ཀརྨ་ཚེ་བརྟན་གྱིས་ལྷ་ས་གྲོང་ཁྱེར་དུ་སློབ་གསོའི་ལས་དོན་ལ་བརྟག་ཞིབ་དང་དགེ་རྒན་ལ་གཟིགས་ནས་འཚམས་འདྲི་གནང་བ།
ཟླ་9ཚེས་10ཉིན་ནི་དགེ་རྒན་དུས་ཆེན་ཐེངས་41པ་ཡིན་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་ལྷ་ས་གྲོང་ཁྱེར་དུ་སློབ་གསོའི་ལས་དོན་ལ་བརྟག་ཞིབ་དང་དགེ་རྒན་ལ་གཟིགས་ནས་འཚམས་འདྲི་གནང་བ་རེད།
ལྷ་ས་གྲོང་ཁྱེར་སློབ་འབྲིང་བརྒྱད་པར་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་སྲིད་གཞུང་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ཚབ་ཞུས་ནས་དགེ་རྒན་ལ་གཟིགས་ནས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པར་དུས་ཆེན་གྱི་འཚམས་འདྲི་དང་ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་ཞུས་པ་རེད། ཁོང་གིས། དགེ་རྒན་ནི་གནམ་འོག་གི་ཆེས་བླ་ན་མེད་པའི་ལས་རིགས་ཤིག་རེད། ཏང་ལ་མི་སྣ་གསོ་སྐྱོང་དང་རྒྱལ་ཁབ་ལ་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་ལས་འགན་ལྕི་པོ་ཕྲག་ཏུ་འཁུར་ཡོད། འགན་འཁྲི་གཟི་བརྗིད་ཆེ་ལ་ལས་འགན་ཧ་ཅང་ལྕི་པོ་ཡོད། ཚང་མས་སློབ་གསོ་མཁས་ཅན་པའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་བློ་འབྱེད་བློ་སྦྱོང་དང་སྣོད་བསྟུན་སློབ་ཁྲིད་ཀྱི་གཞི་རྩའི་འཇོན་ཐང་ལ་ཞུན་བརྡར་བྱས་ཏེ། དཔེ་ཁྲིད་མི་སྐྱོང་གི་ནུས་པ་མཐོ་རུ་རྒྱུན་ཆད་མེད་པར་གཏོང་བ་དང་། ཕྲུ་གུ་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་བར་བློ་རྩེ་གཅིག་སྒྲིམ་གྱིས་སེམས་ཁུར་དང་ཁྲིད་སྟོན་བྱས་ཏེ། ཏང་ཐུགས་བློ་བདེ་བ་དང་། རྒྱལ་གཅེས་ལེགས་སྐྱེས་ཕུལ་བ། མི་རིགས་བསྐྱར་དར་གྱི་ལས་འགན་ལྕི་པོ་འཁུར་ཐུབ་པ་བཅས་ཀྱི་དུས་རབས་ཀྱི་མི་གསར་དེ་བས་མང་བ་གསོ་སྐྱོང་བྱེད་པའི་རེ་བ་ཡོད་ཅེས་གསུངས་པ་རེད།
བསམ་བློ་ཆབ་སྲིད་སློབ་ཚན་ནི་མི་བཟང་གསོ་སྐྱོང་གི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པའི་འགག་རྩའི་སློབ་ཚན་ཞིག་རེད། ཀརྨ་ཚེ་བརྟན་གྱིས་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་གསོའི་སྐོར་གྱི་གནས་ཚུལ་ངོ་སྤྲོད་ཞིབ་ཕྲ་གསན་རྗེས། ཁོང་གིས། སློབ་གསོའི་ཆབ་སྲིད་ཀྱི་ངོ་བོ་དམ་འཛིན་ཡག་པོ་བྱས་ཏེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བློ་སྦྱོང་མི་སྐྱོང་མཐའ་འཁྱོངས་བྱེད་པ་དང་།བོད་ཀྱི་གསར་བརྗེའི་ཐོན་ཁུངས་དང་ལོ་རྒྱུས་རིག་གནས་ཀྱི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་རྐང་དུ་བྱས་ནས་བསམ་བློ་ཆབ་སྲིད་སློབ་ཚན་ཁྲིད་སྟངས་དང་། ནང་དོན། གཞི་རྟེན་བཅས་གསར་གཏོད་ཀྱིས་སློབ་མ་ཚོ་ལུས་ཁམས་བདེ་ཐང་ངང་འཚར་ལོངས་ཡོང་བར་དེ་བས་མཐོང་ཆེན་བྱས་ཏེ་སློབ་མ་ཕྱོགས་ཡོངས་ནས་ཡར་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
མཛེས་དཔྱད་རིག་པའི་སློབ་ཁང་དང་དཔེ་དེབ་ལྟ་ཀློག་ཁང་དུ། ཀརྨ་ཚེ་བརྟན་གྱིས་སློབ་མའི་ལག་ཤེས་བརྩམས་ཆོས་འགྲེམས་སྟོན་ལ་གཟིགས་པ་དང་། སློབ་མ་དང་བྱམས་བརྩེའི་གླེང་མོལ་གནང་ཁར། སློབ་ཁང་གཉིས་པ་དང་རིག་དཔལ་དར་བའི་སློབ་གླིང་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གཏིང་ཟབ་གནང་བ་རེད།
ཀརྨ་ཚེ་བརྟན་གྱིས་སློབ་གསོའི་མི་དམངས་ཀྱི་ངོ་བོར་དམ་འཛིན་ཡག་པོ་བྱས་ནས་གནད་ཁྱོན་ཟུང་འབྲེལ་གྱིས་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་ལུགས་མཐུན་བྱས་ཏེ། སློབ་གསོའི་ལས་དོན་ཐོག་མཐའ་བར་གསུམ་དུ་རྒྱ་ཆེའི་གྲོང་ཁྱེར་དང་གྲོང་གསེབ་མང་ཚོགས་ཀྱི་སྤུས་ལེགས་སློབ་གསོའི་དགོས་མཁོ་དང་གོམ་སྟབས་གཅིག་གྱུར་ཡོང་བའི་འགན་ལེན་བྱེད་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱས་ཏེ་ཁྲིམས་སྐྱོང་སློབ་གསོ་དང་བདེ་འཇགས་སློབ་གསོ་དེ་སློབ་གྲྭའི་རྒྱུན་གཏན་དོ་དམ་དང་སློབ་གསོ་སློབ་ཁྲིད་ལས་དོན་དང་མཉམ་འདྲེས་བྱས་ནས། སྤུས་ཚད་མཐོ་པོས་བདེ་འཇགས་ལྡན་པའི་སློབ་གྲྭ་བསྐྲུན་ཐོག ཕྲུ་གུ་ཚོ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་གཡས་གཞོགས་གཡོན་འདེགས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།