བོད་རང་སྐྱོང་ལྗོངས་ཀྱི་གཤེར་ས་སྲུང་སྐྱོབ་སྲོལ་ཡིག
(2010ལོའི་ཟླ་11ཚེས་26ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་དགུ་པའི་ཐོག་གྲོས་འཆམ་བྱུང་བ་དང་2024ལོའི་ཟླ་11ཚེས་28ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གསུམ་པའི་ཐོག་བཟོ་བཅོས་བརྒྱབ་པ)
དཀར་ཆག
ལེའུ་དང་པོ། སྤྱིའི་རྩ་དོན།
ལེའུ་གཉིས་པ། གཤེར་སའི་ཐོན་ཁུངས་དོ་དམ།
ལེའུ་གསུམ་པ། གཤེར་ས་སྲུང་སྐྱོབ་དང་བེད་སྤྱོད།
ལེའུ་བཞི་པ། གཤེར་ས་སླར་གསོ།
ལེའུ་ལྔ་པ། ལྟ་སྐུལ་ཞིབ་བཤེར།
ལེའུ་དྲུག་པ། བཅའ་ཁྲིམས་ཀྱི་འགན་འཁྲི།
ལེའུ་བདུན་པ། ཞར་བྱུང་།
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།
〔2024ལོའི〕ཡིག་ཨང་14པ།
《བོད་རང་སྐྱོང་ལྗོངས་ཀྱི་གཤེར་ས་སྲུང་སྐྱོབ་སྲོལ་ཡིག》2024ལོའི་ཟླ་11ཚེས་28ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གསུམ་པའི་ཐོག་བཟོ་བཅོས་བརྒྱབ་ནས་གྲོས་འཆམ་བྱུང་བས་ད་ལྟ་ཁྱབ་བསྒྲགས་བྱ་རྒྱུ་དང་2025ལོའི་ཟླ་2ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན།
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས།
2024ལོའི་ཟླ་11ཚེས་28ཉིན།
ལེའུ་དང་པོ། སྤྱིའི་རྩ་དོན།
དོན་ཚན་དང་པོ། གཤེར་ས་སྲུང་སྐྱོབ་ལ་ཤུགས་སྣོན་དང་། གཤེར་སའི་སྐྱེ་ཁམས་ཀྱི་བྱེད་ནུས་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ། སྐྱེ་ཁམས་བདེ་འཇགས་འགན་སྲུང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་འཛུགས། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་བཅས་བྱས་ཏེ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཤེར་ས་སྲུང་སྐྱོབ་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གཞིར་བཟུང་། རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་སྲོལ་ཡིག་འདི་བཟོས་པ་ཡིན།
དོན་ཚན་གཉིས་པ། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་གཤེར་ས་སྲུང་སྐྱོབ་དང་། བེད་སྤྱོད། སླར་གསོ་བཅས་དང་། དེ་བཞིན་འབྲེལ་ཡོད་དོ་དམ་གྱི་ལས་སྒོ་སྤེལ་སྐབས་སྲོལ་ཡིག་འདི་སྤྱད་ན་འཐུས།
སྲོལ་ཡིག་འདིའི་ནང་གསལ་བའི་གཤེར་ས་ཞེས་པ་ནི། སྐྱེ་ཁམས་བྱེད་ནུས་མངོན་གསལ་ཆེ་བའི་རང་བྱུང་ངམ་ཡང་ན་མིས་བཟོས་པ་དང་། ལོ་འཁོར་མོའམ་ཡང་ན་དུས་ཚིགས་རང་བཞིན་གྱི་ཆུ་འཁྱིལ་སའི་ཁུལ་དང་ཆུ་ཁོངས་ལ་ཟེར་མོད། འོན་ཀྱང་ཆུ་ཞིང་དང་དེ་བཞིན་གསོ་སྤེལ་དུ་སྤྱོད་པའི་མི་བཟོས་ཆུ་ཁོངས་དང་གྲམ་ཐང་དེའི་ཁོངས་སུ་མི་གཏོགས།
གཙང་པོ་དང་། ཆུ་བོ། མཚེའུ་སོགས་ཀྱི་གཤེར་ས་སྲུང་སྐྱོབ་དང་བེད་སྤྱོད། དེ་བཞིན་འབྲེལ་ཡོད་ཀྱི་དོ་དམ་ལས་སྒོ་བཅས་ལ་ད་དུང་ངེས་པར་དུ་ཆུའི་ཐོན་ཁུངས་དོ་དམ་དང་། ཆུ་ལམ་དོ་དམ། ཆུ་མཛོད་དོ་དམ། ཆུ་ལོག་སྔོན་འགོག ཆུའི་སྦགས་བཙོག་འགོག་བཅོས། ཉ་ལས་དོ་དམ་སོགས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་སྤྱད་ན་འཐུས།
དོན་ཚན་གསུམ་པ། གཤེར་ས་སྲུང་སྐྱོབ་བྱེད་པར་ངེས་པར་དུ་སྲུང་སྐྱོབ་གཙོ་བཟུང་དང་། དོ་དམ་ནན་པོ། བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་། ཚན་རིག་དང་མཐུན་པའི་སླར་གསོ། ལུགས་མཐུན་བེད་སྤྱོད་བཅས་བྱ་རྒྱུའི་རྩ་དོན་མཐའ་འཁྱོངས་བྱས་ཏེ། སྔར་ཡོད་རྣམ་པ་དང་ཆ་ཚང་རང་བཞིན་སྲུང་སྐྱོབ་ལ་ཤུགས་སྣོན་བརྒྱབ་ནས་གཤེར་སས་ཆུ་རྩ་གསོ་བ་དང་། གནམ་གཤིས་སྙོམས་སྒྲིག ཁོར་ཡུག་ལེགས་བཅོས། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་སོགས་བྱེད་པའི་སྐྱེ་ཁམས་ཀྱི་བྱེད་ནུས་སྣ་ཚོགས་འདོན་སྤེལ་བྱེད་དགོས།
དོན་ཚན་བཞི་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་སྲིད་འཛིན་ས་ཁོངས་དེ་གའི་གཤེར་སར་སྲུང་སྐྱོབ་བྱེད་འགན་ཁུར་ནས། བྱ་ཐབས་སྤྱད་དེ་གཤེར་སའི་རྒྱ་ཁྱོན་བརྟན་འཁྱོངས་ཐུབ་པ་དང་གཤེར་སའི་སྐྱེ་ཁམས་ཀྱི་བྱེད་ནུས་ཆེ་རུ་གཏོང་དགོས།
རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གཤེར་ས་སྲུང་སྐྱོབ་དང་མཐུན་སྦྱོར་གྱི་ལས་ཀར་ཤུགས་སྣོན་བརྒྱབ་སྟེ་གཤེར་ས་སྲུང་སྐྱོབ་བྱ་རྒྱུ་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འཆར་འགོད་ནང་བཅུག་ནས་དོན་དབང་དབྱེ་འབྱེད་ཀྱི་རྩ་དོན་གཞིར་བཟུང་གཤེར་ས་སྲུང་སྐྱོབ་ལས་དོན་ལ་མཁོ་བའི་འགྲོ་གྲོན་སྔོན་རྩིས་ནང་འཇུག་དགོས།
ཤང་དང་གྲོང་རྡལ་མི་དམངས་སྲིད་གཞུང་དང་ཁྲོམ་གཞུང་དོན་གཅོད་ཁང་གིས་ངེས་པར་དུ་མང་ཚོགས་སྒྲིག་འཛུགས་བྱས་ཏེ་གཤེར་ས་སྲུང་སྐྱོབ་ཀྱི་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་། གྲོང་ཚོ(ཡུལ་མི)ཨུ་ཡོན་ལྷན་ཁང་གིས་གཞོགས་འདེགས་བྱེད་དགོས།
དོན་ཚན་ལྔ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་གྱིས་སྲིད་འཛིན་ས་ཁོངས་དེ་གའི་གཤེར་སའི་ཐོན་ཁུངས་ལ་ལྟ་སྐུལ་དོ་དམ་བྱེད་འགན་འཁུར་དགོས་པ་མ་ཟད། གཤེར་ས་སྲུང་སྐྱོབ་ཀྱི་འཆར་འགོད་བཟོ་རྒྱུ་དང་། གཤེར་ས་གསར་སྤེལ་དང་བེད་སྤྱོད་ཐད་ལྟ་སྐུལ་དོ་དམ་བྱ་རྒྱུ། གཤེར་སའི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་བྱ་རྒྱུ་སོགས་ཀྱི་ལས་ཀར་འགན་འཁུར་དགོས།
རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་རང་བྱུང་ཐོན་ཁུངས་དང་། སྐྱེ་ཁམས་ཁོར་ཡུག སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན། ཆུའི་སྲིད་འཛིན། ཞིང་ལས་དང་གྲོང་གསེབ་སོགས་འབྲེལ་ཡོད་སྡེ་ཚན་གྱིས་འགན་འཁྲི་ཁག་བགོས་གཞིར་བཟུང་། གཤེར་ས་སྲུང་སྐྱོབ་དང་། སླར་གསོ། དོ་དམ་བཅས་བྱ་རྒྱུའི་འབྲེལ་ཡོད་ལས་དོན་སྒྲུབ་འགན་འཁུར་དགོས།
རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ནགས་ལས་དང་རྩྭ་ཐང་གཙོ་འགན་སྡེ་ཚན་གྱིས་རང་བྱུང་ཐོན་ཁུངས་དང་། སྐྱེ་ཁམས་ཁོར་ཡུག སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན། ཆུའི་སྲིད་འཛིན། ཞིང་ལས་དང་གྲོང་གསེབ་སོགས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་གཤེར་ས་སྲུང་སྐྱོབ་མཉམ་ལས་དང་ཆ་འཕྲིན་བརྡ་ཁྱབ་གཏོང་བའི་ལམ་སྲོལ་བཟོ་དགོས།
དོན་ཚན་དྲུག་པ། རིམ་ཁག་མི་དམངས་སྲིད་གཞུང་དང་དེ་བཞིན་ནགས་ལས་རྩྭ་ཐང་དང་། རང་བྱུང་ཐོན་ཁུངས། སྐྱེ་ཁམས་ཁོར་ཡུག སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན། ཆུའི་སྲིད་འཛིན། ཞིང་ལས་དང་གྲོང་གསེབ། སློབ་གསོ་སོགས་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་གཤེར་ས་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་གཤེར་ས་སྲུང་སྐྱོབ་ཀྱི་ཤེས་བྱ་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་བའི་ལས་ཀར་ཤུགས་སྣོན་རྒྱག་དགོས་པ་དང་། གཤེར་ས་སྲུང་སྐྱོབ་སོགས་ཀྱི་དྲིལ་བསྒྲགས་སློབ་གསོའི་རྟེན་གཞི་བེད་སྤྱོད་བྱས་ཏེ། གཤེར་ས་སྲུང་སྐྱོབ་ཉིན་མོ་དང་། གཤེར་ས་སྲུང་སྐྱོབ་ཀྱི་དྲིལ་བསྒྲགས་གཟའ་འཁོར། རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཉིན་མོ། བྱ་བྱིའུ་ལ་གཅེས་པའི་གཟའ་འཁོར། རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཤེས་དཔལ་དྲིལ་བསྒྲགས་ཟླ་བ་སོགས་དང་ཟུང་འབྲེལ་གྱིས་གཤེར་ས་སྲུང་སྐྱོབ་ཀྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་ནས་སྤྱི་ཚོགས་ཡོངས་སུ་གཤེར་ས་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཟབ་ཏུ་གཏོང་དགོས།
གཞི་རིམ་གྱི་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས་དང་། སྤྱི་ཚོགས་རྩ་འཛུགས། དང་བླངས་པ་བཅས་ཀྱིས་གཤེར་ས་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་གཤེར་ས་སྲུང་སྐྱོབ་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱ་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་ཏེ། གཤེར་ས་སྲུང་སྐྱོབ་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས།
གསར་འགྱུར་སྨྱན་སྦྱོར་ཚན་པས་ངེས་པར་དུ་གཤེར་ས་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་གཤེར་ས་སྲུང་སྐྱོབ་ཀྱི་ཤེས་བྱའི་སྤྱི་ཕན་དྲིལ་བསྒྲགས་བྱས་ཏེ་གཤེར་སར་གཏོར་བཤིག་གཏོང་བའི་བྱེད་སྤྱོད་ལ་གླེང་ཕྱོགས་ཀྱི་ལྟ་སྐུལ་བྱེད་དགོས།
དོན་ཚན་བདུན་པ། ཚན་པ་དང་མི་སྒེར་གྱིས་ཁྲིམས་ལྟར་ཞལ་འདེབས་རྒྱག་པ་དང་། རོགས་དངུལ་སྤྲོད་པ། དང་བླངས་ཞབས་ཞུ་སྒྲུབ་པ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་གཤེར་ས་སྲུང་སྐྱོབ་ཀྱི་བྱེད་སྒོའི་ནང་ཞུགས་རྒྱུར་རང་སྐྱོང་ལྗོངས་ཀྱིས་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས།
གཤེར་ས་སྲུང་སྐྱོབ་ཐད་གྲུབ་འབྲས་མངོན་གསལ་དོད་པའི་ཚན་པ་དང་མི་སྒེར་ལ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་གཟེངས་བསྟོད་དང་བྱ་དགའ་སྤྲོད་དགོས།
དོན་ཚན་བརྒྱད་པ། སྡེ་ཚན་གང་ཞིག་དང་མི་སུ་ཞིག་ཡིན་རུང་ཚང་མར་གཤེར་སར་སྲུང་སྐྱོབ་བྱེད་པའི་འོས་འགན་ཡོད་པ་དང་གཤེར་སར་གཏོར་བཤིག་གཏོང་བའི་བྱེད་སྤྱོད་ལ་ཞུ་སྦྱོར་དང་ཐེར་འདོན་བྱེད་དབང་ཡོད།
ལེའུ་གཉིས་པ། གཤེར་སའི་ཐོན་ཁུངས་དོ་དམ།
དོན་ཚན་དགུ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་རང་བྱུང་ཐོན་ཁུངས་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་ནགས་ལས་རྩྭ་ཐང་སོགས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་བླང་བྱ་གཞིར་བཟུང་། ལྗོངས་ཡོངས་ཀྱི་གཤེར་སའི་ཐོན་ཁུངས་ལ་བརྟག་དཔྱད་གདེང་འཇོག་བྱ་རྒྱུའི་ལས་དོན་དུས་བཀག་ལྟར་སྤེལ་དགོས་པ་དང་། གཤེར་སའི་རིགས་དང་། ཁྱབ་ཚུལ། རྒྱ་ཁྱོན། སྐྱེ་དངོས་སྣ་མང་ཅན། སྲུང་སྐྱོབ་དང་བེད་སྤྱོད་བྱས་ཚུལ་སོགས་ལ་བརྟག་དཔྱད་བྱས་ནས་གཅིག་གྱུར་གྱི་ཆ་འཕྲིན་ཡོངས་བསྒྲགས་དང་མཉམ་སྤྱོད་ཀྱི་ལམ་སྲོལ་བཟོ་དགོས།
དོན་ཚན་བཅུ་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གཤེར་སའི་རྒྱ་ཁྱོན་སྤྱི་འབོར་གྱི་ལྟ་སྡོམ་དམིགས་ཚད་དེ་གཤེར་ས་སྲུང་སྐྱོབ་བྱ་རྒྱུའི་དམིགས་ཚད་འགན་འཁྲིའི་ལམ་ལུགས་ནང་འཇུག་དགོས་པ་དང་། བྱ་ཐབས་ནུས་ལྡན་སྤྱད་དེ་གཤེར་སའི་རྒྱ་ཁྱོན་སྤྱི་འབོར་གྱི་ལྟ་སྡོམ་དམིགས་ཚད་ཀྱི་བླང་བྱ་དོན་འཁྱོལ་བྱེད་དགོས།
རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནགས་ལས་རྩྭ་ཐང་དང་རང་བྱུང་ཐོན་ཁུངས་གཙོ་འགན་སྡེ་ཚན་གྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་རྒྱལ་ཁབ་ནས་བཏོན་པའི་གཤེར་སའི་རྒྱ་ཁྱོན་སྤྱི་འབོར་གྱི་ལྟ་སྡོམ་དམིགས་ཚད་གཞིར་བཟུང་། གྲོང་ཁྱེར(ས་གནས)གྱི་གཤེར་སའི་རྒྱ་ཁྱོན་སྤྱི་འབོར་གྱི་ལྟ་སྡོམ་དམིགས་ཚད་གཏན་འཁེལ་བཟོས་ཏེ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་སྙན་སེང་ཆོག་མཆན་ཞུ་དགོས།
གྲོང་ཁྱེར(ས་གནས)མི་དམངས་སྲིད་གཞུང(སྲིད་ཧྲུའུ)གི་ནགས་ལས་རྩྭ་ཐང་དང་རང་བྱུང་ཐོན་ཁུངས་གཙོ་འགན་སྡེ་ཚན་གྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་རང་སྐྱོང་ལྗོངས་ནས་བཏོན་པའི་གཤེར་སའི་རྒྱ་ཁྱོན་སྤྱི་འབོར་གྱི་ལྟ་སྡོམ་དམིགས་ཚད་གཞིར་བཟུང་། རྫོང(གྲོང་ཁྱེར་དང་ཆུད)གི་གཤེར་སའི་རྒྱ་ཁྱོན་སྤྱི་འབོར་གྱི་ལྟ་སྡོམ་དམིགས་ཚད་གཏན་འཁེལ་བྱས་ནས་གྲོང་ཁྱེར(ས་གནས)མི་དམངས་སྲིད་གཞུང(སྲིད་ཧྲུའུ)ལ་སྙན་སེང་ཆོག་མཆན་ཞུ་དགོས།
དོན་ཚན་བཅུ་གཅིག་པ། རང་སྐྱོང་ལྗོངས་ཀྱིས་གཤེར་ས་རིམ་དབྱེ་དོ་དམ་དང་མིང་གཞུང་ལམ་ལུགས་ལག་བསྟར་བྱས་ཏེ། གཤེར་སར་གལ་ཆེའི་གཤེར་ས་དང་སྤྱིར་བཏང་གི་གཤེར་ས་རིགས་གཉིས་སུ་དབྱེ་རྒྱུ། གལ་ཆེའི་གཤེར་སར་རྒྱལ་ཁབ་ཀྱི་གལ་ཆེའི་གཤེར་ས་དང་རང་སྐྱོང་ལྗོངས་རིམ་པའི་གལ་ཆེའི་གཤེར་ས་གཉིས་ཚུད་ཡོད་པ་དང་། གལ་ཆེའི་གཤེར་ས་ཕུད་དེ་བྱིངས་ཚང་མ་སྤྱིར་བཏང་གི་གཤེར་ས་ཡིན། གལ་ཆེའི་གཤེར་སའི་རིགས་ཁྲིམས་ལྟར་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་ནང་འཇུག་དགོས།
རང་སྐྱོང་ལྗོངས་རིམ་པའི་གལ་ཆེའི་གཤེར་སའི་མིང་གཞུང་དེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་གྱིས་རང་བྱུང་ཐོན་ཁུངས་དང་། སྐྱེ་ཁམས་ཁོར་ཡུག སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན། ཆུའི་སྲིད་འཛིན། ཞིང་ལས་དང་གྲོང་གསེབ་སོགས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་འདོན་དགོས་པ་དང་། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་རྗེས་འགྲེམས་བསྒྲགས་བྱེད་དགོས་པ་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་ལ་སྙན་དཔོད་ཞུ་དགོས།
སྤྱིར་བཏང་གི་གཤེར་སའི་མིང་གཞུང་དེ་གྲོང་ཁྱེར(ས་གནས)མི་དམངས་སྲིད་གཞུང(སྲིད་ཧྲུའུ)དང་རྫོང(གྲོང་ཁྱེར་དང་ཆུད)མི་དམངས་སྲིད་གཞུང་གི་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་གྱིས་རང་བྱུང་ཐོན་ཁུངས་དང་། སྐྱེ་ཁམས་ཁོར་ཡུག སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན། ཆུའི་སྲིད་འཛིན། ཞིང་ལས་དང་གྲོང་གསེབ་སོགས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་འདོན་དགོས་པ་དང་། རིམ་པ་དེ་གའི་མི་དམངས་སྲིད་གཞུང་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་རྗེས་ཁྱབ་བསྒྲགས་བྱེད་དགོས་པ་མ་ཟད། རིམ་པ་བཞིན་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་ལ་སྙན་དཔོད་ཞུ་དགོས།
ཡོངས་བསྒྲགས་བྱས་པའི་གཤེར་སའི་མིང་གཞུང་ནང་། ངེས་པར་དུ་གཤེར་སའི་མིང་དང་། ས་ཁམས་གནས་ཚད། ཕྱོགས་བཞིའི་ཁྱབ་ཁོངས། རྒྱ་ཁྱོན། རིགས། སྲུང་སྐྱོབ་བྱ་ཡུལ་གཙོ་བོ། འགན་འཁུར་བྱེད་པོ་སོགས་ཀྱི་དོན་གནད་ཁ་གསལ་བཟོ་དགོས།
རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གཤེར་ས་སྲུང་སྐྱོབ་བྱ་རྒྱུའི་དགོས་མཁོ་དང་གཤེར་སའི་ཐོན་ཁུངས་འགྱུར་ལྡོག་འགྲོ་ཚུལ་ལ་གཞིགས་ནས། གཤེར་སའི་མིང་གཞུང་དུས་ཐོག་ཏུ་ལེགས་སྒྲིག་དང་ཁ་གསབ་བྱེད་དགོས་པ་དང་། དོན་ཚན་འདིའི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཁྱབ་བསྒྲགས་བྱེད་དགོས་པ་མ་ཟད་སྙན་དཔོད་ཞུ་དགོས།
དོན་ཚན་བཅུ་གཉིས་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་གལ་ཆེའི་གཤེར་སའི་མཐའ་འཁོར་གྱི་མངོན་གསལ་ཆེ་སར་སྲུང་སྐྱོབ་ཀྱི་མཚོན་རྟགས་བཙུགས་ནས་གཤེར་སའི་མིང་དང་། སྲུང་སྐྱོབ་རིམ་པ། སྲུང་སྐྱོབ་ཁྱབ་ཁོངས། འགན་འཁུར་བྱེད་པོ། ལྟ་སྐུལ་ཁ་པར་སོགས་ཀྱི་ནང་དོན་གསལ་པོར་འགོད་དགོས།
ཚན་པ་གང་ཞིག་དང་མི་སྒེར་སུ་ཞིག་ཡིན་རུང་གཤེར་ས་སྲུང་སྐྱོབ་ཀྱི་མཚོན་རྟགས་རང་འཚམ་གྱིས་སྤོ་བའམ་ཡང་ན་གཏོར་བཤིག་གཏོང་མི་ཆོག
དོན་ཚན་བཅུ་གསུམ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁོངས་བར་སྟོང་འཆར་འགོད་དང་རྒྱལ་ཡོངས་ཀྱི་གཤེར་ས་སྲུང་སྐྱོབ་འཆར་འགོད་སོགས་ལ་གཞིགས་ནས། ཚན་རིག་དང་མཐུན་པའི་གཤེར་ས་སྲུང་སྐྱོབ་ཀྱི་འཆར་འགོད་བཟོ་དགོས་པ་དང་། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་རྗེས་སྒྲིག་འཛུགས་ལག་བསྟར་བྱེད་དགོས།
གྲོང་ཁྱེར(ས་གནས)མི་དམངས་སྲིད་གཞུང(སྲིད་ཧྲུའུ)དང་རྫོང(གྲོང་ཁྱེར་དང་ཆུད)མི་དམངས་སྲིད་གཞུང་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་རིམ་པ་དེ་གའི་རྒྱལ་ཁོངས་བར་སྟོང་གི་འཆར་འགོད་དང་གོང་རིམ་གྱི་གཤེར་ས་སྲུང་སྐྱོབ་ཀྱི་འཆར་འགོད་སོགས་ལ་གཞིགས་ནས་སྲིད་འཛིན་ས་ཁོངས་དེ་གའི་གཤེར་ས་སྲུང་སྐྱོབ་ཀྱི་འཆར་འགོད་བཟོ་དགོས་པ་དང་། རིམ་པ་གཅིག་མཚུངས་ཀྱི་མི་དམངས་སྲིད་གཞུང་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་རྗེས་སྒྲིག་འཛུགས་ལག་བསྟར་བྱེད་དགོས་པ་མ་ཟད། གོང་རིམ་མི་དམངས་སྲིད་གཞུང་གི་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་ལ་སྙན་དཔོད་ཞུ་དགོས།
ཆོག་མཆན་ཐོབ་པའི་གཤེར་ས་སྲུང་སྐྱོབ་ཀྱི་འཆར་འགོད་རང་འཚམ་གྱིས་འགྱུར་བ་གཏོང་མི་ཆོག འགྱུར་བ་དངོས་འབྲེལ་གཏོང་དགོས་ཚེ། ཐོག་མའི་མཆན་འགོད་ཀྱི་གོ་རིམ་གཞིར་བཟུང་འགྲོ་ལུགས་གཉེར་དགོས།
དོན་ཚན་བཅུ་བཞི་པ། རང་སྐྱོང་ལྗོངས་ཀྱིས་གཤེར་ས་བཟུང་སྤྱོད་བྱེད་རིགས་ཚོད་འཛིན་ནན་པོ་བྱེད་དགོས།
རྒྱལ་ཁབ་ཀྱི་གལ་ཆེའི་གཤེར་ས་བཟུང་སྤྱོད་བྱེད་མི་ཆོག བཟུང་སྤྱོད་དངོས་འབྲེལ་བྱེད་དགོས་ཚེ། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ལག་བསྟར་བྱེད་དགོས།
རང་སྐྱོང་ལྗོངས་རིམ་པའི་གལ་ཆེའི་གཤེར་ས་བཟུང་སྤྱོད་བྱེད་མི་ཆོག་ཅིང་། དེའི་ནང་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་རྣམ་གྲངས་གལ་ཆེན་དང་། གནོད་འགོག་གེགས་སེལ་གྱི་རྣམ་གྲངས། ཆུ་བེད་གལ་ཆེན་དང་སྲུང་སྐྱོབ་སྒྲིག་བཀོད་ཀྱི་རྣམ་གྲངས། གཤེར་ས་སྲུང་སྐྱོབ་ཀྱི་རྣམ་གྲངས་སོགས་ཚུད་མེད།
འཛུགས་སྐྲུན་རྣམ་གྲངས་ཀྱི་ས་ཆ་དང་ལམ་ཐིག་འདེམས་སྐབས་ངེས་པར་དུ་གཤེར་ས་མི་འཁེལ་བ་བྱེད་དགོས་པ་དང་། གལ་ཏེ་གཡོལ་ཐབས་གཏན་ནས་མེད་ཚེ་ངེས་པར་དུ་བཟུང་སྤྱོད་བྱེད་ཉུང་དུ་གཏོང་གང་ཐུབ་བྱེད་དགོས་པ་མ་ཟད། དགོས་ངེས་ཀྱི་བྱ་ཐབས་སྤྱད་དེ་གཤེར་སའི་སྐྱེ་ཁམས་བྱེད་ནུས་ལ་གནོད་འཚེ་ཕོག་ཤུགས་ཆུང་དུ་གཏོང་དགོས།
འཛུགས་སྐྲུན་རྣམ་གྲངས་འཆར་འགོད་ཀྱི་ས་ཆ་དང་ལམ་ཐིག་འདེམས་པར་མཆན་འགོད་དམ་ཡང་ན་ཞིབ་དཔྱད་ཆོག་འཐུས་འགོད་སྐབས། རང་སྐྱོང་ལྗོངས་རིམ་པའི་གལ་ཆེའི་གཤེར་ས་དང་འབྲེལ་བ་ཡོད་ཚེ། ངེས་པར་དུ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་གྱི་བསམ་འཆར་བསྡུ་ལེན་བྱེད་དགོས་པ་དང་། སྤྱིར་བཏང་གི་གཤེར་ས་དང་འབྲེལ་བ་ཡོད་ཚེ། ངེས་པར་དུ་དོ་དམ་གྱི་དབང་ཚད་གཞིར་བཟུང་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་དབང་བསྐུར་བའི་སྡེ་ཚན་གྱི་བསམ་འཆར་བསྡུ་ལེན་བྱེད་དགོས།
དོན་ཚན་བཅོ་ལྔ་པ། འཛུགས་སྐྲུན་རྣམ་གྲངས་ཐད་གནས་སྐབས་གཤེར་ས་བཟུང་སྤྱོད་བྱེད་དགོས་ཚེ། ངེས་པར་དུ་ས་ཆ་དོ་དམ་དང་། ཆུའི་ཐོན་ཁུངས་དོ་དམ། ཆུ་ལམ་དོ་དམ། ཆུ་མཛོད་དོ་དམ། རྩྭ་ཐང་དོ་དམ། ནགས་ཚལ་དོ་དམ་སོགས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལ་གཞིགས་ནས་གཉེར་སྒྲུབ་བྱེད་དགོས། གནས་སྐབས་གཤེར་ས་བཟུང་སྤྱོད་བྱེད་པའི་དུས་ཚད་སྤྱིར་ན་ལོ་གཉིས་ལས་བརྒལ་མི་ཆོག་པ་མ་ཟད། གནས་སྐབས་བཟུང་སྤྱོད་བྱས་པའི་གཤེར་སའི་ཐོག་གཏན་འཇགས་རང་བཞིན་གྱི་ཨར་པོ་རྒྱག་མི་ཆོག
གནས་སྐབས་གཤེར་ས་བཟུང་སྤྱོད་ཀྱི་དུས་བཅད་ཐིམ་རྗེས་ཀྱི་ལོ་གཅིག་ནང་ཚུན་དུ་ས་ཆ་སྤྱོད་མཁན་ཚན་པའམ་ཡང་ན་མི་སྒེར་གྱིས་ངེས་པར་དུ་གཤེར་སའི་རྒྱ་ཁྱོན་ལ་གཞིགས་ནས་སྐྱེ་ཁམས་སླར་གསོ་བྱེད་དགོས།
དོན་ཚན་བཅུ་དྲུག་པ། འབྲུབ་འགོག་དང་། གྲུ་ལམ། གྲུ་ཁའམ་ཡང་ན་ཆུའི་ལས་གྲྭ་གཞན་དག་བཅས་ཀྱིས་ཆུ་ལམ་དོ་དམ་བྱེད་ཁོངས་དང་ཆུ་ལོག་གསོག་འཁྱིལ་ཁུལ་གྱི་གཤེར་ས་བཟུང་སྤྱོད་བྱས་པ་ཕུད། ཁྲིམས་ལྟར་ཆོག་མཆན་ཐོབ་ནས་གལ་ཆེའི་གཤེར་ས་བཟུང་སྤྱོད་བྱེད་མཁན་ཚན་པས་ངེས་པར་དུ“སྔོན་གསབ་རྗེས་བཟུང་དང་བཟུང་གསབ་དོ་སྙོམས”ཀྱི་རྩ་དོན་གཞིར་བཟུང་། བཟུང་སྤྱོད་བྱས་པའི་གཤེར་སའི་རྒྱ་ཁྱོན་དང་སྤུས་ཚད་གཉིས་དང་འདྲ་མཚུངས་ཀྱི་གཤེར་ས་རང་བྱུང་ཆ་རྐྱེན་དང་བསྟུན་ནས་སླར་གསོ་དང་བསྐྱར་སྐྲུན་བྱེད་དགོས། སླར་གསོ་དང་བསྐྱར་སྐྲུན་གྱི་ཆ་རྐྱེན་མེད་པའི་རིགས་ཀྱིས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་གཤེར་ས་སླར་གསོའི་གྲོན་དངུལ་འཇལ་དགོས། གཤེར་ས་སླར་གསོའི་གྲོན་དངུལ་འཇལ་ཚེ། ངོ་བོ་གཅིག་མཚུངས་ཀྱི་སླར་གསོའི་གྲོན་དངུལ་གཞན་དག་སྤྲོད་མི་དགོས།
དོན་ཚན་བཅུ་བདུན་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་གཤེར་སའི་ཐོན་ཁུངས་ཀྱི་ལྟ་ཞིབ་ཚད་ལེན་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ལྟ་ཞིབ་ཚད་ལེན་ལག་རྩལ་གྱི་ཚད་ལྡན་གཞིར་བཟུང་རང་སྐྱོང་ལྗོངས་རིམ་པའི་གལ་ཆེའི་གཤེར་སར་འགྱུར་ལྡན་ལྟ་ཞིབ་ཚད་ལེན་བྱས་ནས་དེའི་ཁྱབ་ཚུལ་དང་། རྒྱ་ཁྱོན། ཆུ་མང་ཉུང་གི་ཚད་གཞི། སྐྱེ་དངོས་སྣ་མང་ཅན། ཉེན་ཁ་ཡོད་ཚུལ་སོགས་ཀྱི་ཆ་འཕྲིན་འགྱུར་ལྡོག་བྱུང་ཚུལ་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པར་བྱེད་དགོས་ལ། དེ་བཞིན་ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་ལ་གཞིགས་ནས་གཤེར་སའི་སྐྱེ་ཁམས་གནས་ཚུལ་ལ་ཚོད་སྐོར་བྱས་ཏེ་གཏན་འབེབས་གཞིར་བཟུང་སྔོན་བརྡའི་ཆ་འཕྲིན་ཁྱབ་བསྒྲགས་བྱེད་དགོས།
གྲོང་ཁྱེར(ས་ཁུལ)མི་དམངས་སྲིད་གཞུང(སྲིད་ཧྲུའུ)དང་རྫོང(གྲོང་ཁྱེར་དང་ཆུད)མི་དམངས་སྲིད་གཞུང་གི་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་སྤྱིར་བཏང་གི་གཤེར་སར་འགྱུར་ལྡན་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་རྒྱག་དགོས་པ་མ་ཟད། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་ལ་ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་སྙན་སེང་ཞུ་དགོས།
ལེའུ་གསུམ་པ། གཤེར་ས་སྲུང་སྐྱོབ་དང་བེད་སྤྱོད།
དོན་ཚན་བཅོ་བརྒྱད་པ། རང་སྐྱོང་ལྗོངས་ཀྱིས་སྐྱེ་ཁམས་སྔོན་འཇོག་དང་འབྱུང་འཕྲོད་གོང་འཕེལ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་གཤེར་ས་སྲུང་སྐྱོབ་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། གཤེར་ས་སྲུང་སྐྱོབ་བྱ་རྒྱུར་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ཚན་རྩལ་གྱི་འདེགས་སྐྱོར་བྱེད་ལམ་འཐུས་ཚང་དུ་བཏང་ནས་གཤེར་སའི་སྐྱེ་ཁམས་བྱེད་ནུས་དང་རྒྱུན་མཐུད་བེད་སྤྱོད་བྱ་རྒྱུ་འགན་སྲུང་བྱས་ཏེ་སྐྱེ་ཁམས་ཀྱི་ཕན་འབྲས་དང་། སྤྱི་ཚོགས་ཀྱི་ཕན་འབྲས། དཔལ་འབྱོར་གྱི་ཕན་འབྲས་བཅས་གཅིག་གྱུར་ཡོང་བ་བྱེད་དགོས།
དོན་ཚན་བཅུ་དགུ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གཤེར་ས་སྲུང་སྐྱོབ་ཀྱི་འཆར་འགོད་དང་གཤེར་ས་སྲུང་སྐྱོབ་ཀྱི་དགོས་མཁོ་གཞིར་བཟུང་། ཆ་རྐྱེན་འཛོམས་པའི་གཤེར་ས་དེ་ཁྲིམས་ལྟར་རྒྱལ་ཁབ་སྤྱི་གླིང་དང་། རང་བྱུང་སྲུང་སྐྱོབ་ཁུལ་ལམ་ཡང་ན་རང་བྱུང་སྤྱི་གླིང་བཅས་ནང་འཇུག་དགོས།
རྒྱལ་ཁབ་སྤྱི་གླིང་དང་། རང་བྱུང་སྲུང་སྐྱོབ་ཁུལ། རང་བྱུང་སྤྱི་གླིང་བཅས་ནང་ཚུད་མེད་པའི་གཤེར་ས་ཡིན་རིགས། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་གཤེར་སའི་དངོས་ཡོད་གནས་ཚུལ་གཞིར་བཟུང་དེ་མཚུངས་ཀྱི་སྲུང་སྐྱོབ་བྱ་ཐབས་སྤྱད་དེ་གཤེར་སའི་སྐྱེ་ཁམས་མ་ལག་གི་གྲུབ་ཆ་དང་བྱེད་ནུས་མི་ཉམས་པར་བྱེད་དགོས།
དོན་ཚན་ཉི་ཤུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་གཤེར་ས་སྲུང་སྐྱོབ་ཀྱི་དོ་དམ་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཐོག་བྱ་ཐབས་སྤྱད་དེ་གཤེར་སའི་ཐོན་ཁུངས་སྲུང་སྐྱོབ་ལ་ཤུགས་སྣོན་བརྒྱབ་ནས་གཤེར་ས་ཉམས་ཞན་དུ་མི་འགྲོ་བ་དང་། གཤེར་སའི་སྐྱེ་ཁམས་བྱེད་ནུས་བརྟན་པོ་ཡོང་བར་སྲུང་སྐྱོང་བྱེད་དགོས།
རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རང་བྱུང་ཐོན་ཁུངས་དང་། སྐྱེ་ཁམས་ཁོར་ཡུག ཆུའི་སྲིད་འཛིན། ཞིང་ལས་དང་གྲོང་གསེབ་སོགས་འབྲེལ་ཡོད་སྡེ་ཚན་གྱིས་རྒྱལ་ཁོངས་བར་སྟོང་གི་འཆར་འགོད་དང་། ཁོར་ཡུག་ལ་གནོད་འཚེ་ཇི་ཡོང་དཔྱད་གདེང་། འབྲུབ་འགོག གསོ་སྤེལ་སོགས་དང་འབྲེལ་བ་ཡོད་པའི་སྲིད་འཛིན་བཀའ་འཁྲོལ་གཉེར་སྒྲུབ་བྱེད་སྐབས། ངེས་པར་དུ་གཤེར་ས་བེད་སྤྱོད་ཀྱི་བྱེད་སྒོའི་དགོས་ངེས་རང་བཞིན་དང་། ལུགས་མཐུན་རང་བཞིན། དེ་བཞིན་གཤེར་ས་སྲུང་སྐྱོབ་བྱ་ཐབས་སོགས་ཀྱི་ནང་དོན་ལ་ཞིབ་བཤེར་ནན་པོ་བྱེད་དགོས།
དོན་ཚན་ཉེར་གཅིག་པ། གཤེར་ས་དང་དེའི་སྐྱེ་ཁམས་བྱེད་ནུས་ལ་གཏོར་སྐྱོན་གཏོང་བའི་གཤམ་གསལ་གྱི་བྱེད་སྤྱོད་རིགས་བཀག་འགོག་བྱེད་དགོས་པ་སྟེ།
(གཅིག) རང་བྱུང་གཤེར་ས་གསར་སྦོལ་དང་། ཆུ་བཤངས་སྐམ་བཟོ། རང་བྱུང་གཤེར་སའི་ཆུ་རྒྱུན་རྩ་གཅོད་བྱེད་རིགས་དང་།
(གཉིས) རང་འཚམ་གྱིས་རང་བྱུང་གཤེར་ས་རྒྱོང་སུབ་གཏོང་བ་དང་། གཤེར་ས་ནས་བྱེ་མ་ལེན་པ་དང་། གཏེར་ཁ་འདོན་པ། ས་ལེན་པ་བཅས་བྱེད་རིགས།
(གསུམ) ཆུའི་སྦགས་བཙོག་བཤངས་འབུད་ཀྱི་ཚད་གཞི་དང་མི་མཐུན་པའི་བཟོ་ལས་ཀྱི་ཆུ་སྙིགས་དང་། འཚོ་བའི་བཙོག་ཆུ། གཤེར་ས་སྦགས་བཙོག་བཟོ་བའི་ཆུ་སྙིགས་དང་བཙོག་ཆུ་གཞན་དག་བཅས་བཤངས་འབུད་བྱེད་པ་དང་། དེ་བཞིན་དུག་ལྡན་དང་གནོད་འཚེ་ཡོད་པའི་རླངས་གཟུགས་བཤངས་འབུད་བྱེད་པ། སྙིགས་རོ་བཤོ་བ་དང་། སྤུངས་པ། སྐྱུར་བ། གཏོར་བ་བཅས་བྱེད་པ། ཆུ་ངོས་དང་ཆུ་ནང་སྐྱེ་དངོས་ལ་གནོད་སྲིད་པའི་རྫས་འགྱུར་དངོས་རྫས་བཤོ་བ་བཅས་བྱེད་རིགས།
(བཞི) ཐལ་ཆེའི་ཕྱུགས་འཚོ་བའམ་ཡང་ན་བདག་མེད་རྩི་ཤིང་གང་བྱུང་དུ་འཐུ་བ་དང་། ཐལ་ཆེའི་འཛིན་རྙབ་བམ་ཡང་ན་རྩ་སྟོངས་རང་བཞིན་གྱི་འཛིན་རྙབ་བྱེད་པ། ཐལ་ཆེའི་ལུད་རྒྱག་པ་དང་། སྨན་གཏོར་བ། བསླུ་ཟན་བཤོ་བ་སོགས་གཤེར་སར་སྦགས་བཙོག་བཟོ་བའི་འདེབས་འཛུགས་གསོ་སྤེལ་བྱེད་སྤྱོད་རིགས།
(ལྔ) བདག་མེད་སྲོག་ཆགས་དང་རྩི་ཤིང་གི་སྔར་ཡོད་ས་ཆ་གཏོར་སྐྱོན་གཏོང་བའམ་ཡང་ན་བདག་མེད་སྲོག་ཆགས་སྐྱེ་འཕེལ་བྱེད་ས་དང་། འཚོ་གནས་བྱ་ཡུལ། གནས་སྤོ་བྱེད་ལམ་བཅས་ལ་གཏོར་སྐྱོན་གཏོང་རིགས།
(དྲུག) ཆུ་བྱ་སྲུང་སྐྱོབ་བྱ་ཡུལ་ཡིན་པའི་རང་བྱུང་སྲུང་སྐྱོབ་ཁུལ་དང་དེ་བཞིན་གཙོ་གནད་འཚོ་སྡོད་ཁུལ་གཞན་དག་ཏུ་ཉ་འཛིན་པ་དང་། ཆུ་གཏིང་སྐྱེ་དངོས་སྔོག་འཛིན་བྱེད་པ། བྱ་སྒོང་སྒྲུག་པ། བྱ་ཚང་གཏོར་བ་སོགས་ཆུ་བྱ་འཚོ་སྡོད་དང་སྐྱེ་འཕེལ་ལ་ཉེན་ཁ་བཟོ་བའི་བྱེད་སྤྱོད་སྤེལ་རིགས།
(བདུན) གཤེར་ས་དང་དེའི་སྐྱེ་ཁམས་བྱེད་ནུས་ལ་གཏོར་སྐྱོན་གཏོང་བའི་བྱེད་སྤྱོད་གཞན་དག་བཅས་སོ།
དོན་ཚན་ཉེར་གཉིས་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་གྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་འགན་འཁྲི་ཁག་བགོས་གཞིར་བཟུང་། གཤེར་སའི་གནོད་ཡོད་སྐྱེ་དངོས་ལ་བརྟག་ཞིབ་ཚད་ལེན་དང་ནད་ཡམས་འགོག་བཅོས་བརྟག་ཞིབ་སོགས་ཀྱི་ལས་དོན་སྤེལ་ནས་དུས་ཐོག་ཏུ་བྱ་ཐབས་ནུས་ལྡན་སྤྱད་དེ་གནོད་ཡོད་སྐྱེ་དངོས་ཀྱིས་གཤེར་སའི་སྐྱེ་ཁམས་ཁོངས་གཏོགས་ལ་གནོད་འཚེ་གཏོང་རིགས་སྔོན་འགོག་དང་། ཚོད་འཛིན། མེད་པ་བཟོ་བ་བཅས་བྱེད་དགོས།
གཤེར་སའི་ནང་དུ་ཕྱི་ཕྱོགས་ཀྱི་སྐྱེ་དངོས་ནང་འདྲེན་དང་ཚེ་ཐར་གཏོང་མི་ཆོག ནང་འདྲེན་བྱེད་དགོས་ཚེ། ངེས་པར་དུ་ཚན་རིག་དང་མཐུན་པའི་ཚོད་སྐོར་བྱེད་དགོས་པ་དང་། ཁྲིམས་ལྟར་ཆོག་མཆན་ཐོབ་དགོས་པ་མ་ཟད། འབྲེལ་ཡོད་གཏན་འབེབས་ལྟར་ནད་ཡམས་ལ་བརྟག་ཞིབ་ནན་པོ་བྱེད་དགོས།
དོན་ཚན་ཉེར་གསུམ་པ། རིམ་ཁག་མི་དམངས་སྲིད་གཞུང་དང་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་ཆུ་བོ་དང་མཚེའུ་ཡི་ཁྱབ་ཁོངས་ནང་གི་གཤེར་སར་དོ་དམ་དང་སྲུང་སྐྱོབ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཡུལ་བབ་དང་བསྟུན་ནས་ཆུ་རྒྱུན་སྦྲེལ་མཐུད་དང་། བྱེ་འདམ་གཙང་གཤོང་། ཆུ་རྩ་གསོ་བ། ས་ཆུ་སྲུང་འཛིན་སོགས་བཅོས་སྐྱོང་དང་སླར་གསོ་བྱ་ཐབས་སྤྱད་དེ་ཆུ་བོའི་ཆུ་རྩ་དང་ཆུ་ལོག་གསོག་འཁྱིལ་ཁུལ། ས་ཆུ་ཤོར་ཚབས་ཆེ་ཁུལ་སོགས་ས་ཁོངས་ཀྱི་གཤེར་ས་གསར་སྤེལ་དང་བེད་སྤྱོད་ཀྱི་ལས་སྒོར་ཚོད་འཛིན་ནན་པོ་བྱས་ཏེ། གཤེར་ས་དང་དེའི་སྐྱེ་དངོས་སྣ་མང་ཅན་ལ་གནོད་འཚེ་ཕོག་ཤུགས་ཆུང་དུ་གཏོང་དགོས།
དོན་ཚན་ཉེར་བཞི་པ། རིམ་ཁག་མི་དམངས་སྲིད་གཞུང་དང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་གྲོང་ཁྱེར་གྱི་གཤེར་སར་དོ་དམ་དང་སྲུང་སྐྱོབ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། གྲོང་ཁྱེར་གྱི་ཆུ་རྒྱུན་བཅོས་སྐྱོང་དང་སྐྱེ་ཁམས་སླར་གསོ་སོགས་བྱ་ཐབས་སྤྱད་དེ་གྲོང་ཁྱེར་གྱི་གཤེར་སའི་སྐྱེ་ཁམས་ཀྱི་སྤུས་ཚད་མཐོ་རུ་བཏང་ནས། གྲོང་ཁྱེར་གྱི་གཤེར་སའི་ཆར་ཞོད་དང་ཆུ་ལོག་སྙོམས་གསོག་དང་། ཆུ་སྤུས་གཙང་བཟོ། སྤྲོ་གསེང་ཡུལ་སྐོར། ཚན་རིག་ཁྱབ་གདལ་སློབ་གསོ་སོགས་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས།
དོན་ཚན་ཉེར་ལྔ་པ། ན་འདམ་གཤེར་ས་ཡོད་སའི་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ན་འདམ་གཤེར་ས་ཧྲིལ་པོའི་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་པ་དང་། ན་འདམ་གཤེར་ས་སྲུང་སྐྱོབ་བྱ་རྒྱུའི་ཆེད་དོན་འཆར་འགོད་བཟོས་ནས་གལ་ཆེའི་གཤེར་སའི་ཚད་གཞི་དང་མཐུན་པའི་ན་འདམ་གཤེར་ས་དེ་གལ་ཆེའི་གཤེར་སའི་མིང་གཞུང་ནང་འཇུག་དགོས།
ན་འདམ་གཤེར་སའི་ནང་ན་འདམ་སྔོག་འདོན་བྱེད་པའམ་ཡང་ན་རང་འཚམ་གྱིས་ས་འོག་གི་ཆུ་སྔོག་འཐེན་བྱེད་མི་ཆོག གནོད་འགོག་གེགས་སེལ་གྱི་དགོས་མཁོ་ཕུད་ན་འདམ་གཤེར་སའི་གསོག་ཆུ་ཕྱིར་བཤངས་བྱེད་མི་ཆོག
དོན་ཚན་ཉེར་དྲུག་པ། གཤེར་སའི་རྒྱ་ཁྱོན་དང་སྐྱེ་ཁམས་བྱེད་ནུས་བརྟན་འཁྱོངས་ཡོང་བའི་སྔོན་འགྲོའི་ཆ་རྐྱེན་འོག་གཤེར་སའི་ཐོན་ཁུངས་བེད་སྤྱོད་ལུགས་མཐུན་བྱས་ཆོག
གཤེར་སའི་ཁྱབ་ཁོངས་སུ་ཐོན་སྐྱེད་གཉེར་སྐྱོང་དང་། ཡུལ་སྐོར། ཚན་ཞིབ་སློབ་གསོ་སོགས་ཀྱི་བྱེད་སྒོ་སྤེལ་དགོས་རིགས། ངེས་པར་དུ་གཤེར་ས་སྲུང་སྐྱོབ་ཀྱི་འཆར་འགོད་དང་མཐུན་དགོས་པ་དང་། གཤེར་སའི་ཐོན་ཁུངས་ཀྱི་ཐེག་ནུས་ལ་བསམ་གཞིགས་གང་ལེགས་བྱས་ཏེ་གཤེར་སའི་རང་བྱུང་ཁོར་ཡུག་ལ་འགྱུར་ལྡོག་མི་འགྲོ་བ་བྱེད་དགོས་པ་མ་ཟད། བྱ་ཐབས་སྤྱད་དེ་གཤེར་སའི་སྐྱེ་ཁམས་བྱེད་ནུས་ལ་ཕན་མེད་ཤུགས་རྐྱེན་ཐེབས་ཤུགས་ཆུང་དུ་གཏོང་དགོས།
དོན་ཚན་ཉེར་བདུན་པ། གཤེར་སའི་ནང་ཡུལ་སྐོར་བྱེད་ཆོག་པའི་ཁྱབ་ཁོངས་སུ་སྐྱེ་ཁམས་ཡུལ་སྐོར་གྱི་སྒྲིག་བཀོད་འཛུགས་སྐྲུན་དང་ཡུལ་སྐོར་ལམ་ཐིག་གཏན་འཁེལ་བྱེད་དགོས་ཚེ། ངེས་པར་དུ་གཤེར་ས་སྲུང་སྐྱོབ་ཀྱི་འཆར་འགོད་བླང་བྱ་དང་མཐུན་པ་བྱས་ནས་གཤེར་སའི་སྐྱེ་ཁམས་མ་ལག་ལ་ཤུགས་རྐྱེན་ཐེབས་ཤུགས་ཆུང་དུ་གཏོང་དགོས།
རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་ཡུལ་སྐོར་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་དང་མཉམ་དུ་གཤེར་སའི་ཐོན་ཁུངས་ཀྱི་ཐེག་ནུས་དང་ལྟ་ཞིབ་ཚད་ལེན་བྱས་འབྲས་གཞིར་བཟུང་། ཡུལ་སྐོར་བ་གཤོང་ཚད་ཆེ་ཤོས་ལུགས་མཐུན་གཏན་འཁེལ་བྱེད་དགོས་པ་མ་ཟད་སྤྱི་བསྒྲགས་ཀྱང་སྤེལ་དགོས།
ཡུལ་སྐོར་བའི་མི་གྲངས་ཐེག་ཚད་ཆེ་ཤོས་ལས་བརྒལ་བའམ་ཡང་ན་ཐེག་ཚད་ཆེ་ཤོས་ཀྱི་མཚམས་སུ་སླེབས་སྐབས། ཡུལ་སྐོར་བྱེད་སྒོ་གཉེར་མཁན་གྱིས་ངེས་པར་དུ་འབྲེལ་ཡོད་ཆ་འཕྲིན་དུས་ཐོག་ཏུ་ཡོངས་བསྒྲགས་བྱས་ནས་དགོས་ངེས་ཀྱི་བྱ་ཐབས་སྤྱད་དེ་ཡུལ་སྐོར་བའི་མི་འབོར་ཚོད་འཛིན་བྱེད་དགོས།
དོན་ཚན་ཉེར་བརྒྱད་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་རང་སྐྱོང་ལྗོངས་རིམ་པའི་གལ་ཆེའི་གཤེར་ས་དང་སྤྱིར་བཏང་གཤེར་ས་བེད་སྤྱོད་པའི་བྱེད་སྒོར་རིགས་དབྱེའི་མཛུབ་ཁྲིད་བྱེད་དགོས་པ་དང་། ཚན་པ་དང་མི་སྒེར་གྱིས་ས་ཁུལ་དེ་གའི་རིག་བསྐྲུན་གཞི་རྒྱུ་དང་། ལོ་རྒྱུས་རིག་གནས། རང་བྱུང་མཛེས་ལྗོངས་སོགས་དང་ཟུང་འབྲེལ་བྱས་ཏེ། གཤེར་ས་སྲུང་སྐྱོབ་ཀྱི་བླང་བྱ་དང་མཐུན་པའི་སྐྱེ་ཁམས་ཡུལ་སྐོར་དང་། སྐྱེ་ཁམས་ཞིང་ལས། སྐྱེ་ཁམས་སློབ་གསོ། རང་བྱུང་ཉམས་ལེན་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུར་སྐུལ་ལྕག་གཏོང་བ་དང་། འདེབས་འཛུགས་དང་གསོ་སྤེལ་སོགས་གཤེར་ས་བེད་སྤྱོད་ཀྱི་གཞི་ཁྱོན་ཚོད་འཛིན་འོས་འཚམ་བྱས་ཏེ་གཤེར་སའི་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་པའི་ཐབས་ལམ་རྒྱ་ཆེར་གཏོང་དགོས།
གཤེར་ས་གནས་སའི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྐྱེ་ཁམས་བདག་སྐྱོང་ལས་གནས་ཀྱི་འདེམས་བསྐོ་གདན་ཞུའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས། གཤེར་ས་གནས་ཡུལ་དང་དེའི་ཉེ་འཁོར་གྱི་སྔར་ཡོད་གྲོང་མི་སྐྱེ་ཁམས་ཀྱི་སྐོར་ཞིབ་ལྟ་སྐྱོང་སོགས་ཀྱི་ལས་ཀར་ཞུགས་རྒྱུར་སྔོན་ལ་བཀོད་སྒྲིག་བྱེད་དགོས་པ་མ་ཟད། ཁ་གསབ་མ་དངུལ་འོས་འཚམ་སྤྲོད་དགོས། ས་གནས་དེ་གའི་གྲོང་མིས་སྡེ་ཁུལ་མཉམ་སྐྲུན་དང་གྲོས་མཐུན་སྲུང་སྐྱོབ་སོགས་ཀྱི་རྣམ་པ་བརྒྱུད་གཤེར་སར་དོ་དམ་དང་སྲུང་སྐྱོབ་བྱ་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས།
དོན་ཚན་ཉེར་དགུ་པ། རང་སྐྱོང་ལྗོངས་ཀྱིས་གཤེར་སའི་སྐྱེ་ཁམས་སྲུང་གསབ་སྤྲོད་ལམ་བཟོས་ཏེ་གལ་ཆེའི་གཤེར་སའི་སྐྱེ་ཁམས་སྐྱོང་གསབ་རིམ་བཞིན་ཡོངས་ལ་ཁྱབ་ཐུབ་པ་བྱ་རྒྱུ།
རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་དོན་དབང་དབྱེ་བའི་རྩ་དོན་གཞིར་བཟུང་གལ་ཆེའི་གཤེར་ས་སྲུང་སྐྱོབ་ཐད་ནོར་སྲིད་ཀྱི་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་གལ་ཆེའི་གཤེར་ས་ཡོད་སའི་ས་གནས་ལ་ནོར་སྲིད་མ་དངུལ་སྒྱུར་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་དགོས།
གཤེར་སའི་སྐྱེ་ཁམས་སྲུང་སྐྱོབ་ས་གནས་དང་གཤེར་སའི་སྐྱེ་ཁམས་ཀྱི་ཕན་པ་ཐོབ་པའི་ས་གནས་མི་དམངས་སྲིད་གཞུང་གིས་གྲོས་མོལ་ལམ་ཡང་ན་ཁྲོམ་རའི་ལམ་སྲོལ་བརྒྱུད་ས་གནས་དབར་སྐྱེ་ཁམས་སྐྱོང་གསབ་བྱ་རྒྱུར་རང་སྐྱོང་ལྗོངས་ཀྱིས་སྐུལ་ལྕག་གཏོང་རྒྱུ།
སྐྱེ་ཁམས་སྲུང་སྐྱོབ་སོགས་སྤྱི་པའི་ཁེ་ཕན་གྱི་དགོས་མཁོས་རྐྱེན་པས་གཤེར་སའི་བདག་དབང་མཁན་ནམ་ཡང་ན་སྤྱོད་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་ཚེ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཁྲིམས་བཞིན་གུན་གསབ་སྤྲོད་དགོས།
ལེའུ་བཞི་པ། གཤེར་ས་སླར་གསོ།
དོན་ཚན་སུམ་ཅུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གཤེར་ས་སླར་གསོའི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་རང་བྱུང་སླར་གསོ་གཙོ་བོར་འཛིན་པ་དང་། རང་བཞིན་སླར་གསོ་དང་མི་ཐབས་སླར་གསོ་ཟུང་འབྲེལ་བྱ་རྒྱུའི་རྩ་དོན་མཐའ་འཁྱོངས་ཀྱིས་གཤེར་སའི་རྒྱ་ཁྱོན་སླར་གསོ་བྱེད་པ་དང་། གཤེར་སའི་སྐྱེ་ཁམས་མ་ལག་གི་སྤུས་ཚད་ཡག་ཏུ་གཏོང་བ། ཐོར་ཞིག་འགྲོ་ཚབས་ཆེ་བའམ་ཡང་ན་བྱེད་ནུས་ཉམས་ཞན་དུ་སོང་བའི་རང་བྱུང་གཤེར་སར་ཕྱོགས་བསྡུས་བཅོས་སྐྱོང་དང་སླར་གསོ་བྱེད་དགོས་པ་མ་ཟད། སྐྱེ་ཁམས་ཀྱི་བྱེད་ནུས་ཉམས་ཞན་ཚབས་ཆེན་དུ་སོང་བའི་གལ་ཆེའི་གཤེར་ས་སྔོན་ལ་སླར་གསོ་བྱེད་དགོས།
དོན་ཚན་སོ་གཅིག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཚན་རིག་དང་མཐུན་པའི་སྒོ་ནས་རིགས་པས་ཁུངས་སྐྱེལ་བྱས་ཏེ། སླར་གསོའི་ཆ་རྐྱེན་འཛོམས་པའི་སྔར་ཡོད་གཤེར་ས་དང་། ཉམས་ཞན་དུ་སོང་བའི་གཤེར་ས། གཤེར་ས་བ་ཚྭ་ཅན་སོགས་ལ་ཡུལ་བབ་དང་བསྟུན་ནས་སྐྱེ་ཁམས་ཀྱི་ཆུ་གསབ་པ་དང་། རང་བྱུང་གཤེར་སའི་འགྲམ་རྒྱུད་སྲུང་སྐྱོབ། སྔོ་ཁེབས་སླར་གསོ། སྦགས་བཙོག་གཙང་སེལ། འཚོ་སྡོད་ཁུལ་གྱི་ཁོར་ཡུག་སླར་གསོ། གནོད་ལྡན་སྐྱེ་དངོས་འགོག་བཅོས། ཕྱུགས་རྒྱ་བསྡམས་ནས་རྩྭ་ཁ་གསོ་བ་སོགས་ཀྱི་བྱ་ཐབས་སྤྱད་དེ་གཤེར་སའི་སྐྱེ་ཁམས་བྱེད་ནུས་སླར་གསོ་ཡོང་བར་བྱེད་དགོས།
ཁྲིམས་འགལ་གྱིས་རྨོ་ཞིང་སོགས་བཟུང་སྤྱོད་བྱས་ནས་མི་ཐབས་གཤེར་ས་བཟོ་མི་ཆོག
དོན་ཚན་སོ་གཉིས་པ། གལ་ཆེའི་གཤེར་ས་སླར་གསོ་བྱེད་པར་ངེས་པར་དུ་གཤེར་ས་སླར་གསོའི་ཇུས་གཞི་བཟོ་དགོས།
རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་རྒྱལ་ཁབ་ཀྱི་གཤེར་ས་སླར་གསོའི་ཚད་གཞི་དང་བླང་བྱ་གཞིར་བཟུང་། གལ་ཆེའི་གཤེར་ས་སླར་གསོའི་ཇུས་གཞི་བཟོས་ནས་རིམ་པ་བཞིན་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་ལ་ཆོག་མཆན་ཐོབ་རེ་ཞུ་དགོས།
རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་གྱིས་གལ་ཆེའི་གཤེར་ས་སླར་གསོའི་ཇུས་གཞིར་ཆོག་མཆན་མ་བཀོད་གོང་། ངེས་པར་དུ་རང་བྱུང་ཐོན་ཁུངས་དང་། སྐྱེ་ཁམས་ཁོར་ཡུག སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན། ཆུའི་སྲིད་འཛིན། ཞིང་ལས་དང་གྲོང་གསེབ་སོགས་འབྲེལ་ཡོད་སྡེ་ཚན་གྱི་བསམ་འཆར་བསྡུ་ལེན་བྱེད་དགོས།
དོན་ཚན་སོ་གསུམ་པ། གཤེར་ས་སླར་གསོ་བྱེད་པར་ངེས་པར་དུ་ཆོག་མཆན་ཐོབ་པའི་གཤེར་ས་སྲུང་སྐྱོབ་ཀྱི་འཆར་འགོད་དང་། གལ་ཆེའི་གཤེར་ས་སླར་གསོའི་ཇུས་གཞི། དེ་བཞིན་འབྲེལ་ཡོད་ལག་རྩལ་གྱི་སྒྲིག་རིམ་བཅས་གཞིར་བཟུང་ལག་བསྟར་བྱས་ཏེ། གཤེར་སའི་ས་ཁོངས་ཀྱི་སྐྱེ་དངོས་སྣ་མང་ཅན་དང་དེ་བཞིན་གཤེར་སའི་སྐྱེ་ཁམས་ཆགས་ཚུལ་དང་བྱེད་ནུས་ཆ་ཚང་བ་སྲུང་འཛིན་བྱེད་དགོས་པ་ལས་བདག་མེད་སྲོག་ཆགས་འཚོ་སྡོད་ཁུལ་ལ་གཏོར་སྐྱོན་ནམ་ཡང་ན་གནོད་འཚེ་གཏོང་བ་དང་། རང་བྱུང་མཛེས་ལྗོངས་དང་ས་གཤིས་གནའ་ཤུལ་ལ་གཏོར་སྐྱོན་གཏོང་བ། ཁོར་ཡུག་ལ་སྦགས་བཙོག་བཟོ་བ་བཅས་ཀྱི་ལས་གྲྭའི་སྒྲིག་བཀོད་གང་ཞིག་ཡིན་རུང་འཛུགས་སྐྲུན་བྱེད་མི་ཆོག
དོན་ཚན་སོ་བཞི་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་ཆུའི་ཐོན་ཁུངས་ཀྱི་འཆར་འགོད་བཟོ་བ་དང་ཆུའི་ཐོན་ཁུངས་བགོ་སྒྲིག་བྱེད་སྐབས། ངེས་པར་དུ་ཆུའི་ཐོན་ཁུངས་ཀྱི་ལེགས་ཆ་དང་ཐེག་ནུས་ལ་བསམ་གཞིགས་གང་ལེགས་བྱས་ནས་ཆུའི་ཐོན་ཁུངས་བགོ་སྒྲིག་ལུགས་མཐུན་བྱེད་དགོས་པ་དང་། ཆར་ཆུ་དང་བསྐྱར་བཟོས་ཆུ་བེད་སྤྱོད་གང་ལེགས་བྱས་ཏེ་གཤེར་སའི་སྐྱེ་ཁམས་ལ་དུས་དང་བསྟུན་ནས་ཆུ་གསབ་དགོས།
དོན་ཚན་སོ་ལྔ་པ། ཁྲིམས་འགལ་གྱིས་བཟུང་སྤྱོད་དང་། སྔོག་འདོན། གསར་སྦོལ། རྒྱོང་སུབ། བཙོག་འབུད་སོགས་ཀྱི་ལས་སྒོ་སྤེལ་ནས་གཤེར་སར་གཏོར་སྐྱོན་ཕོག་ཚེ། ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཁན་གྱིས་ངེས་པར་དུ་སླར་གསོ་བྱེད་འགན་འཁུར་དགོས། ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཁན་ལ་འགྱུར་བ་བྱུང་ཚེ། དེའི་བུ་ལོན་བསྒྱུར་དབང་དང་འཇལ་དབང་ཡོད་པའི་བྱེད་པོས་སླར་གསོ་བྱེད་འགན་འཁུར་དགོས།
རང་བྱུང་གནོད་འཚེ་ཚབས་ཆེན་བྱུང་བའི་རྐྱེན་གྱིས་གཤེར་སར་གཏོར་སྐྱོན་བྱུང་བ་དང་། དེ་བཞིན་གཤེར་ས་སླར་གསོའི་འགན་འཁྲིའི་བྱེད་པོ་མེད་པར་འགྱུར་བའམ་ཡང་ན་གཏན་འཁེལ་བྱེད་ཐབས་བྲལ་ཚེ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་སྒྲིག་འཛུགས་བྱས་ཏེ་སླར་གསོ་བྱེད་དགོས།
ལེའུ་ལྔ་པ། ལྟ་སྐུལ་དང་ཞིབ་བཤེར།
དོན་ཚན་སོ་དྲུག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གཤེར་ས་སྲུང་སྐྱོབ་ཀྱི་འཆར་འགོད་ལག་བསྟར་བྱས་ཚུལ་ལ་དུས་བཀག་བཞིན་ཞིབ་བཤེར་སྒྲིག་འཛུགས་བྱས་ཏེ་འབྲེལ་ཡོད་སྡེ་ཚན་གྱིས་གཤེར་ས་སྲུང་སྐྱོབ་ལས་དོན་ཡག་པོ་བསྒྲུབ་རྒྱུར་ལྟ་སྐུལ་བྱེད་དགོས།
ཤང་དང་གྲོང་རྡལ་མི་དམངས་སྲིད་གཞུང་དང་ཁྲོམ་གཞུང་དོན་གཅོད་ཁང་གིས་ངེས་པར་དུ་སྲིད་འཛིན་ས་ཁོངས་དེ་གའི་གཤེར་ས་སྲུང་སྐྱོབ་ཀྱི་དགོས་མཁོ་གཞིར་བཟུང་། འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་བྱས་ནས་གཤེར་སར་སྐོར་སྲུང་ལས་དོན་སྤེལ་བ་དང་། གཤེར་ས་སྐོར་སྲུང་གི་འགན་འཁུར་མཁན་ཁ་གསལ་བཟོ་དགོས།
གྲོང་ཚོ(ཡུལ་མི)ཨུ་ཡོན་ལྷན་ཁང་གིས་སྐོར་ཞིབ་བྱེད་པར་གཞོགས་འདེགས་བྱེད་འགན་ཁུར་ནས་གཤེར་སར་གཏོར་སྐྱོན་གཏོང་བའི་བྱེད་སྤྱོད་ཤེས་རྟོགས་བྱུང་ཚེ། ངེས་པར་དུ་བཀག་སྡོམ་བྱེད་དགོས་པ་མ་ཟད། གནས་སའི་ཤང་དང་གྲོང་རྡལ་མི་དམངས་སྲིད་གཞུང་དང་ཁྲོམ་གཞུང་དོན་གཅོད་ཁང་ངམ་ཡང་ན་ནགས་ལས་རྩྭ་ཐང་སོགས་འབྲེལ་ཡོད་སྡེ་ཚན་ལ་འཕྲལ་མར་སྙན་སེང་ཞུ་དགོས།
དོན་ཚན་སོ་བདུན་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ནགས་ལས་རྩྭ་ཐང་དང་། རང་བྱུང་ཐོན་ཁུངས། སྐྱེ་ཁམས་ཁོར་ཡུག སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན། ཆུའི་སྲིད་འཛིན། ཞིང་ལས་དང་གྲོང་གསེབ་སོགས་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་འགན་འཁྲི་ཁག་བགོས་གཞིར་བཟུང་། ཁྲིམས་ལྟར་ལྟ་སྐུལ་ཞིབ་བཤེར་གྱི་འགན་འཁྲི་བསྒྲུབས་ནས་གཤེར་སར་གཏོར་སྐྱོན་གཏོང་བའི་ཁྲིམས་འགལ་གྱི་བྱ་སྤྱོད་ཞིབ་བཤེར་ཐག་གཅོད་བྱེད་དགོས་ཤིང་། འབྲེལ་ཡོད་ཚན་པ་དང་མི་སྒེར་གྱིས་ངེས་པར་དུ་གཞོགས་འདེགས་བྱེད་དགོས་པ་ལས་དང་ལེན་མི་བྱེད་པ་དང་འགོག་རྐྱེན་བཟོ་བའི་རིགས་བྱེད་མི་ཆོག
དོན་ཚན་སོ་བརྒྱད་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གཤེར་ས་སྲུང་སྐྱོབ་ཀྱི་དམིགས་ཚད་འགན་འཁྲིའི་ལམ་ལུགས་བཟོས་ཏེ་གཤེར་ས་སྲུང་སྐྱོབ་བྱ་རྒྱུ་དེ་ལོ་འཁོར་གྱི་ཕྱོགས་བསྡུས་དཔྱད་ཞིབ་ཀྱི་དམིགས་ཚད་མ་ལག་དང་། ནགས་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་དཔྱད་ཞིབ་ནང་དོན་གྱི་ཁོངས་སུ་འཇུག་དགོས།
གཤེར་སར་གཏོར་སྐྱོན་གཏོང་བའི་གནད་དོན་མངོན་གསལ་དོད་པ་དང་། སྲུང་སྐྱོབ་ལས་དོན་སྤེལ་ཤུགས་མི་འདང་བ། མང་ཚོགས་ཀྱི་བསམ་འཆར་ཆེན་པོ་ཡོད་པ་བཅས་ཀྱི་ས་ཁུལ་ལ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་གཤེར་ས་གནས་སའི་མི་དམངས་སྲིད་གཞུང་གི་འགན་འཁུར་བ་གཙོ་བོར་སྐོང་འདྲི་བྱེད་དགོས།
དོན་ཚན་སོ་དགུ་པ། གཤེར་ས་སྲུང་སྐྱོབ་དང་། སླར་གསོ། དོ་དམ་བཅས་བྱས་ཚུལ་དེ་ངེས་པར་དུ་འགོ་ཁྲིད་ལས་བྱེད་པ་ལས་གནས་ནས་བྲལ་སྐབས་ཀྱི་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་རྩིས་བཤེར་བྱེད་པའི་ནང་དོན་ཁོངས་སུ་འཇུག་དགོས།
དོན་ཚན་བཞི་བཅུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ཞུ་སྦྱོར་ཐེར་འདོན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ཞུ་སྦྱོར་ཐེར་འདོན་གྱི་དྲ་རྟགས་དང་། ཁ་པར། འཕྲིན་གཏོང་གནས་རྟགས། གློག་རྡུལ་སྦྲག་བསྐུར་གནས་རྟགས་སོགས་ཡོངས་བསྒྲགས་བྱེད་དགོས། ཞུ་སྦྱོར་ཐེར་འདོན་འབྱོར་རྗེས་ངེས་པར་དུ་ཁྲིམས་ལྟར་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས་པ་མ་ཟད། ཞུ་སྦྱོར་ཐེར་འདོན་བྱེད་མཁན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་དགོས།
ལེའུ་དྲུག་པ། བཅའ་ཁྲིམས་ཀྱི་འགན་འཁྲི།
དོན་ཚན་ཞེ་གཅིག་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ནས་རིམ་ཁག་མི་དམངས་སྲིད་གཞུང་དང་དེ་བཞིན་ནགས་ལས་རྩྭ་ཐང་དང་། རང་བྱུང་ཐོན་ཁུངས། སྐྱེ་ཁམས་ཁོར་ཡུག སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན། ཆུའི་སྲིད་འཛིན། ཞིང་ལས་དང་གྲོང་གསེབ་སོགས་འབྲེལ་ཡོད་སྡེ་ཚན་གྱིས་གཤེར་ས་སྲུང་སྐྱོབ་དང་དོ་དམ་བྱ་རྒྱུའི་འགན་འཁྲི་མ་བསྒྲུབས་པར་འགན་དབང་གང་བྱུང་དུ་སྤྱོད་པ་དང་། རང་འགན་ཟོལ་འཇོག ཉེར་ཕྱོགས་གཡོ་ཟོལ་བཅས་བྱས་ཚེ། འགན་འཁྲི་ཡོད་མཁན་འགོ་ཁྲིད་དང་ཐད་ཀའི་འགན་འཁུར་མི་སྣར་ཁྲིམས་ལྟར་ཆད་པ་གཅོད་དགོས།
དོན་ཚན་ཞེ་གཉིས་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ནས་འཛུགས་སྐྲུན་རྣམ་གྲངས་རིགས་ལ་རང་སྐྱོང་ལྗོངས་རིམ་པའི་གལ་ཆེའི་གཤེར་སའམ་ཡང་ན་སྤྱིར་བཏང་གཤེར་ས་རང་དགར་བཟུང་སྤྱོད་བྱས་ཚེ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ནགས་ལས་རྩྭ་ཐང་སོགས་འབྲེལ་ཡོད་སྡེ་ཚན་གྱིས་འགན་འཁྲི་ཁག་བགོས་གཞིར་བཟུང་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཚམས་འཇོག་ཏུ་འཇུག་རྒྱུ་དང་། ཁྲིམས་འགལ་གྱིས་བཟུང་སྤྱོད་བྱས་པའི་གཤེར་སའི་ཐོག་ཨར་སྐྲུན་དངོས་པོ་དང་། བཟོ་བཀོད་དངོས་པོ། སྒྲིག་བཀོད་གཞན་དག་བཅས་གསར་སྐྲུན་བྱས་རིགས་དུས་བཀག་ནང་བཤིག་ཏུ་བཅུག་ནས་གཤེར་ས་སླར་གསོ་བྱེད་པའམ་ཡང་ན་གསབ་བཅོས་ཀྱི་བྱ་ཐབས་གཞན་དག་སྤྱོད་དགོས། རང་སྐྱོང་ལྗོངས་རིམ་པའི་གལ་ཆེའི་གཤེར་ས་བཟུང་སྤྱོད་བྱས་ཚེ། སྨི་ངོས་གྲུ་མ་རེར་སྒོར་ཆིག་སྟོང་ཡན་ནས་སྒོར་ལྔ་སྟོང་མན་གྱི་དངུལ་ཆད་འགེལ་རྒྱུ། སྤྱིར་བཏང་གི་གཤེར་ས་བཟུང་སྤྱོད་བྱས་ཚེ། སྨི་ངོས་གྲུ་མ་རེར་སྒོར་ལྔ་བརྒྱ་ཡན་ནས་སྒོར་ཉིས་སྟོང་མན་གྱི་དངུལ་ཆད་འགེལ་རྒྱུ། ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཁན་གྱིས་འཛུགས་སྐྲུན་བྱེད་མཚམས་མི་འཇོག་པའམ་ཡང་ན་དུས་བཀག་ལས་ཡོལ་ཡང་མ་བཤིག་ཚེ། སྲིད་འཛིན་ཆད་གཅོད་བྱེད་མཁན་སྡེ་ཚན་གྱིས་ཁྲིམས་ལྟར་མི་དམངས་ཁྲིམས་ཁང་ལ་བཙན་ཐབས་ཀྱིས་ལག་བསྟར་བྱེད་དུ་འཇུག་རྒྱུའི་རེ་ཞུ་བྱེད་དགོས།
དོན་ཚན་ཞེ་གསུམ་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ནས་སྲོལ་ཡིག་འདིའི་ནང་ཆད་གཅོད་གཏན་འབེབས་བྱས་མེད་པའི་བྱེད་སྤྱོད་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞན་དག་ནང་ཆད་གཅོད་གཏན་འབེབས་བྱས་ཡོད་ན་གཏན་འབེབས་དེ་བཞིན་ལག་བསྟར་བྱ་རྒྱུ།
ལེའུ་བདུན་པ། ཞར་བྱུང་དོན་ཚན།
དོན་ཚན་ཞེ་བཞི་པ། སྲོལ་ཡིག་འདི་2025ལོའི་ཟླ་2ཚེས་1ཉིན་ནས་བཟུང་ལག་བསྟར་བྱས་པ།
(བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས)
འབྲེལ་ཡོད་གསར་འགྱུར།