དགོས།
རྒྱ་ལམ་སྐྱེལ་འདྲེན་གྱི་ལས་ཀ་བྱེད་མཁན་གྱིས་ངེས་པར་དུ་རྒྱ་ལམ་སྐྱེལ་འདྲེན་གྱི་ལས་ཀ་བྱེད་མཁན་རླངས་འཁོར་གྱི་རིགས་ལ་བདག་སྐྱོང་དང་ལག་རྩལ་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། གཏན་འབེབས་ལྟར་ཞིབ་བཤེར་བརྟག་དཔྱད་དང་ལག་རྩལ་རིམ་པ་དཔྱད་འབེབས་བྱེད་དགོས་པ་མ་ཟད། རླངས་འཁོར་གྱི་ལག་རྩལ་ཡིག་ཚགས་ཀྱང་བཟོ་དགོས།
མཁོ་མེད་དུ་བཏང་བ་དང་། ཆ་སྒྲིག་ཡ་སྒྲིག་བྱས་པ། རང་དགར་སྒྲིག་སྦྱོར་བྱས་པ། ཞིབ་བཤེར་བརྟག་དཔྱད་ཀྱི་ཚད་མ་ལོན་པ། དེ་བཞིན་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་གཏན་འབེབས་དང་མ་མཐུན་པའི་རླངས་འཁོར་གྱི་རིགས་བཅས་ཀྱིས་རྒྱ་ལམ་སྐྱེལ་འདྲེན་ལས་གཉེར་བྱེད་མི་ཆོག
དོན་ཚན་བཅུ་གཅིག་པ། རྒྱ་ལམ་སྐྱེལ་འདྲེན་གྱི་ལས་ཀ་བྱེད་མཁན་གྱིས་ངེས་པར་དུ་གཏན་འབེབས་ལྟར་རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་། ལས་རིགས་ཀུན་སྤྱོད། ལས་སྒོའི་ཤེས་བྱ། ལས་གནས་ལག་རྩལ་བཅས་ཀྱི་སྦྱོང་བརྡར་དང་དཔྱད་ཞིབ་ནང་ཞུགས་དགོས།
འགྲུལ་སྐྱེལ་ཁ་ལོ་བ་དང་ཟོག་འདྲེན་ཁ་ལོ་བ(ཁྱོན་ཡོངས་ལྗིད་ཚད་ལ་སྟོང་ཁེ་བཞི་སྟོང་ལྔ་བརྒྱ་དང་དེ་མན་གྱི་ཟོག་འདྲེན་རླངས་འཁོར་དཀྱུས་མ་གཏོང་མཁན་གྱི་ཁ་ལོ་བ་ཕུད)དེ་བཞིན་ཉེན་ཆེའི་དངོས་ཟོག་སྐྱེལ་འདྲེན་བྱེད་མཁན་ཁ་ལོ་བ་དང་། འདོན་འཇུག་དོ་དམ་པ། དོས་རྒྱབ་པ་བཅས་ཀྱིས་ངེས་པར་དུ་རྒྱ་ལམ་སྐྱེལ་འདྲེན་ལས་གཉེར་གྱི་འོས་ཐོབ་ལག་ཁྱེར་ཞུ་དགོས་པ་མ་ཟད། ལག་ཁྱེར་འཁྱེར་ནས་ལས་ཀར་ཞུགས་དགོས།
ཁ་ལོ་བས་རླངས་འཁོར་བསྟུད་མར་གཏོང་བའི་དུས་ཚོད་ཆུ་ཚོད་བཞི་ལས་བརྒལ་མི་ཆོག
དོན་ཚན་བཅུ་གཉིས་པ། རྒྱུན་བཙུགས་འགྲུལ་སྐྱེལ་རླངས་འཁོར་དང་། འགན་གཙང་འགྲུལ་སྐྱེལ་གླ་འཁོར། ཡུལ་སྐོར་འགྲུལ་སྐྱེལ་རླངས་འཁོར། ཉེན་ཆེའི་དངོས་ཟོག་སྐྱེལ་འདྲེན་རླངས་འཁོར་བཅས་ལ་ངེས་པར་དུ་ཚད་གཞི་དང་མཐུན་པའི་སྲུང་སྐར་ངེས་གནས་སྒྲིག་ཆས་དང་བརྙན་ལམ་ལྟ་སྡོམ་སྒྲིག་ཆས་སྒྲིག་སྦྱོར་བྱེད་དགོས་པ་མ་ཟད། རྒྱལ་ཡོངས་ཀྱི་གཙོ་གནད་སྐྱེལ་འདྲེན་རླངས་འཁོར་གྱི་དྲ་སྦྲེལ་ལྟ་སྡོམ་མ་ལག་དང་སྦྲེལ་མཐུད་བྱས་ནས་རྒྱུན་དུ་བེད་སྤྱོད་ཐུབ་པ་བྱེད་དགོས།
ཕྱེད་བཀལ་འདྲུད་འཁོར་དང་ལྗིད་འདེགས་ཟོག་འདྲེན་རླངས་འཁོར་གྱི་རིགས་ལ་ངེས་པར་དུ་ཚད་གཞི་དང་མཐུན་པའི་སྲུང་སྐར་ངེས་གནས་སྒྲིག་ཆས་སྒྲིག་སྦྱོར་བྱེད་དགོས་པ་མ་ཟད། རྒྱལ་ཡོངས་ཀྱི་རྒྱ་ལམ་ཟོག་འདྲེན་རླངས་འཁོར་གྱི་སྤྱི་པའི་ལྟ་སྡོམ་དང་ཞབས་ཞུའི་ལས་སྟེགས་དང་སྦྲེལ་མཐུད་བྱས་ནས་རྒྱུན་དུ་བེད་སྤྱོད་ཐུབ་པ་བྱེད་དགོས།
ཁ་ལོ་བ་དང་དོས་རྒྱབ་པ་སོགས་ཀྱིས་ངེས་པར་དུ་གཏན་འབེབས་ལྟར་སྲུང་སྐར་གྱི་ངེས་གནས་སྒྲིག་ཆས་དང་བརྙན་ལམ་ལྟ་སྡོམ་སྒྲིག་ཆས་སྤྱོད་དགོས་པ་ལས། རང་འཚམ་གྱིས་སྒྲིག་ཆས་ཁ་རྒྱག་མི་ཆོག
རྒྱ་ལམ་སྐྱེལ་འདྲེན་གྱི་ལས་ཀ་བྱེད་མཁན་གྱིས་ངེས་པར་དུ་རླངས་འཁོར་བདེ་འཇགས་ངང་འགྲོ་སྐྱོད་བྱས་ཚུལ་ལ་སྐབས་བབ་ལྟ་སྡོམ་བྱེད་དགོས།
དོན་ཚན་བཅུ་གསུམ་པ། རྒྱ་ལམ་སྐྱེལ་འདྲེན་གྱི་ལས་སྒོ་གཉེར་སྐབས་ངེས་པར་དུ་རིན་གོང་གསལ་པོར་འགོད་དགོས་པ་དང་། ཞབས་ཞུའི་རྣམ་གྲངས་དང་རིན་བསྡུའི་ཚད་གཞི་ཁྱབ་བསྒྲགས་བྱེད་དགོས། སྲིད་གཞུང་གི་གཏན་འཁེལ་རིན་གོང་དང་སྲིད་གཞུང་གི་མཛུབ་ཁྲིད་རིན་གོང་ལག་ལེན་བསྟར་མཁན་གྱིས་ངེས་པར་དུ་གཏན་འཁེལ་བྱས་པའི་ཚད་གཞི་ལྟར་རིན་དངུལ་བསྡུ་དགོས་པ་དང་། ཁྲོམ་རའི་སྙོམས་སྒྲིག་རིན་གོང་ལག་ལེན་བསྟར་མཁན་གྱིས་ངེས་པར་དུ་རང་རྟོགས་ངང་རྒྱུན་གཏན་གྱི་རིན་གོང་སྒྲིག་ལམ་སྲུང་དགོས།
དོན་ཚན་བཅུ་བཞི་པ། རྒྱ་ལམ་སྐྱེལ་འདྲེན་གྱི་ལས་གཉེར་པ་ནི་རྒྱ་ལམ་སྐྱེལ་འདྲེན་བདེ་འཇགས་ཀྱི་འགན་འཁུར་བྱེད་པོ་ཡིན་པས་ངེས་པར་དུ་བདེ་འཇགས་ཐོན་སྐྱེད་དོ་དམ་ལམ་ལུགས་དང་བདེ་འཇགས་ཐོན་སྐྱེད་འགན་འཁྲིའི་ལམ་ལུགས་བཟོ་བ་དང་འཐུས་སྒོ་ཚང་དུ་བཏང་ནས་ལས་གཉེར་པར་བདེ་འཇགས་སློབ་གསོ་དང་སྦྱོང་བརྡར་སྤྲོས་དགོས་པ་མ་ཟད། བདེ་འཇགས་ཀྱི་ཉེན་ཁའི་རིམ་དབྱེ་ལྟ་སྡོམ་དང་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་གི་སྔོན་འགོག་ལམ་སྲོལ་ཉིས་བརྩེགས་བཟོས་ནས་ཐོལ་བྱུང་དོན་རྐྱེན་སྔོན་འགོག་དང་འཕྲལ་སྡོམ་བྱེད་ནུས་ལ་ཤུགས་སྣོན་རྒྱག་དགོས།
རྒྱ་ལམ་སྐྱེལ་འདྲེན་གྱི་ལས་གཉེར་པས་ངེས་པར་དུ་ལས་གཉེར་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས་པ་དང་། ལས་གཉེར་པའི་གཟུགས་གཞི་དང་། སེམས་ཁམས་ཀྱི་གནས་ཚུལ། གོམས་གཤིས་བཅས་ལ་དོ་སྣང་བྱས་ནས་ལས་གཉེར་པའི་སེམས་ཁམས་སློབ་སྟོན་དང་སེམས་གསོ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང་། ལས་གནས་ཀྱི་བདེ་འཇགས་ཐོན་སྐྱེད་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ཏེ་ལས་གཉེར་པའི་བྱ་སྤྱོད་རྒྱུན་གཏན་དང་མི་འདྲ་བའི་རྐྱེན་གྱིས་ལས་འཛོལ་ཐོན་རིགས་སྔོན་འགོག་བྱེད་དགོས།
རྒྱ་ལམ་སྐྱེལ་འདྲེན་གྱི་ལས་ཀ་བྱེད་མཁན་འགན་འཁུར་བ་གཙོ་བོ་ནི་ཚན་པ་དེ་གའི་རྒྱ་ལམ་སྐྱེལ་འདྲེན་གྱི་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁུར་བ་ཨང་དང་པོ་ཡིན།
དོན་ཚན་བཅོ་ལྔ་པ། རྒྱ་ལམ་སྐྱེལ་འདྲེན་གྱི་ལས་ཀ་བྱེད་མཁན་གྱིས་ངེས་པར་དུ་འགྲིམ་འགྲུལ་ལས་འཛོལ་དང་། རང་བྱུང་གནོད་འཚེ། དེ་བཞིན་ཐོལ་བྱུང་དོན་རྐྱེན་གཞན་དག་བཅས་དང་འབྲེལ་བ་ཡོད་པའི་རྒྱ་ལམ་སྐྱེལ་འདྲེན་གྱི་འཕྲལ་སྡོམ་སྔོན་ཇུས་བཟོ་དགོས་པ་མ་ཟད། དུས་བཀག་ལྟར་ནང་སྦྱོང་བྱེད་དགོས།
འགྲིམ་འགྲུལ་ལས་འཛོལ་དང་། རང་བྱུང་གནོད་འཚེ། དེ་བཞིན་ཐོལ་བྱུང་དོན་རྐྱེན་གཞན་དག་སོགས་ཐོན་ཚེ། རྒྱ་ལམ་སྐྱེལ་འདྲེན་གྱི་ལས་ཀ་བྱེད་མཁན་གྱིས་ངེས་པར་དུ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ངམ་ཡང་ན་འབྲེལ་ཡོད་སྡེ་ཚན་གྱི་གཅིག་གྱུར་ཁ་སྒྱུར་ལ་བརྩི་སྲུང་ཞུ་དགོས།
རྒྱ་ལམ་སྐྱེལ་འདྲེན་གྱི་འཕྲལ་སྒྲུབ་ལས་འགན་འཁུར་མཁན་རྒྱ་ལམ་སྐྱེལ་འདྲེན་ལས་གཉེར་པར་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ངམ་ཡང་ན་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་འདྲ་མཉམ་དང་ལུགས་མཐུན་གྱི་གསབ་དངུལ་སྤྲོད་དགོས།
དོན་ཚན་བཅུ་དྲུག་པ། འགྲུལ་སྐྱེལ་ལས་ཀ་བྱེད་མཁན་དང་ཉེན་ཆེའི་དངོས་ཟོག་སྐྱེལ་འདྲེན་བྱེད་མཁན་གྱིས་ངེས་པར་དུ་འགྲུལ་པའམ་ཡང་ན་ཉེན་ཆེའི་དངོས་ཟོག་སྐྱེལ་འདྲེན་བྱེད་པའི་འགན་འཁྲིའི་འགན་བཅོལ་ཉོ་དགོས།
ས་བཅད་གཉིས་པ། འགྲུལ་སྐྱེལ་ལས་གཉེར།
དོན་ཚན་བཅུ་བདུན་པ། རྒྱུན་བཙུགས་རླངས་འཁོར་གྱི་འགྲུལ་སྐྱེལ་དང་། འགན་གཙང་གླ་འཁོར་གྱི་འགྲུལ་སྐྱེལ། ཡུལ་སྐོར་གྱི་འགྲུལ་སྐྱེལ་བཅས་ཀྱི་ལས་གཉེར་བྱེད་དབང་གི་དུས་ཚད་ནི་ལོ་བཞི་ནས་བརྒྱད་བར་ཡིན།
རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་འགྲིམ་འགྲུལ་སྐྱེལ་འདྲེན་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་འགྲུལ་སྐྱེལ་ལས་ཀ་བྱེད་མཁན་གྱི་ལས་གཉེར་རིགས་གྲས་དང་། རླངས་འཁོར་གྱི་རིགས་གྲས་དང་རིམ་པ། འོས་ཐོབ་ཆ་རྐྱེན་བཅས་དང་དེ་བཞིན་ཞབས་ཞུའི་སྤུས་ཚད་སོགས་གཞིར་བཟུང་ནས། དེ་མཚུངས་ཀྱི་ལས་གཉེར་དུས་ཚད་གཏན་འཁེལ་བྱེད་དགོས། ལས་གཉེར་དུས་ཚད་ཐིམ་ནས་མུ་མཐུད་ལས་གཉེར་བྱེད་དགོས་པའི་རིགས་ངེས་པར་དུ་དུས་བཀག་མ་ཐིམ་གོང་གི་ཉིན་དྲུག་ཅུའི་སྔོན་ནས་ཡང་བསྐྱར་རེ་འདུན་ཞུ་དགོས།
དོན་ཚན་བཅོ་བརྒྱད་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་འགྲིམ་འགྲུལ་སྐྱེལ་འདྲེན་གཙོ་འགན་སྡེ་ཚན་གྱིས་ལམ་ཐིག་གཅིག་ལ་རེ་འདུན་ཞུ་མཁན་གསུམ་ཡན་ཡོད་ཚེ་འོས་སྐུལ་གྱི་རྣམ་པའི་ཐོག་ནས་སུ་ཞིག་འཐུས་མིན་ཐག་གཅོད་བྱེད་ཆོག ཞབས་ཞུའི་སྤུས་ཚད་འོས་དཔོད་བྱས་པ་བརྒྱུད་རྒྱུན་བཙུགས་རླངས་འཁོར་གྱི་འགྲུལ་སྐྱེལ་ལས་གཉེར་བྱེད་དབང་རག་ཚེ་ངེས་པར་དུ་ཁས་ལེན་བྱས་པའི་ཞབས་ཞུའི་སྤུས་ཚད་གཞིར་བཟུང་ཞབས་ཞུ་སྒྲུབ་དགོས།
རེ་ཞུ་བྱེད་མཁན་གྱི་མི་གྲངས་དེ་འོས་སྐུལ་འོས་དཔོད་ཀྱི་བླང་བྱའི་ཚད་དུ་སླེབས་མེད་པ་དང་རེ་ཞུ་བྱེད་མཁན་གཉིས་ལས་མེད་ཚེ། ངེས་པར་དུ་ཆོག་འཐུས་ཆ་རྐྱེན་ལྟར་དྲག་འདེམས་བྱས་ཏེ་སུ་ཞིག་འཐུས་མིན་ཐག་གཅོད་བྱེད་དགོས་པ་དང་། རེ་འདུན་ཞུ་མཁན་གཅིག་ལས་མེད་ཚེ། ངེས་པར་དུ་ཁྲིམས་ལྟར་ཆོག་མཆན་སྤྲོད་མིན་ཐག་གཅོད་བྱེད་དགོས།
དོན་ཚན་བཅུ་དགུ་པ། རྒྱུན་བཙུགས་རླངས་འཁོར་གྱི་འགྲུལ་སྐྱེལ་ལས་ཀ་བྱེད་མཁན་གྱིས་ངེས་པར་དུ་འགྲུལ་སྐྱེལ་རླངས་འཁོར་གྱི་མངོན་གསལ་དོད་སར་ཁེ་ལས་ཀྱི་མིང་དང་འགྲིམ་འགྲུལ་སྐྱེལ་འདྲེན་ཞབས་ཞུའི་ལྟ་སྐུལ་ཁ་པར་འགོད་དགོས་པ་མ་ཟད། གཏན་འབེབས་ལྟར་འགྲུལ་སྐྱེལ་མཚོན་རྟགས་འཇོག་དགོས།
འགྲུལ་སྐྱེལ་མཚོན་རྟགས་རྫུན་བཟོ་དང་། སུབ་བཅོས། ནང་བཤུག བོགས་གཡར་བཅས་བྱེད་མི་ཆོག
དོན་ཚན་ཉི་ཤུ་པ། འགྲུལ་སྐྱེལ་གླ་འཁོར་གྱི་ལས་ཀ་བྱེད་མཁན་གྱིས་ངེས་པར་དུ་ཆོག་མཆན་ཐོབ་པའི་ལམ་ཐིག་དང་། དུས་ཚོད། འབབ་ཚུགས་ས་ཚིགས། སྐྱེལ་འདྲེན་བྱེད་སྟངས། རྒྱུན་བཙུགས་ཐེངས་གྲངས་བཅས་གཞིར་བཟུང་ལས་གཉེར་བྱེད་དགོས་པ་ལས། འགྲུལ་སྐྱེལ་ལས་གཉེར་ཞབས་ཞུ་རང་འཚམ་གྱིས་གནས་སྐབས་མཚམས་འཇོག་གམ་ཡང་ན་རྦད་དེ་མཚམས་འཇོག་བྱེད་མི་ཆོག་ལ་རྒྱུན་བཙུགས་རླངས་འཁོར་གྱི་འགྲུལ་སྐྱེལ་ལས་གཉེར་བྱེད་དབང་ནང་བཤུག་གཏོང་མི་ཆོག
དོན་ཚན་ཉེར་གཅིག་པ། རང་སྐྱོང་ལྗོངས་ཀྱིས་རྒྱུན་བཙུགས་རླངས་འཁོར་གྱི་འགྲུལ་སྐྱེལ་ལས་ཀ་བྱེད་མཁན་ལ་མངག་བཀོད་འགྲུལ་སྐྱེལ་ཞབས་ཞུ་བསྒྲུབ་རྒྱུར་སྐུལ་ལྕག་གཏོང་དགོས།
རྒྱུན་བཙུགས་རླངས་འཁོར་གྱི་འགྲུལ་སྐྱེལ་ལས་ཀ་བྱེད་མཁན་གྱིས་མངག་བཀོད་འགྲུལ་སྐྱེལ་ཞབས་ཞུ་སྒྲུབ་སྐབས་ངེས་པར་དུ་དེ་སྔའི་འཁྲོལ་འཛིན་སྤྲོད་མཁན་ལས་ཁུངས་ལ་སྙན་ཐོ་དཔོ་དགོས།
དོན་ཚན་ཉེར་གཉིས་པ། འགན་གཙང་གླ་འཁོར་འགྲུལ་སྐྱེལ་གྱི་ལས་ཀ་བྱེད་མཁན་གྱིས་ངེས་པར་དུ་རླངས་འཁོར་དང་འགྲོགས་ནས་འགན་གཙང་གན་རྒྱ་འཁྱེར་དགོས་པ་དང་། ཁ་ཆད་བྱས་པའི་དུས་ཚོད་དང་། ཐོན་ས། འགྲོ་ས། ལམ་རྒྱུད་བཅས་གཞིར་བཟུང་སྐྱེལ་འདྲེན་བྱེད་དགོས་པ་ལས། གན་རྒྱའི་ནང་མ་ཚུད་པའི་འགྲུལ་པ་རླངས་འཁོར་ནང་བླུགས་མི་ཆོག
འགྲིམ་འགྲུལ་སྐྱེལ་འདྲེན་གཙོ་འགན་སྡེ་ཚན་གྱིས་འགན་གཙང་འགྲུལ་སྐྱེལ་གླ་འཁོར་ལ་སྤྲད་པའི་ཛ་དྲག་གི་འགན་གཙང་གླ་འཁོར་གྱི་ལས་འགན་སྒྲུབ་པ་ཕུད། དེའི་ལམ་རྒྱུད་ཀྱི་མཐའ་སྣེ་གཅིག་རླངས་འཁོར་གྱི་ཐེམ་ཐོ་ཡོད་སའི་གྲོང་ཁྱེར(ས་ཁུལ)དུ་ཡིན་དགོས།
དོན་ཚན་ཉེར་གསུམ་པ། ཡུལ་སྐོར་འགྲུལ་སྐྱེལ་ཐད་སྐྱེལ་འདྲེན་བྱེད་སྟངས་གཞིར་བཟུང་ལམ་རྒྱུད་གཏན་འཁེལ་གྱི་ཡུལ་སྐོར་འགྲུལ་སྐྱེལ་དང་ལམ་རྒྱུད་གཏན་འཁེལ་མེད་པའི་ཡུལ་སྐོར་འགྲུལ་སྐྱེལ་བྱེད་སྟངས་གཉིས་སུ་དབྱེ་ཡོད། ལམ་རྒྱུད་གཏན་འཁེལ་གྱི་ཡུལ་སྐོར་འགྲུལ་སྐྱེལ་དེ་རྒྱུན་བཙུགས་རླངས་འཁོར་གྱི་འགྲུལ་སྐྱེལ་ལྟར་དོ་དམ་བྱེད་པ་དང་། གཏན་འཁེལ་མེད་པའི་ཡུལ་སྐོར་འགྲུལ་སྐྱེལ་དེ་འགན་གཙང་གླ་འཁོར་གྱི་འགྲུལ་སྐྱེལ་ལྟར་དོ་དམ་བྱེད་དགོས།
ཡུལ་སྐོར་འགྲུལ་སྐྱེལ་རླངས་འཁོར་ལ་ཆེད་སྤྱོད་ལམ་དུམ་ཨང་རྟགས་བཟོས་ནས་དོ་དམ་བྱེད་དགོས།
དོན་ཚན་ཉེར་བཞི་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་འགྲིམ་འགྲུལ་སྐྱེལ་འདྲེན་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་རིགས་ཁག་གི་རྒྱ་ལམ་འགྲུལ་སྐྱེལ་གྱི་དཔལ་འབྱོར་འཁོར་སྐྱོད་ལ་དབྱེ་ཞིབ་དང་ཁྲོམ་རའི་སྔོན་དཔག་བྱེད་པར་ཤུགས་སྣོན་བརྒྱབ་ནས། དུས་བཀག་ལྟར་འགྲུལ་སྐྱེལ་ཁྲོམ་རའི་མཁོ་སྤྲོད་སོགས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་བྱས་ཏེ་ལས་ཀ་བྱེད་མཁན་གྱིས་ཁྲོམ་རའི་དགོས་མཁོ་གཞིར་བཟུང་དུས་ཐོག་ཏུ་དབོར་འདྲེན་བྱེད་ནུས་ལེགས་སྒྲིག་དང་འགྲུལ་སྐྱེལ་ལས་གཉེར་རེ་ཞུ་ལུགས་མཐུན་ཡོང་བའི་ཁྲིད་སྟོན་བྱེད་དགོས། འགྲུལ་སྐྱེལ་རེ་ཞུར་ཞིབ་བཤེར་བྱེད་སྐབས་ངེས་པར་དུ་འགྲུལ་སྐྱེལ་ཁྲོམ་རའི་མཁོ་སྤྲོད་གནས་ཚུལ་དང་། ཡོངས་ཁྱབ་ཞབས་ཞུ། མང་ཚོགས་ལ་སྟབས་བདེ་ཡོད་མེད་སོགས་ཀྱི་རྒྱུ་རྐྱེན་ལ་བསམ་གཞིག་བྱེད་དགོས། སྐྱེལ་འདྲེན་ལམ་ཐག་སྤྱི་ལེ་བརྒྱད་བརྒྱ་ཡན་གྱི་འགྲུལ་སྐྱེལ་ལམ་རྒྱུད་རེ་ཞུར་ཞིབ་བཤེར་བྱེད་སྐབས་ངེས་པར་དུ་བདེ་འཇགས་ཉེན་ཟོན་གྱི་ཚོད་སྐོར་བྱེད་དགོས།
དོན་ཚན་ཉེར་ལྔ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གྲོང་གསེབ་ཀྱི་འགྲུལ་སྐྱེལ་ལས་གཉེར་ལ་གསབ་དངུལ་སྤྲོད་པའི་ལམ་སྲོལ་བཟོས་ནས། གྲོང་ཁྱེར་གྱི་སྤྱི་པའི་འགྲིམ་འགྲུལ་ལམ་རྒྱུད་དེ་གྲོང་ཁྱེར་གྱི་མཐའ་སྐོར་དུ་སྣུར་སྲིང་བྱ་རྒྱུར་སྐུལ་ལྕག་གཏོང་བ་དང་། གྲོང་གསེབ་ཀྱི་འགྲུལ་སྐྱེལ་རྒྱུན་བཙུགས་ལམ་རྒྱུད་རིམ་བཞིན་སྤྱི་སྤྱོད་འགྲིམ་འགྲུལ་དུ་བསྒྱུར་བཀོད་བྱེད་པ། འགྲུལ་ཟོག་གཉིས་ལྕོགས་དང་། གྲོན་ཆུང་གོ་ཆོད། བདེ་འཇགས་བློས་འཁེལ་གྱི་གྲོང་གསེབ་ཀྱི་འགྲུལ་སྐྱེལ་རླངས་འཁོར་གྱི་རིགས་ཁྱབ་གདལ་བེད་སྤྱོད་གཏོང་བ་བཅས་བྱས་ཏེ་གྲོང་གསེབ་ཀྱི་འགྲུལ་སྐྱེལ་དང་། ཟོག་འདྲེན། སྦྲག་སྲིད་མྱུར་སྐྱེལ་སོགས་མཉམ་འདྲེས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས།
དོན་ཚན་ཉེར་དྲུག་པ། རྒྱུན་བཙུགས་རླངས་འཁོར་གྱི་འགྲུལ་སྐྱེལ་དང་། འགན་གཙང་འགྲུལ་སྐྱེལ་གླ་འཁོར། ཡུལ་སྐོར་འགྲུལ་སྐྱེལ་བཅས་ཀྱི་ལས་ཀ་བྱེད་མཁན་གྱིས་སྐྱེལ་འདྲེན་བྱེད་པའི་ནང་འགྲུལ་པ་བཙན་ཤེད་ཀྱིས་རླངས་འཁོར་ལ་སྡོད་དུ་འཇུག་མི་ཆོག་ལ། རང་འཚམ་གྱིས་སྐྱེལ་འདྲེན་རླངས་འཁོར་བརྗེ་མི་ཆོག་པ་དང་། སྐྱེལ་འདྲེན་བྱེད་མཁན་གཞན་དག་ལ་འགྲུལ་པ་བརྩིས་སྤྲད་ནས་སྐྱེལ་འདྲེན་བྱེད་དུ་འཇུག་མི་ཆོག འགྲུལ་པ་ལམ་བར་དུ་དབྱུགས་པ་དང་འགྲུལ་པར་བསྙད་འདོགས་གཡོ་ལེན་བྱེད་མི་ཆོག གཏན་འབེབས་བྱས་པའི་འཁོར་རིགས་རིམ་པ་ལས་དམའ་བའི་སྐྱེལ་འདྲེན་རླངས་འཁོར་སྤྱད་ནས་འགྲུལ་སྐྱེལ་བྱེད་མི་ཆོག ལས་གཉེར་པ་གཞན་དག་གི་རྒྱུན་གཏན་ལས་གཉེར་བྱེད་སྒོར་བཀག་འགོག་བྱེད་མི་ཆོག་པ་བཅས་སོ།
གལ་སྲིད་རང་བྱུང་གནོད་འཚེ་དང་། འགྲིམ་འགྲུལ་ལས་འཛོལ་ལམ་ཡང་ན་རླངས་འཁོར་སྐྱོན་ཤོར་བ་སོགས་ཀྱི་དམིགས་བསལ་གནས་ཚུལ་ཐོན་པའི་རྐྱེན་གྱིས་རླངས་འཁོར་མུ་མཐུད་གཏོང་ཐབས་བྲལ་ཚེ། ལས་གཉེར་པས་ངེས་པར་དུ་འགྲུལ་པར་རླངས་འཁོར་བརྗེ་བའམ་ཡང་ན་སྤ་སེ་སློག་དགོས་པ་ལས་འགྲོ་གྲོན་འཕར་མ་བསྡུ་མི་ཆོག
དོན་ཚན་ཉེར་བདུན་པ། བོགས་གཏོང་རླངས་འཁོར་གྱི་འགྲུལ་སྐྱེལ་ལས་གཉེར་ཁོངས་སུ་སྐོར་སྐྱོད་ཡུལ་སྐོར་བོགས་གཏོང་རླངས་འཁོར་གྱི་ལས་གཉེར་དང་དྲ་ཐོག་སྔོན་མངགས་བོགས་གཏོང་རླངས་འཁོར་གྱི་ལས་གཉེར་ཚུད་ཡོད།
གྲོང་ཁྱེར(ས་ཁུལ)མི་དམངས་སྲིད་གཞུང(སྲིད་ཧྲུའུ)དང་རྫོང་(གྲོང་ཁྱེར་དང་ཆུད)མི་དམངས་སྲིད་གཞུང་འགྲིམ་འགྲུལ་སྐྱེལ་འདྲེན་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་ས་གནས་དེ་གའི་གྲོང་ཁྱེར་འགྲིམ་འགྲུལ་གྱི་འཆར་འགོད་དང་། རྒྱ་ལམ་སྐྱེལ་འདྲེན་གྱི་གོང་འཕེལ་འཆར་འགོད། བོགས་གཏོང་འགྲུལ་སྐྱེལ་ཁྲོམ་རའི་མཁོ་སྤྲོད་གནས་ཚུལ་བཅས་ལ་གཞིགས་ནས་བོགས་གཏོང་རླངས་འཁོར་གྱི་སྐྱེལ་འདྲེན་བྱེད་ནུས་ཆེ་རུ་གཏོང་དགོས་མིན་གཏན་འཁེལ་བྱེད་དགོས་པ་མ་ཟད། རིམ་མཚུངས་མི་དམངས་སྲིད་གཞུང་ལ་ཆོག་མཆན་ཐོབ་རྒྱུའི་སྙན་ཞུའང་འབུལ་དགོས།
བོགས་གཏོང་རླངས་འཁོར་རིགས་སུ་ནུས་རྒྱུ་གསར་པའི་རླངས་འཁོར་སྤྱོད་རྒྱུར་སྐུལ་ལྕག་གཏོང་དགོས།
དོན་ཚན་ཉེར་བརྒྱད་པ། སྐོར་སྐྱོད་བོགས་གཏོང་རླངས་འཁོར་གྱི་ལས་གཉེར་བྱེད་དབང་ལ་རིན་མེད་ཐོག་དུས་ཚད་བཀོད་སྒྲིག་བྱེད་དགོས་ཤིང་། ཞིབ་ཕྲའི་དུས་ཚད་དེ་གྲོང་ཁྱེར(ས་ཁུལ)མི་དམངས་སྲིད་གཞུང(སྲིད་འཛིན་ཀུང་ཧྲུའུ)ངམ་ཡང་ན་རྫོང(གྲོང་ཁྱེར་དང་ཆུས)མི་དམངས་སྲིད་གཞུང་གིས་རླངས་འཁོར་གྱི་བཟོ་དབྱིབས་དང་མཁོ་མེད་དུ་གཏོང་བའི་དུས་འཁོར་སོགས་ཀྱི་རྒྱུ་རྐྱེན་ལ་གཞིགས་ནས་གཏན་འཁེལ་བྱེད་དགོས།
དོན་ཚན་ཉེར་དགུ་པ། སྐོར་སྐྱོད་བོགས་གཏོང་རླངས་འཁོར་ཡིན་ཕྱིན་ངེས་པར་དུ་རླངས་འཁོར་གླ་མཁན་གྱིས་དམིགས་འཛུགས་བྱས་པའི་ས་ཡུལ་དུ་ལམ་ཐིག་འཚམ་པོ་བདམས་ནས་སྐྱོད་དགོས་པ་དང་། རིན་གོང་རྩིས་ཆས་ཐོག་མངོན་པའི་དངུལ་གྲངས་ལྟར་བདལ་གླ་རྩིས་རྒྱག་དགོས་པ་ལས་རྐང་བཙུགས་ནས་ལམ་སྐོར་མི་ཆོག
སྐོར་སྐྱོད་བོགས་གཏོང་རླངས་འཁོར་གྱིས་འགྲུལ་པ་བླུགས་རྗེས་རླངས་འཁོར་གླ་མཁན་གྱི་མོས་མཐུན་མ་ཐོབ་པར་འགྲུལ་པ་གཞན་དག་རླངས་འཁོར་ནང་མཉམ་དུ་བླུགས་མི་ཆོག
སྐོར་སྐྱོད་བོགས་གཏོང་རླངས་འཁོར་གྱིས་ཆོག་འཐུས་ཀྱི་ལས་གཉེར་ས་ཁོངས་སུ་ལས་གཉེར་དང་སྐྱེལ་འདྲེན་བྱེད་པ་ལས་ས་ཆ་གཞན་དུ་ཕྱིན་ནས་ལས་གཉེར་བྱེད་མི་ཆོག་པ་དང་། རླངས་འཁོར་སྟོང་པར་འགྲུལ་པ་མི་བླུགས་པ་བྱེད་མི་ཆོག ཆོག་འཐུས་ཀྱི་ལས་གཉེར་ས་ཁོངས་ལས་བརྒལ་བའི་རིགས་ལ་ཐོན་ས་དང་འབྱོར་སའི་འབབ་ཚུགས་མཐའ་སྣེ་གཅིག་ངེས་པར་དུ་ཆོག་འཐུས་ལས་གཉེར་གྱི་ས་ཁོངས་ནང་ཡིན་དགོས།
དོན་ཚན་སུམ་ཅུ་པ། གནམ་ཐང་དང་། མེ་འཁོར་འབབ་ཚུགས། འགྲུལ་སྐྱེལ་འབབ་ཚུགས་སོགས་སྤྱི་པའི་འདུ་གནས་སུ་ངེས་པར་དུ་སྐོར་སྐྱོད་བོགས་གཏོང་རླངས་འཁོར་གྱི་འགྲུལ་པ་སྒུག་ས་བཟོ་དགོས་པ་མ་ཟད་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས། སྐོར་སྐྱོད་བོགས་གཏོང་རླངས་འཁོར་གྱིས་སྤྱི་པའི་འདུ་གནས་སུ་བང་རིམ་བཞིན་འགྲུལ་པ་བསྒུགས་ནས་ལས་གཉེར་བྱེད་དགོས།
སྡེ་ཚན་གང་ཞིག་དང་མི་སྒེར་སུ་ཞིག་ཡིན་རུང་སྐོར་སྐྱོད་བོགས་གཏོང་རླངས་འཁོར་གྱི་ཁ་ལོ་བའི་ས་ནས་འགྲུལ་པ་སྒུག་དུས་ཀྱི་རླངས་འཁོར་འཇོག་གླ་ལེན་པའམ་ཡང་ན་རྣམ་པ་བསྒྱུར་ནས་འགྲོ་གྲོན་གཞན་དག་རིགས་བསྡུ་མི་ཆོག
དོན་ཚན་སོ་གཅིག་པ། དྲ་འབོད་བོགས་གཏོང་རླངས་འཁོར་གྱི་ལས་གཉེར་བྱེད་མཁན(གཤམ་དུ་དྲ་འབོད་རླངས་འཁོར་གྱི་ལས་སྟེགས་ཀུང་སི་ཞེས་འབོད་རྒྱུ)གྱིས་ངེས་པར་དུ་འབྲེལ་མཐུད་ཡོང་རེ་ཞུས་པའི་ཁ་ལོ་བ་དང་རླངས་འཁོར་གྱི་འོས་ཐོབ་ལ་ཞིབ་དཔྱད་བྱེད་དགོས་པ་མ་ཟད། གཏན་འབེབས་ལྟར་དུས་བཀག་ནང་དཔྱད་ཞིབ་བྱེད་དགོས། དྲ་འབོད་བོགས་གཏོང་རླངས་འཁོར་གྱི་སྐྱེལ་འདྲེན་ལག་ཁྱེར་མེད་པའི་རླངས་འཁོར་རིགས་དང་དྲ་འབོད་བོགས་གཏོང་རླངས་འཁོར་གཏོང་ཆོག་པའི་ཁ་ལོ་བའི་ལག་ཁྱེར་མེད་པའི་ཁ་ལོ་བར་དྲ་སྦྲེལ་བྱེད་མི་ཆོག
དྲ་འབོད་གླ་འཁོར་གྱི་ལས་སྟེགས་ཀུང་སིས་ངེས་པར་དུ་དོན་དངོས་ཐོག་ཞབས་ཞུ་སྒྲུབ་མཁན་རླངས་འཁོར་དང་ཁ་ལོ་བ་དེ་དང་ལས་སྟེགས་ཐོག་མངགས་གཏོང་བྱས་པའི་རླངས་འཁོར་དང་ཁ་ལོ་བ་གཅིག་པ་ཡིན་པའི་འགན་ལེན་བྱེད་དགོས།
དྲ་འབོད་གླ་འཁོར་གྱི་ལས་སྟེགས་ཀུང་སིས་ངེས་པར་དུ་གཏན་འབེབས་གཞིར་བཟུང་རླངས་འཁོར་དང་། ཁ་ལོ་བ། མངགས་ཐོ། ཞབས་ཞུའི་སྤུས་ཚད་སོགས་ཀྱི་ཆ་འཕྲིན་དྲ་འབོད་བོགས་གཏོང་རླངས་འཁོར་གྱི་ལྟ་སྡོམ་འཕྲིན་གཏོང་ལས་སྟེགས་སུ་བརྒྱུད་སྤེལ་བྱེད་དགོས།
ས་བཅད་གསུམ་པ། དངོས་ཟོག་སྐྱེལ་འདྲེན་གྱི་ལས་གཉེར།
དོན་ཚན་སོ་གཉིས་པ། ཟོག་འདྲེན་ལས་གཉེར་བས་ངེས་པར་དུ་དངོས་ཟོག་སྐྱེལ་འདྲེན་གྱི་སྒྲིག་སྲོལ་དང་ལས་སྒྲུབ་ཚད་གཞི་ལྟར་དངོས་ཟོག་བདག་སྤྲོད་དང་སྐྱེལ་འདྲེན་བྱེད་དགོས་པ་མ་ཟད། དགོས་ངེས་ཀྱི་བྱ་ཐབས་སྤྱད་དེ་དངོས་ཟོག་ལྷུང་བ་དང་འཕྱར་ཐོར་སོགས་མི་ཡོང་སྔོན་འགོག་བྱེད་དགོས།
ཉེན་ཆེའི་དངོས་ཟོག་སྐྱེལ་འདྲེན་བྱེད་སྐབས་ངེས་པར་དུ་དགོས་ངེས་ཀྱི་བྱ་ཐབས་སྤྱད་དེ་ཉེན་ཆེའི་དངོས་ཟོག་འབར་སྲེག་དང་། འབར་གས། འགྱེད་འཕྲོ། ཟགས་པ་སོགས་མི་ཡོང་སྔོན་འགོག་བྱེད་དགོས།
ཟོག་འདྲེན་རླངས་འཁོར་གྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལས་འགལ་ཏེ་ཚད་བཀག་དང་བླུགས་ཚད་ལས་བརྒལ་ནས་སྐྱེལ་འདྲེན་བྱེད་མི་ཆོག
དོན་ཚན་སོ་གསུམ་པ། ཉེན་ཆེའི་དངོས་ཟོག་སྐྱེལ་འདྲེན་ལས་ཀ་བྱེད་མཁན་གྱིས་ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར། དགོས་ངེས་ཀྱི་དོས་རྒྱབ་པ་བཀོད་སྒྲིག་བྱས་ཏེ་ཉེན་ཆེའི་དངོས་ཟོག་ལ་དོས་རྒྱབ་པས་ལྟ་སྐུལ་དོ་དམ་བྱེད་དགོས་པ་མ་ཟད། ཉེན་ཆེའི་དངོས་ཟོག་སྐྱེལ་འདྲེན་གྱི་མངོན་གསལ་དོད་པའི་མཚོན་རྟགས་ཡང་བསྒར་དགོས།
དུག་ལྡན་དང་། འགོས་ཁྱབ་དང་རུལ་བསླད་རང་བཞིན་གྱི་ཉེན་ཆེའི་དངོས་ཟོག་སྐྱེལ་འདྲེན་བྱེད་པའི་ཆེད་སྤྱོད་རླངས་འཁོར་དང་ལྕགས་ཟོམ་ཅན་གྱི་ཆེད་སྤྱོད་རླངས་འཁོར་གྱིས་དངོས་ཟོག་དཀྱུས་མ་སྐྱེལ་འདྲེན་བྱེད་མི་ཆོག
ཉེན་ཆེའི་དངོས་ཟོག་དང་དངོས་ཟོག་དཀྱུས་མ་བསྲེས་ནས་སྐྱེལ་འདྲེན་བྱེད་མི་ཆོག
དོན་ཚན་སོ་བཞི་པ། དྲ་རྒྱའི་ཟོག་འདྲེན་ལས་གཉེར་བས་ངེས་པར་དུ་ཆོག་མཆན་ཐོབ་པའི་ལས་གཉེར་ཁྱབ་ཁོངས་སུ་ལས་སྒོ་གཉེར་དགོས།
དྲ་རྒྱའི་ཟོག་འདྲེན་ལས་གཉེར་བས་ངེས་པར་དུ་དངོས་སུ་སྐྱེལ་འདྲེན་བྱེད་མཁན་གྱི་ཁ་ལོ་བ་དང་རླངས་འཁོར་གྱི་འོས་ཐོབ་ལ་ཞིབ་བཤེར་བྱས་ཏེ་དྲ་ཐོག་དང་དྲ་ཕྱིའི་ཞབས་ཞུ་དངོས་སུ་སྒྲུབ་མཁན་རླངས་འཁོར་དང་ཁ་ལོ་བ་གཅིག་མཚུངས་ཡིན་དགོས།
དྲ་རྒྱའི་ཟོག་འདྲེན་ལས་གཉེར་བས་ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་སྐྱེལ་འདྲེན་དང་ཉོ་ཚོང་གི་བརྒྱུད་རིམ་ཧྲིལ་པོར་སྐབས་ཐོག་ལྟ་འདོམས་དང་བབ་བསྟུན་དོ་དམ་བྱེད་དགོས།
དོན་ཚན་སོ་ལྔ་པ། གྲོང་ཁྱེར(ས་ཁུལ)མི་དམངས་སྲིད་གཞུང(སྲིད་འཛིན་ཀུང་ཧྲུའུ)གིས་ངེས་པར་དུ་སྲིད་འཛིན་ས་ཁོངས་དེ་གའི་འབབ་ཚུགས་དང་། བཟོ་གཏེར། དངོས་ཟོག་བསྡུ་འགྲེམས་ལྟེ་གནས་སོགས་གཙོ་གནད་དངོས་ཟོག་སྐྱེལ་འདྲེན་བྱེད་མཁན་འགོ་སྣེའི་ཚན་པ་གཏན་འཁེལ་དང་ཁྱབ་བསྒྲགས་བྱེད་དགོས།
གཙོ་གནད་དངོས་ཟོག་སྐྱེལ་འདྲེན་བྱེད་མཁན་འགོ་སྣེའི་ཚན་པས་ངེས་པར་དུ་ཚད་ལྡན་གྱི་ཞིབ་དཔྱད་ཚད་ལེན་སྒྲིག་ཆས་བཀོད་སྒྲིག་བྱེད་དགོས་པ་མ་ཟད། གཏན་འབེབས་ཀྱི་ཚད་གཞི་ལྟར་དངོས་ཟོག་བླུགས་པ་དང་སྡེབ་སྒྲིག་བྱེད་དགོས་པ་ལས། ཚད་གཞི་ལས་བརྒལ་མི་ཆོག
རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་འགྲིམ་འགྲུལ་སྐྱེལ་འདྲེན་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་སྐོར་ཞིབ་དང་ལག་རྩལ་ལྟ་སྡོམ་སོགས་ཀྱི་བྱ་ཐབས་སྤྱད་དེ་གཙོ་གནད་དངོས་ཟོག་སྐྱེལ་འདྲེན་བྱེད་མཁན་འགོ་སྣེའི་ཚན་པར་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།
དོན་ཚན་སོ་དྲུག་པ། འགྲིམ་འགྲུལ་སྐྱེལ་འདྲེན་དང་སྤྱི་བདེ་སོགས་སྡེ་ཚན་གྱིས་ངེས་པར་དུ་ཞིང་ལས་ཐོན་རྫས་སོས་པ་སྐྱེལ་འདྲེན་བྱེད་མཁན་རླངས་འཁོར་ལ་སྟབས་བདེ་སྐྲུན་པ་དང་དུས་ཐོག་ཏུ་ཞབས་འདེགས་ཞུས་ནས་ཞིང་ལས་ཐོན་རྫས་སོས་པ་ཤར་གཏོང་དང་གོ་རིམ་ལྡན་པའི་ངང་སྐྱེལ་འདྲེན་ཐུབ་པའི་འགན་ལེན་བྱེད་དགོས།
ལེའུ་གསུམ་པ། རྒྱ་ལམ་སྐྱེལ་འདྲེན་དང་འབྲེལ་བ་ཡོད་པའི་ལས་སྒོ།
དོན་ཚན་སོ་བདུན་པ། རྒྱ་ལམ་སྐྱེལ་འདྲེན་འབབ་ཚུགས(བྱེད་གནས)དང་། འཕྲུལ་སྒུལ་འཁོར་རིགས་ཉམས་བཟོ། འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བ་གསོ་སྦྱོང་། རླངས་འཁོར་བོགས་གཏོང་སོགས་རྒྱ་ལམ་སྐྱེལ་འདྲེན་དང་འབྲེལ་བ་ཡོད་པའི་ལས་སྒོ་གཉེར་ཚེ། ངེས་པར་དུ་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་ཆ་རྐྱེན་འཛོམས་དགོས་པ་མ་ཟད། ཁྲིམས་ལྟར་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་ནས་འབྲེལ་ཡོད་ཐོ་འགོད་འགྲོ་ལུགས་གཉེར་རྗེས་འགྲིམ་འགྲུལ་སྐྱེལ་འདྲེན་གཙོ་འགན་སྡེ་ཚན་ལ་རྒྱ་ལམ་སྐྱེལ་འདྲེན་གྱི་ལས་གཉེར་ལག་ཁྱེར་ཞུ་བའམ་ཡང་ན་སྙན་ཐོ་དཔོ་དགོས།
རྒྱ་ལམ་སྐྱེལ་འདྲེན་འབབ་ཚུགས(བྱེད་གནས)ཁོངས་སུ་རྒྱ་ལམ་གྱི་འགྲུལ་པ་སྐྱེལ་འདྲེན་གྱི་འབབ་ཚུགས(གཤམ་དུ་འགྲུལ་སྐྱེལ་འབབ་ཚུགས་ཞེས་བསྡུ་རྒྱུ)དང་རྒྱ་ལམ་ཟོག་འདྲེན་འབབ་ཚུགས(བྱེད་གནས)ཚུད་ཡོད།
རྫོང(གྲོང་ཁྱེར་དང་ཆུས)མི་དམངས་སྲིད་གཞུང་གི་འགྲིམ་འགྲུལ་སྐྱེལ་འདྲེན་གཙོ་འགན་སྡེ་ཚན་གྱིས་འགྲུལ་སྐྱེལ་འབབ་ཚུགས་ཀྱི་གཉེར་སྐྱོང་རེ་ཞུ་བྱེད་རིགས་ལ་ཁྲིམས་ལྟར་ཆོག་མཆན་སྤྲོད་མིན་གཏན་འཁེལ་བྱེད་དགོས། རྒྱ་ལམ་ཟོག་འདྲེན་འབབ་ཚུགས(བྱེད་གནས)ཀྱི་གཉེར་སྐྱོང་དང་། འཕྲུལ་སྒུལ་འཁོར་རིགས་ཉམས་བཟོའི་ལས་གཉེར། འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བ་གསོ་སྦྱོང་ལས་སྒོ། རླངས་འཁོར་གྱི་བོགས་གཏོང་ལས་གཉེར་བཅས་ཀྱི་རེ་ཞུ་བྱས་ཚེ། ཁྲིམས་ལྟར་སྙན་ཐོ་དཔོ་དགོས།
དོན་ཚན་སོ་བརྒྱད་པ། རྒྱ་ལམ་སྐྱེལ་འདྲེན་འབབ་ཚུགས(བྱེད་གནས)སྐྲུན་ཡུལ་འདེམས་སྐབས་ངེས་པར་དུ་མང་ཚོགས་འགྲོ་འོང་དང་དངོས་ཟོག་བསྡུ་འགྲེམས་སྟབས་བདེ་ཡོང་བ་བྱེད་པ་མ་ཟད། འགྲུལ་པ་སྐྱེལ་འདྲེན་དང་། དངོས་ཟོག་སྐྱེལ་འདྲེན། གྲོང་ཁྱེར་དང་གྲོང་གསེབ་གོང་འཕེལ་གྱི་འཆར་འགོད་དང་མཐུན་དགོས།
གཞུང་ལམ་གསར་སྐྲུན་དང་། བཟོ་བཅོས། རྒྱས་སྐྲུན་བཅས་བྱེད་སྐབས། ངེས་པར་དུ་རླངས་འཁོར་བཀག་ཚུགས་དང་རླངས་འཁོར་འབོད་ཚུགས་སོགས་འགྲུལ་སྐྱེལ་སྒྲིག་བཀོད་གཅིག་གྱུར་འཆར་འགོད་དང་། དུས་མཉམ་དུ་ཇུས་འགོད་དང་། འཛུགས་སྐྲུན། ཞིབ་བཤེར་རྩིས་ལེན་བཅས་བྱེད་དགོས།
དོན་ཚན་སོ་དགུ་པ། རྒྱ་ལམ་སྐྱེལ་འདྲེན་འབབ་ཚུགས(བྱེད་གནས)ཀྱིས་ངེས་པར་དུ་འགྲུལ་པ་དང་ཟོག་བདག་ལ་བདེ་འཇགས་དང་། སྟབས་བདེ། སྤུས་ལེགས་བཅས་ཀྱི་ཞབས་ཞུ་བསྒྲུབས་ཏེ་རྒྱ་ལམ་སྐྱེལ་འདྲེན་ལས་ཀ་བྱེད་མཁན་ལ་འདྲ་མཉམ་འགྲན་རྩོད་ཀྱི་ཁོར་ཡུག་ཅིག་བསྐྲུན་དགོས།
འགྲུལ་སྐྱེལ་འབབ་ཚུགས་ཀྱི་ལས་གཉེར་པས་འགྲུལ་སྐྱེལ་འབབ་ཚུགས་ཀྱི་གཞི་རྩའི་ཞབས་ཞུ་སྒྲུབ་ནུས་ལ་འགྱུར་བ་མི་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་འོག འགྲུལ་རྒྱུན་གྱི་འགྱུར་བ་དང་ཁྲོམ་རའི་དགོས་མཁོར་གཞིགས་ཏེ་ཡུལ་སྐོར་བསྡུ་འགྲེམས་དང་། སྦྲག་སྲིད། ཟོག་འགྲེམས་སོགས་ཀྱི་ཞབས་ཞུ་སྒྲུབ་ནུས་ཆེ་རུ་བཏང་ཆོག
དོན་ཚན་བཞི་བཅུ་པ། རྒྱ་ལམ་སྐྱེལ་འདྲེན་འབབ་ཚུགས(བྱེད་གནས)ལས་ཀ་བྱེད་མཁན་གྱིས་ངེས་པར་དུ་འབབ་ཚུགས(བྱེད་གནས)ནས་རླངས་འཁོར་འཛུལ་ཐོན་བྱེད་སྐབས་བདེ་འཇགས་ཞིབ་བཤེར་དང་ཐོ་འགོད་དཔྱད་བཤེར་ལམ་ལུགས་ལག་བསྟར་བྱེད་དགོས་ཤིང་། ལས་གཉེར་ལག་ཁྱེར་མེད་པའི་རླངས་འཁོར་འབབ་ཚུགས་ནང་འཛུལ་ནས་ལས་གཉེར་བྱེད་དུ་འཇུག་མི་ཆོག་པ་དང་། ཚད་གཞི་དང་ཤོང་ཚད་བརྒལ་བའི་རླངས་འཁོར་རམ་ཡང་ན་བདེ་འཇགས་ཞིབ་བཤེར་བྱས་མེད་པའི་རླངས་འཁོར་འབབ་ཚུགས་ནས་དོན་དུ་འཇུག་མི་ཆོག
འགྲུལ་སྐྱེལ་འབབ་ཚུགས་ཀྱིས་ངེས་པར་དུ་འབབ་ཚུགས་ནང་འཛུལ་མཁན་འགྲུལ་པས་འཁྱེར་བའི་རྡོག་ཁྲེས་ལ་བདེ་འཇགས་ཞིབ་བཤེར་བྱེད་དགོས། རིམ་པ་གཉིས་པ་ཡན་གྱི་འགྲུལ་སྐྱེལ་འབབ་ཚུགས་ཀྱིས་ངེས་པར་དུ་རྡོག་ཁྲེས་ཀྱི་བདེ་འཇགས་ཞིབ་བཤེར་སྒྲིག་ཆས་སྒྲིག་སྦྱོར་བྱས་ནས་བེད་སྤྱོད་དགོས་ཤིང་། རིམ་པ་གསུམ་པ་མན་གྱི་འགྲུལ་སྐྱེལ་འབབ་ཚུགས་ཀྱིས་ངེས་པར་དུ་རྡོག་ཁྲེས་ཀྱི་བདེ་འཇགས་ཞིབ་བཤེར་བྱེད་ས་འཛུགས་དགོས། དོགས་པ་ཡོད་པའམ་ཡང་ན་སྐྱེལ་འདྲེན་བྱེད་མི་ཆོག་པའི་དངོས་ཟོག་ཡོད་པ་ཤེས་ཚེ་ངེས་པར་དུ་སྤྱི་བདེ་སོགས་འབྲེལ་ཡོད་སྡེ་ཚན་ལ་དུས་ཐོག་ཏུ་སྙན་སེང་ཞུ་དགོས།
འགྲུལ་པས་ངེས་པར་དུ་རྡོག་ཁྲེས་ལ་བདེ་འཇགས་ཞིབ་བཤེར་བྱེད་པར་གཞོགས་འདེགས་བྱེད་དགོས་པ་དང་། བདེ་འཇགས་ཞིབ་བཤེར་བྱེད་དུ་མ་བཅུག་ཚེ་འགྲུལ་སྐྱེལ་འབབ་ཚུགས་ཀྱིས་འགྲུལ་པ་འབབ་ཚུགས་ནང་འཛུལ་དུ་མི་འཇུག་པ་དང་རླངས་འཁོར་ལ་སྡོད་དུ་མི་འཇུག་རྒྱུའི་དབང་ཆ་ཡོད།
དོན་ཚན་ཞེ་གཅིག་པ། འགྲུལ་སྐྱེལ་འབབ་ཚུགས་ཀྱི་ལས་ཀ་བྱེད་མཁན་གྱིས་ངེས་པར་དུ་འབབ་ཚུགས་ནང་འཛུལ་མཁན་འགྲུལ་སྐྱེལ་རླངས་འཁོར་གྱི་སྐྱེལ་འདྲེན་འགྲོ་ལམ་དང་། རླངས་འཁོར་རབ་འབྲིང་། བཀག་སའི་འབབ་ཚུགས། གཏོང་ཐེངས། རླངས་འཁོར་གཏོང་བའི་དུས་ཚོད། སྤ་སེའི་རིན་གོང་སོགས་ཀྱི་ཆ་འཕྲིན་མངོན་གསལ་ཆེ་སར་ཡོངས་བསྒྲགས་བྱེད་དགོས།
འགྲུལ་སྐྱེལ་འབབ་ཚུགས་ཀྱི་ལས་ཀ་བྱེད་མཁན་གྱིས་འགྲུལ་པར་དྲ་ཐོག་སྤ་སེ་འཚོང་བ་དང་རང་སྒྲུབ་མཐའ་སྣེའི་སྤ་སེ་འཚོང་བ་སོགས་སྤ་སེ་འཚོང་ཐབས་སྣ་མང་གི་ཞབས་ཞུ་བསྒྲུབ་རྒྱུར་སྐུལ་ལྕག་གཏོང་དགོས།
དོན་ཚན་ཞེ་གཉིས་པ། འགྲུལ་སྐྱེལ་འབབ་ཚུགས་ཀྱི་ལས་ཀ་བྱེད་མཁན་གྱིས་ངེས་པར་དུ་འབབ་ཚུགས་ནང་འཛུལ་ནས་ལས་གཉེར་བྱེད་པའི་འགྲུལ་སྐྱེལ་རླངས་འཁོར་ལ་འདྲ་མཉམ་གྱི་ལྟ་སྟངས་འཛིན་དགོས་པ་དང་། གཏོང་ཐེངས་དང་། སྤ་སེ་འཚོང་བ། རླངས་འཁོར་ཐོན་པ་བཅས་ཀྱི་བཀོད་སྒྲིག་ལུགས་མཐུན་བྱེད་དགོས།
འགྲུལ་སྐྱེལ་ལས་ཀ་བྱེད་མཁན་དང་འགྲུལ་སྐྱེལ་འབབ་ཚུགས་ཀྱི་ལས་ཀ་བྱེད་མཁན་དབར་འགྲུལ་སྐྱེལ་བང་སྒྲིག་པ་དང་། སྤ་སེ་འཚོང་བ། རླངས་འཁོར་གཏོང་བ་སོགས་ཀྱི་ཐད་རྩོད་རྙོག་བྱུང་ཚེ། ངེས་པར་དུ་གྲོས་མོལ་བྱས་ནས་ཐག་གཅོད་བྱེད་དགོས་པ་དང་། གྲོས་ཁ་མ་མཐུན་ཚེ་ས་གནས་དེ་གའི་འགྲིམ་འགྲུལ་སྐྱེལ་འདྲེན་གཙོ་འགན་སྡེ་ཚན་གྱིས་བཀའ་བཅད་གཏོང་དགོས།
འགྲུལ་སྐྱེལ་རྒྱུན་བཙུགས་འགྲོ་ལམ་གྱི་ལས་ཀ་བྱེད་མཁན་གྱིས་རྒྱུ་མཚན་མེད་པར་སྐྱེལ་མཚམས་བཞག་པའམ་ཡང་ན་འབབ་ཚུགས་སུ་བསྟུད་མར་ཐེངས་གཉིས་འགྲུལ་སྐྱེལ་ལས་གཉེར་བྱེད་པར་མ་ཡོང་ཚེ། འགྲུལ་སྐྱེལ་འབབ་ཚུགས་ལས་ཀ་བྱེད་མཁན་གྱིས་ངེས་པར་དུ་ས་གནས་དེ་གའི་འགྲིམ་འགྲུལ་སྐྱེལ་འདྲེན་གཙོ་འགན་སྡེ་ཚན་ལ་དུས་ཐོག་ཏུ་སྙན་སེང་ཞུ་དགོས།
དོན་ཚན་ཞེ་གསུམ་པ། འཕྲུལ་སྒུལ་འཁོར་རིགས་ཉམས་གསོ་བྱེད་མཁན་གྱིས་ངེས་པར་དུ་སྙན་ཐོ་དཔོད་པའི་རླངས་འཁོར་ཉམས་བཟོའི་རིགས་གྲས་དང་། ཞབས་ཞུའི་ནུས་པ། ལས་གཉེར་རྣམ་གྲངས་བཅས་གཞིར་བཟུང་སྒོ་བྱང་བཀལ་ནས་ལས་གཉེར་བྱེད་དགོས་པ་ལས། སྙན་ཐོ་དཔོད་པའི་ལས་གཉེར་ཁྱབ་ཁོངས་ལས་བརྒལ་ཏེ་ཉམས་གསོའི་ཞབས་ཞུ་སྒྲུབ་མི་ཆོག
འཕྲུལ་སྒུལ་འཁོར་རིགས་ཉམས་གསོའི་ལས་ཀ་བྱེད་མཁན་གྱིས་དེའི་གནས་ཡུལ་དང་། སྒྲིག་བཀོད་སྒྲིག་ཆས། ལག་རྩལ་མི་སྣ། དོ་དམ་ལམ་ལུགས། དེ་བཞིན་ཁོར་ཡུག་སྲུང་སྐྱོབ་བྱ་ཐབས་བཅས་ངེས་པར་དུ་འབྲེལ་ཡོད་ཀྱི་ཚད་གཞི་དང་བླང་བྱ་དང་མཐུན་དགོས།
དོན་ཚན་ཞེ་བཞི་པ། འཕྲུལ་སྒུལ་འཁོར་རིགས་ཉམས་གསོ་བྱེད་མཁན་གྱིས་ངེས་པར་དུ་ལས་གཉེར་བྱེད་གནས་ཀྱི་མངོན་གསལ་དོད་སར་འཕྲུལ་སྒུལ་འཁོར་རིགས་ཉམས་གསོ་བྱེད་པའི་མཚོན་རྟགས་འགེལ་དགོས་པ་དང་། ཉམས་གསོའི་གླ་རིན་བསྡུ་བའི་རྣམ་གྲངས་དང་། ལས་ཡུན་དང་སྣ་རེའི་གོང་ཚད། ཉམས་བཟོའི་གཏན་འཁེལ་གྱི་ལས་ཡུན། ཁས་བླངས་པའི་ཞབས་ཞུ་བཅས་ཡོངས་བསྒྲགས་བྱེད་དགོས།
དོན་ཚན་ཞེ་ལྔ་པ། འཕྲུལ་སྒུལ་འཁོར་རིགས་ཉམས་གསོ་བྱེད་པར་སྤུས་ཚད་འགན་ལེན་གྱི་ཡུན་ཚད་ལམ་ལུགས་ལག་བསྟར་བྱེད་དགོས། འཕྲུལ་སྒུལ་འཁོར་རིགས་ཉམས་གསོ་བྱེད་མཁན་གྱིས་ངེས་པར་དུ་ཁས་བླངས་པའི་ཉམས་གསོའི་སྤུས་ཚད་འགན་ལེན་གྱི་ཡུན་ཚད་ཡོངས་བསྒྲགས་བྱེད་དགོས་པ་དང་། ཁས་བླངས་པའི་ཉམས་གསོའི་སྤུས་ཚད་འགན་ལེན་ཡུན་ཚད་དེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལས་མི་ཉུང་བ་བྱེད་དགོས།
འཕྲུལ་སྒུལ་འཁོར་རིགས་ཉམས་གསོ་བྱེད་མཁན་གྱིས་ངེས་པར་དུ་ཉམས་བཟོའི་ཡིག་ཚགས་གློག་རྡུལ་ཅན་གྱི་དོ་དམ་བྱེད་དགོས་པ་མ་ཟད། གཏན་འབེབས་གཞིར་བཟུང་འཕྲུལ་སྒུལ་འཁོར་རིགས་བཟོ་འགན་ཁུར་བའི་ཉམས་བཟོའི་གློག་རྡུལ་གཞི་གྲངས་དུས་ཐོག་ཏུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་རླངས་འཁོར་ཉམས་བཟོའི་གློག་རྡུལ་སྐྱོན་བྲལ་ཡིག་ཚགས་མ་ལག་ནང་ཇི་མ་ཇི་བཞིན་འབྲི་འཇུག་བྱས་ནས་དུས་ཐོག་ཏུ་གོང་འབུལ་ཞུ་དགོས།
དོན་ཚན་ཞེ་དྲུག་པ། འཕྲུལ་སྒུལ་འཁོར་རིགས་ཉམས་གསོ་བྱེད་དགོས་པའི་ལྷུ་ལག་ལ་ཁུངས་འདེད་ལམ་ལུགས་ལག་བསྟར་བྱེད་དགོས། འཕྲུལ་སྒུལ་འཁོར་རིགས་ཉམས་གསོ་བྱེད་མཁན་གྱིས་ངེས་པར་དུ་ལྷུ་ལག་ཉོ་སྒྲུབ་དང་བེད་སྤྱོད་ཀྱི་ཐོ་དེབ་བཟོས་ནས་ལྷུ་ལག་ཉོ་སྒྲུབ་དང་བེད་སྤྱོད་བྱས་པའི་ཆ་འཕྲིན་ཐོ་འགོད་བྱེད་པ་དང་། ཐོན་རྫས་ཀྱི་ཚད་ལོན་དཔང་ཡིག་སོགས་འབྲེལ་ཡོད་ར་སྤྲོད་ཡི་གེར་དཔྱད་བཤེར་བྱེད་དགོས་པ་མ་ཟད། གཏན་འབེབས་ལྟར་ལྷུ་ལག་གི་འབྱུང་ཁུངས་དཔང་ཡིག་ཉར་ཚགས་བྱེད་དགོས།
འཕྲུལ་སྒུལ་འཁོར་རིགས་ཉམས་གསོ་བྱེད་མཁན་གྱིས་མཁོ་འདོན་བྱས་པའི་ལྷུ་ལག་དེ་ཐོག་མའི་བཟོ་གྲྭ་ནས་ཐོན་པའི་ལྷུ་ལག་དང་། སྤུས་ཚད་གཅིག་པའི་ལྷུ་ལག་གམ་ཡང་ན་ཞིག་གསོ་བྱས་པའི་ལྷུ་ལག་བཅས་གང་ཡིན་ངེས་པར་དུ་གསལ་པོ་འགོད་དགོས་པ་དང་། རིན་གོང་གསལ་པོ་བཀོད་དེ་སྤྱོད་མཁན་ལ་གདམ་ག་བྱེད་དུ་འཇུག་དགོས།
དོན་ཚན་ཞེ་བདུན་པ། འཕྲུལ་སྒུལ་འཁོར་རིགས་ཉམས་གསོ་བྱེད་མཁན་ལ་གཤམ་གསལ་གྱི་བྱེད་སྤྱོད་རིགས་ཡོད་མི་ཆོག་པ་སྟེ།
(གཅིག) རྫུན་ལྷད་སྤུས་ཞན་གྱི་ལྷུ་ལག་བེད་སྤྱོད་གཏོང་བ་དང་།
(གཉིས) འཕྲུལ་སྒུལ་འཁོར་རིགས་རང་དགར་བཅོས་སྒྲིག་བྱེད་པ།
(གསུམ) མཁོ་མེད་དུ་བཏང་བའི་འཕྲུལ་སྒུལ་འཁོར་རིགས་ཉམས་གསོ་བྱེད་པ།
(བཞི) ལྷུ་ལག་བེད་སྤྱད་ནས་འཕྲུལ་སྒུལ་འཁོར་རིགས་ཆ་སྒྲིག་ཡ་སྒྲིག་བྱེད་པ།
(ལྔ) ཉམས་གསོ་བྱེད་དགོས་ལུགས་རྫུན་མ་བཤད་ནས་འཛད་སྤྱོད་པར་མགོ་སྐོར་གཏོང་བ།
(དྲུག) བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་བཀག་སྡོམ་བྱས་པའི་བྱེད་སྤྱོད་གཞན་དག་བཅས་སོ།
དོན་ཚན་ཞེ་བརྒྱད་པ། འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་གསོ་སྦྱོང་ལས་ཁུངས་ཀྱི་ལས་ཡུལ་དང་། སྒྲིག་བཀོད་སྒྲིག་ཆས། སློབ་ཁྲིད་མི་སྣ་བཀོད་སྒྲིག་བྱེད་པ་སོགས་ངེས་པར་དུ་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བ་གསོ་སྦྱོང་ལས་གཉེར་གྱི་འབྲེལ་ཡོད་ཚད་གཞི་དང་བླང་བྱ་དང་མཐུན་དགོས་པ་ལས། ལས་གཉེར་ཐོ་འགོད་བྱས་པའི་ཁྱབ་ཁོངས་ལས་བརྒལ་བའི་གསོ་སྦྱོང་ཞབས་ཞུ་སྒྲུབ་མི་ཆོག
དོན་ཚན་ཞེ་དགུ་པ། འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་གསོ་སྦྱོང་ལས་ཁུངས་ཀྱིས་ངེས་པར་དུ་ལས་གཉེར་བྱ་ཡུལ་གྱི་མངོན་གསལ་དོད་སར་གསོ་སྦྱོང་ཁྱབ་ཁོངས་དང་། རིན་བསྡུའི་རྣམ་གྲངས། རིན་བསྡུའི་ཚད་གཞི། རྩལ་སློབ་པ། སློབ་ཁྲིད་རླངས་འཁོར། རླངས་འཁོར་སྦྱོང་ས། སློབ་བསྡུའི་ས་ཚིགས(གནས)སོགས་ཀྱི་གནས་ཚུལ་ཡོངས་བསྒྲགས་བྱེད་དགོས།
འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་གསོ་སྦྱོང་ལས་ཁུངས་ཀྱིས་ངེས་པར་དུ་སློབ་མ་དང་གསོ་སྦྱོང་གི་གན་རྒྱ་བཞག་སྟེ་ཕྱོགས་གཉིས་ཀའི་དབང་ཆ་དང་འོས་འགན་ཁ་གསལ་བཟོ་དགོས།
དོན་ཚན་ལྔ་བཅུ་པ། འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་གསོ་སྦྱོང་ལས་ཁུངས་ཀྱིས་ངེས་པར་དུ་ཐོ་འགོད་བྱས་པའི་ས་ཆར་གསོ་སྦྱོང་ལས་སྒོ་གཉེར་དགོས་པ་ལས། ས་ཆ་གཞན་དུ་གསོ་སྦྱོང་བྱེད་པ་དང་། བསམ་ངན་བཅངས་ནས་རིན་གོང་གཅོག་པ། སློབ་མར་མགོ་སྐོར་གཏོང་བ་སོགས་ཚུལ་མིན་ཐབས་ལམ་སྤྱད་དེ་ལས་སྒོ་གཉེར་མི་ཆོག་པ་དང་། རྩལ་སློབ་རླངས་འཁོར་མིན་པ་སྤྱད་ནས་ཁ་ལོ་བར་རླངས་འཁོར་སློབ་མི་ཆོག་པ། རྩལ་སློབ་རླངས་འཁོར་སློབ་གཉེར་དང་འབྲེལ་བ་མེད་པའི་མི་ལ་སྤྲད་ནས་གཏོང་དུ་འཇུག་མི་ཆོག
དོན་ཚན་ང་གཅིག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་འགྲིམ་འགྲུལ་སྐྱེལ་འདྲེན་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་སྙན་ཐོ་དཔོད་ཟིན་པའི་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་གསོ་སྦྱོང་ལས་ཁུངས་ཀྱི་མིང་དང་། ཁྲིམས་ཚན་འཐུས་ཚབ་པ། ལས་གཉེར་བྱ་ཡུལ། སྦྱོང་བརྡར་འཁོར་རིགས། རླངས་འཁོར་སྦྱོང་ས་སོགས་ཀྱི་ཆ་འཕྲིན་སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱེད་དགོས་པ་མ་ཟད། དུས་ཐོག་ཏུ་གསར་སྒྱུར་བྱས་ནས་སྤྱི་ཚོགས་ཀྱི་འདྲི་རྩད་དང་ལྟ་སྐུལ་བྱ་རྒྱུར་མཁོ་འདོན་བྱེད་དགོས།
དོན་ཚན་ང་གཉིས་པ། བོགས་གཏོང་ལས་གཉེར་བྱེད་པའི་རླངས་འཁོར་ཡིན་རིགས་ངེས་པར་དུ་རྐུབ་སྟེགས་དགུའམ་དེ་ལས་ཉུང་བ་དགོས་པ་དང་། ཞིབ་དཔྱད་ཚད་གཞི་ལོན་རྗེས་ཐོ་འགོད་བྱས་པའི་བེད་སྤྱོད་ཀྱི་ངོ་བོ་དེ་བོགས་གཏོང་འགྲུལ་སྐྱེལ་རླངས་འཁོར་ཆུང་བ་དང་ཕྲན་གྲས་ཡིན་དགོས།
རླངས་འཁོར་བོགས་གཏོང་བྱེད་མཁན་གྱིས་ངེས་པར་དུ་བོགས་གཏོང་རླངས་འཁོར་ལ་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་གཏན་འབེབས་ལྟར་བདེ་འཇགས་ལག་རྩལ་ཞིབ་དཔྱད་དང་རྒྱུན་གཏན་གྱི་བདག་སྐྱོང་བྱས་ཏེ་རླངས་འཁོར་གྱི་འགུལ་ནུས་བཟང་འཁྱོངས་ཐུབ་པ་བྱེད་དགོས།
དོན་ཚན་ང་གསུམ་པ། རླངས་འཁོར་བོགས་གཏོང་བྱེད་མཁན་གྱིས་ངེས་པར་དུ་ལས་གཉེར་བྱེད་གནས་སམ་ཡང་ན་ཞབས་ཞུའི་ལས་སྟེགས་ཐོག་མངོན་གསལ་དོད་པོས་ཞབས་ཞུའི་རྣམ་གྲངས་དང་། བོགས་གཏོང་རླངས་འཁོར་གྱི་ཨང་གྲངས། བཟོ་གྲྭའི་ཐོན་རྟགས། དེ་བཞིན་བོགས་གཏོང་བརྒྱུད་རིམ་དང་། རིན་བསྡུའི་ཚད་གཞི། གཏའ་དངུལ་བསྡུ་སློག འགྲུལ་པར་ཞབས་ཞུ་དང་ལྟ་སྐུལ་ཁ་པར་སོགས་ཀྱི་དོན་གནད་གསལ་སྟོན་བྱེད་དགོས།
དོན་ཚན་ང་བཞི་པ། རླངས་འཁོར་བོགས་གཏོང་བྱེད་མཁན་གྱིས་ངེས་པར་དུ་བོགས་མར་ལེན་མཁན་དང་རླངས་འཁོར་བོགས་གཏོང་གི་གན་རྒྱ་འཇོག་དགོས་ཤིང་། བོགས་མར་ལེན་མཁན་གྱི་ཐོབ་ཐང་ལ་དཔྱད་ཞིབ་བྱེད་པ་དང་། དེར་རྒྱལ་ཁབ་ཀྱི་འབྲེལ་ཡོད་ལག་རྩལ་གྱི་ཚད་གཞི་དང་ལག་ཁྱེར་ཆ་ཚང་བའི་རླངས་འཁོར་བཅས་མཁོ་འདོན་བྱེད་དགོས་པ་མ་ཟད། བདེ་འཇགས་ཀྱི་དྲན་སྐུལ་ཡང་བྱེད་དགོས།
རླངས་འཁོར་བོགས་གཏོང་གི་ལས་གཉེར་པས་རླངས་འཁོར་དང་མཉམ་དུ་ཁ་ལོ་བའི་ངལ་ལས་ཞབས་ཞུ་སྒྲུབ་མི་ཆོག
རླངས་འཁོར་བོགས་གཏོང་གི་ལས་གཉེར་པ་དང་བོགས་མར་ལེན་མཁན་གྱིས་བོགས་གཏོང་རླངས་འཁོར་རང་དགར་སྤྱད་དེ་རྒྱ་ལམ་སྐྱེལ་འདྲེན་བྱེད་པའམ་ཐབས་རྣམ་འགྱུར་བའི་སྐྱེལ་འདྲེན་ལས་སྒོ་གཉེར་མི་ཆོག
དོན་ཚན་ང་ལྔ་པ། རླངས་འཁོར་བོགས་མར་ལེན་མཁན་ལ་ངེས་པར་དུ་བོགས་གཏོང་རླངས་འཁོར་གཏོང་ཆོག་པའི་བབ་མཚུངས་ཀྱི་ཐོབ་ཐང་ཡོད་དགོས་པ་མ་ཟད། འབྲེལ་ཡོད་ལག་ཁྱེར་སྟོན་དགོས། བོགས་མར་ལེན་མཁན་རང་བྱུང་མི་ཡིན་ཚེ། ངེས་པར་དུ་རང་གི་འཕྲུལ་སྒུལ་འཁོར་རིགས་གཏོང་ཆོག་པའི་ཁ་ལོ་བའི་ལག་ཁྱེར་ཁྱེར་ནས་རླངས་འཁོར་བོགས་མར་ལེན་དགོས་པ་དང་། བོགས་མར་ལེན་མཁན་དེ་ཁྲིམས་ཚན་ནམ་རྩ་འཛུགས་གཞན་དག་ཡིན་ཚེ། ངེས་པར་དུ་ཁ་ལོ་བ་དེ་རང་གི་འཕྲུལ་སྒུལ་འཁོར་རིགས་གཏོང་ཆོག་པའི་ཁ་ལོ་བའི་ལག་ཁྱེར་ཁྱེར་ནས་རླངས་འཁོར་བོགས་མར་ལེན་དགོས།
ལེའུ་བཞི་པ། ལྟ་སྐུལ་དང་ཞིབ་བཤེར།
དོན་ཚན་ང་དྲུག་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་གི་འགྲིམ་འགྲུལ་སྐྱེལ་འདྲེན་དང་། སྤྱི་བདེ། འཕྲལ་སྡོམ། ཁྲོམ་རའི་ལྟ་སྐུལ་དོ་དམ་སོགས་སྡེ་ཚན་གྱིས་ངེས་པར་དུ་སྡེ་ཚན་བརྒལ་བའི་ཕྱོགས་བསྡུས་ལྟ་སྡོམ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། ཆ་འཕྲིན་མཉམ་སྤྱོད་དང་། མཉམ་འབྲེལ་ཁྲིམས་སྐྱོང་། འཕྲལ་སྡོམ་མཉམ་འགུལ་བཅས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རྒྱ་ལམ་སྐྱེལ་འདྲེན་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས།
ལྟ་སྐུལ་དང་ཞིབ་བཤེར་བྱ་ཡུལ་ཚན་པ་དང་མི་སྒེར་གྱིས་ངེས་པར་དུ་ཁྲིམས་ལྟར་ལྟ་སྐུལ་དང་ཞིབ་བཤེར་དང་ལེན་བྱེད་དགོས་པ་མ་ཟད། འབྲེལ་ཡོད་དཔྱད་ཡིག་གམ་གནས་ཚུལ་ཇི་མ་ཇི་བཞིན་མཁོ་འདོན་བྱེད་དགོས།
དོན་ཚན་ང་བདུན་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་གི་འགྲིམ་འགྲུལ་སྐྱེལ་འདྲེན་གཙོ་འགན་སྡེ་ཚན་གྱི་ལས་དོན་མི་སྣས་ངེས་པར་དུ་འགན་ཁོངས་དབང་ཚད་དང་གོ་རིམ་ལ་ནན་པོར་གཞིཌ་ནས་ལྟ་སྐུལ་དང་ཞིབ་བཤེར་བྱེད་དགོས་པ་ལས། རྒྱ་ལམ་སྐྱེལ་འདྲེན་དང་འབྲེལ་བ་མེད་པའི་ནང་དོན་རིགས་ལྟ་སྐུལ་ཞིབ་བཤེར་གྱི་རྣམ་གྲངས་ཁོངས་སུ་བརྩི་མི་ཆོག
རྫོང་རིམ་ཡན་མི་དམངས་སྲིད་གཞུང་གི་འགྲིམ་འགྲུལ་སྐྱེལ་འདྲེན་གཙོ་འགན་སྡེ་ཚན་གྱི་ལས་དོན་མི་སྣས་ཞིབ་བཤེར་ལས་འགན་སྒྲུབ་སྐབས། ངེས་པར་དུ་མི་གཉིས་ཡན་ཞུགས་དགོས་ཤིང་། གཏན་འབེབས་ལྟར་གཅིག་གྱུར་གྱི་གྱོན་ཆས་གྱོན་དགོས་པའི་ཁར་ལས་རྟགས་འདོགས་དགོས་པ་མ་ཟད། གོ་ཆོད་ཀྱི་ཁྲིམས་སྒྱུར་ལག་ཁྱེར་སྟོན་ནས་ཡ་རབས་ཚུལ་ལྡན་གྱིས་ཁྲིམས་སྒྱུར་བྱེད་དགོས།
རྒྱ་ལམ་སྐྱེལ་འདྲེན་གྱི་ལྟ་སྐུལ་ཞིབ་བཤེར་རླངས་འཁོར་ངེས་པར་དུ་གཅིག་གྱུར་ཡིན་ལ། དབྱེ་འབྱེད་ངོས་འཛིན་བྱེད་བདེ་བའི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་སྒྱུར་གྱི་མཚོན་རྟགས་དང་ཉེན་བརྡའི་གློག་སྒྲོན་བསྒར་དགོས།
དོན་ཚན་ང་བརྒྱད་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་གི་འགྲིམ་འགྲུལ་སྐྱེལ་འདྲེན་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་རྒྱ་ལམ་སྐྱེལ་འདྲེན་གྱི་ཡིད་རྟོན་ཚོད་སྐོར་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། རྒྱ་ལམ་སྐྱེལ་འདྲེན་དང་དེ་བཞིན་རྒྱ་ལམ་སྐྱེལ་འདྲེན་དང་འབྲེལ་བ་ཡོད་པའི་ལས་སྒོ་གཉེར་མཁན་གྱི་སྐྱེལ་འདྲེན་བདེ་འཇགས་དང་ལས་གཉེར་བྱ་སྤྱོད་སོགས་ཐད་སྤུས་ཚད་དང་མཚན་སྙན་གྱི་དཔྱད་ཞིབ་བྱེད་དགོས་པ་མ་ཟད། དུས་བཀག་ལྟར་སྤྱི་ཚོགས་ལ་དཔྱད་ཞིབ་བྱས་འབྲས་ཁྱབ་བསྒྲགས་བྱེད་དགོས།
དོན་ཚན་ང་དགུ་པ། འགག་སྒོའི་རྒྱལ་སྤྱིའི་རྒྱ་ལམ་སྐྱེལ་འདྲེན་དོ་དམ་ལས་ཁུངས་ཀྱིས་འགག་སྒོའི་ཞིབ་དཔྱད་བྱ་ཡུལ་ཚུད་པའི་འགག་སྒོ་གནས་སའི་རྒྱལ་སྤྱིའི་རྒྱ་ལམ་སྐྱེལ་འདྲེན་དོ་དམ་དང་ལྟ་སྐུལ་ཞིབ་བཤེར་ལས་དོན་སྒྲུབ་འགན་འཁུར་རྒྱུ།
འགག་སྒོ་དང་། གནས་སྤོས་ཡུལ་མི་དོ་དམ། འགྲིམ་འགྲུལ་སྐྱེལ་འདྲེན། ཚོང་དོན་སོགས་སྡེ་ཚན་གྱིས་ངེས་པར་དུ་ཆ་འཕྲིན་མཉམ་སྤྱོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། ཐུན་མོང་ཐོག་རྒྱལ་སྤྱིའི་རྒྱ་ལམ་སྐྱེལ་འདྲེན་རླངས་འཁོར་ལ་འགག་སྒོའི་ལྟ་སྐུལ་དོ་དམ་བྱས་ཏེ་འགག་སྒོ་སྒྲོལ་བའི་ལས་ཕྱོད་ཆེ་རུ་གཏོང་དགོས།
དོན་ཚན་དྲུག་ཅུ་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་གི་འགྲིམ་འགྲུལ་སྐྱེལ་འདྲེན་གཙོ་འགན་སྡེ་ཚན་གྱི་ལས་དོན་མི་སྣས་རྒྱ་ལམ་སྐྱེལ་འདྲེན་གྱི་ལྟ་སྐུལ་ཞིབ་བཤེར་བྱེད་པའི་བརྒྱུད་རིམ་ནང་། སྐྱེལ་འདྲེན་ཆོག་པའི་ལག་ཁྱེར་མེད་པ་མ་ཟད། གོ་ཆོད་དཔང་ཡིག་གཞན་དག་འདོན་རྒྱུ་མེད་པའི་རླངས་འཁོར་ཡོད་ཚེ། གནས་སྐབས་བཀག་ཉར་བྱེད་དགོས་པ་མ་ཟད། དོ་བདག་ལ་གཏན་འབེབས་ཀྱི་ཚད་བཀག་ནང་དམིགས་འཛུགས་བྱེད་གནས་སུ་ཐག་གཅོད་དང་ལེན་བྱེད་པར་ཡོང་དགོས་པའི་གསལ་བརྡ་གཏོང་དགོས། གནས་སྐབས་བཀག་ཉར་བྱས་པའི་འཁོར་རིགས་ལ་བདག་པོ་ཡག་པོ་རྒྱག་དགོས་པ་ལས་བེད་སྤྱོད་གཏོང་མི་ཆོག་པ་མ་ཟད། བདག་པོ་བརྒྱབ་པའི་གླ་རིན་བསྡུ་བའམ་ཡང་ན་རྣམ་པ་འགྱུར་བའི་ཐོག་ནས་གླ་རིན་བསྡུ་བ་སོགས་བྱེད་མི་ཆོག
དོ་བདག་གིས་ངེས་པར་དུ་གཏན་འབེབས་བྱས་པའི་དུས་བཀག་ནང་དམིགས་འཛུགས་བྱེད་གནས་སུ་ཐག་གཅོད་དང་ལེན་བྱེད་པར་ཡོང་དགོས། རླངས་འཁོར་སྐྱེལ་འདྲེན་ལས་གཉེར་ལག་ཁྱེར་སོགས་གོ་ཆོད་དཔང་ཡིག་མཁོ་འདོན་བྱེད་མཁན་ལ་རྫོང་རིམ་ཡན་མི་དམངས་སྲིད་གཞུང་གི་འགྲིམ་འགྲུལ་སྐྱེལ་འདྲེན་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་གནས་སྐབས་བཀག་ཉར་བྱས་པའི་རླངས་འཁོར་འཕྲལ་མར་ཕྱིར་སྤྲོད་བྱེད་དགོས། གོ་ཆོད་དཔང་ཡིག་མཁོ་འདོན་བྱེད་མི་ཐུབ་ལ་ཞིབ་དཔྱད་བྱས་པ་བརྒྱུད་རླངས་འཁོར་གྱི་སྐྱེལ་འདྲེན་ལས་གཉེར་ལག་ཁྱེར་མེད་པར་རྒྱ་ལམ་སྐྱེལ་འདྲེན་གྱི་ལས་གཉེར་བྱས་པ་རྩད་ཆོད་མཐའ་གསལ་བྱུང་ཚེ། ངེས་པར་དུ་ཁྲིམས་བཞིན་ཆད་པ་གཅོད་དགོས།
ལེའུ་ལྔ་པ། བཅའ་ཁྲིམས་ཀྱི་འགན་འཁྲི།
དོན་ཚན་རེ་གཅིག་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཞིང་། སྲོལ་ཡིག་འདིའི་ནང་ཆད་གཅོད་ཀྱི་གཏན་འབེབས་བྱས་མེད་པའི་བྱ་སྤྱོད་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞན་དག་ནང་ཆད་གཅོད་གཏན་འབེབས་ཡོད་རིགས་གཏན་འབེབས་དེ་བཞིན་ལག་བསྟར་བྱ་རྒྱུ།
དོན་ཚན་རེ་གཉིས་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཏེ་འགྲུལ་སྐྱེལ་ལས་གཉེར་བྱེད་མཁན་ལ་གཤམ་གསལ་གྱི་གནས་ཚུལ་གྲས་ཤིག་ཡོད་ཚེ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་གི་འགྲིམ་འགྲུལ་སྐྱེལ་འདྲེན་གཙོ་འགན་སྡེ་ཚན་གྱིས་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་། སྒོར་ཆིག་སྟོང་ཡན་ནས་ཉིས་སྟོང་མན་གྱི་དངུལ་ཆད་འགེལ་རྒྱུ་སྟེ།
(གཅིག)འགྲུལ་སྐྱེལ་མཚོན་རྟགས་རྫུན་བཟོ་དང་། བཟོ་བཅོས། ནང་བཤུག བོགས་གཡར་བཅས་བྱེད་རིགས་དང་།
(གཉིས)འགན་གཙང་གླ་འཁོར་གྱི་འགྲུལ་སྐྱེལ་ལས་ཀ་བྱེད་མཁན་ལ་རླངས་འཁོར་བོགས་ལེན་གྱི་གན་རྒྱ་བསྟན་རྒྱུ་མེད་པ་དེ་ཡིན།
དོན་ཚན་རེ་གསུམ་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཏེ་འགྲུལ་སྐྱེལ་ལས་གཉེར་བྱེད་མཁན་གྱིས་གཏན་འབེབས་ལྟར་འགྲུལ་སྐྱེལ་མཚོན་རྟགས་བསྒར་མེད་པ་དང་། ཉེན་ཆེའི་དངོས་ཟོག་སྐྱེལ་འདྲེན་གྱི་ལས་གཉེར་བྱེད་མཁན་གྱིས་གཏན་འབེབས་ལྟར་མངོན་གསལ་དོད་སར་ཉེན་ཆེའི་དངོས་ཟོག་སྐྱེལ་འདྲེན་གྱི་མཚོན་རྟགས་བསྒར་མེད་ཚེ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་གི་འགྲིམ་འགྲུལ་སྐྱེལ་འདྲེན་གཙོ་འགན་སྡེ་ཚན་གྱིས་ཐ་ཚིག་སྒྲོག་རྒྱུ་དང་། དུས་བཀག་ནང་ཡོ་བསྲང་བྱེད་དུ་འཇུག་རྒྱུ།
དོན་ཚན་རེ་བཞི་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཏེ་དྲ་རྒྱའི་ཟོག་འདྲེན་ལས་གཉེར་བྱེད་མཁན་གྱིས་དྲ་ཐོག་ནས་མཁོ་འདོན་བྱས་པའི་ཞབས་ཞུ་སྒྲུབ་མཁན་རླངས་འཁོར་དང་ཁ་ལོ་བ་དེ་དྲ་ཕྱིར་གཅིག་མཚུངས་བྱས་མེད་ཚེ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་གི་འགྲིམ་འགྲུལ་སྐྱེལ་འདྲེན་གཙོ་འགན་སྡེ་ཚན་གྱིས་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་། སྒོར་སུམ་སྟོང་ཡན་ནས་ཆིག་ཁྲི་མན་གྱི་དངུལ་ཆད་འགེལ་རྒྱུ།
དོན་ཚན་རེ་ལྔ་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་གི་འགྲིམ་འགྲུལ་སྐྱེལ་འདྲེན་གཙོ་འགན་སྡེ་ཚན་དང་འབྲེལ་ཡོད་སྡེ་ཚན་གཞན་དག་གིས་ཁྲིམས་ལྟར་རྒྱ་ལམ་སྐྱེལ་འདྲེན་གྱི་ལྟ་སྐུལ་དོ་དམ་འགན་འཁྲི་མ་བསྒྲུབས་ཚེ། དབང་ཆ་ཡོད་མཁན་ལས་ཁུངས་ཀྱིས་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་། ཐད་ཀའི་འགན་འཁུར་གྱི་གཙོ་འགན་མི་སྣ་དང་ཐད་ཀའི་འགན་འཁྲི་ཡོད་མཁན་མི་གཞན་དག་ལ་ཁྲིམས་ལྟར་ཆད་པ་གཅོད་རྒྱུ།
ལེའུ་དྲུག་པ། ཞར་བྱུང་།
དོན་ཚན་རེ་དྲུག་པ། སྲོལ་ཡིག་འདི་2025ལོའི་ཟླ་3ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།
(བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས)
འབྲེལ་ཡོད་གསར་འགྱུར།