དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་ལྷ་སར་སློབ་གསོའི་ལས་དོན་ལ་བརྟག་ཞིབ་དང་དགེ་རྒན་གྱི་འཐུས་མིར་འཚམས་འདྲི་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-10

    དགེ་རྒན་དུས་ཆེན་ཐེངས་41པ་འཆར་ཉེའི་མཚམས་སུ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཟླ་9ཚེས་8ཉིན་ལྷ་སར་སློབ་གསོའི་ལས་དོན་ལ་བརྟག་ཞིབ་དང་དགེ་རྒན་གྱི་འཐུས་མིར་འཚམས་འདྲི་གནང་བ་རེད། ཁོང་གིས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པར་དུས་ཆེན་གྱི་བཀྲ་ཤིས་སྨོན་འདུན་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་ལྷ་ས་པེ་ཅིང་སློབ་འབྲིང་གི་དགེ་རྒན་གྱི་འཐུས་མི་ཀྲང་ཧྲན་ཡུས་ཀྱི་ཁྱིམ་དུ་ཁོང་ཚོའི་ལས་ཀ་དང་འཚོ་བའི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བཞིན་པ།

    དགེ་རྒན་དུས་ཆེན་ཐེངས་41པ་འཆར་ཉེའི་མཚམས་སུ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཟླ་9ཚེས་8ཉིན་ལྷ་སར་སློབ་གསོའི་ལས་དོན་ལ་བརྟག་ཞིབ་དང་དགེ་རྒན་གྱི་འཐུས་མིར་འཚམས་འདྲི་གནང་ཞིང་། ཁོང་གིས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པར་དུས་ཆེན་གྱི་བཀྲ་ཤིས་སྨོན་འདུན་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད། ཁོང་གིས། སློབ་གསོ་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་ཏན་དང་། ཏང་གི་སློབ་གསོའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར། སྤྱོད་བཟང་མི་སྐྱོང་གི་རྩ་བའི་ལས་འགན་དོན་འཁྱོལ་བཅས་བྱས་ནས། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་ཧུར་ཐག་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་སྐྲུན་དང་མཛེས་སྡུག་ལྡན་པའི་བོད་ཀྱི་ལེའུ་གསར་པ་རྩོམ་ཆེད་ལེགས་སྐྱེས་སྔར་བས་ཆེ་བ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

    སློབ་གསོས་བོད་ཀྱི་ད་ཆ་དང་འབྱུང་འགྱུར་གཏན་འཁེལ་བྱེད་ཀྱི་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སློབ་གསོའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་སློབ་གསོའི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུའི་འདུ་འགོད་ལག་ལེན་བསྟར་ཡོད།

    “ཁྱེད་ཚོ་དུས་ཆེན་སྤྲོ་པོ་ཡོང་བའི་སྨོན་འདུན་ཞུ་གི་ཡིན” ཝང་ཅུན་ཀྲེང་གིས་ལྷ་ས་པེ་ཅིང་སློབ་འབྲིང་གི་དགེ་རྒན་གྱི་འཐུས་མི་མིག་དམར་ཕན་ཐོགས་དང་ཀྲང་ཧྲན་ཡུས་ལ་འཚམས་འདྲི་གནང་བ་དང་། ཁོང་ཚོའི་ལས་ཀ་དང་འཚོ་བའི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་མ་ཟད། ཁོང་ཚོས་བློ་རྩེ་གཅིག་སྒྲིམ་གྱིས་སློབ་ཁྲིད་མི་སྐྱོང་དང་རྩ་གསོ་བློ་སྦྱོང་བྱས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཆེད་ཤེས་ལྡན་པ་གསོ་སྐྱོང་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད། ཝང་ཅུན་ཀྲེང་གིས་དགེ་རྒན་ནི་ཤེས་བྱ་ཡོན་ཏན་སློབ་ཁྲིད་བྱས་ནས་དོགས་གནད་སེལ་མཁན་ཞིག་རེད། སླད་ཕྱིན་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པས་མི་བཟང་གསོ་སྐྱོང་གི་རྩ་བའི་ལས་འགན་ལག་བསྟར་དོན་འཁྱོལ་གྱིས་དགེ་རྒན་གྱི་སྤྱོད་ཚུལ་འཛུགས་སྐྱོང་གི་སྣེ་འདྲེན་པ་དང་། སློབ་གསོ་སློབ་ཁྲིད་ཀྱི་སྣེ་ཁྲིད་པ། སློབ་མ་འཚར་ལོངས་ཀྱི་ལམ་སྟོན་པ་བཅས་ཡག་པོ་བྱས་ནས་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་ཤུགས་ཆེན་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། མིག་དམར་ཕན་ཐོགས་ཀྱི་ཕ་བློ་བཟང་ཡང་སྔོན་མ་དགེ་རྒན་ཡིན་ཞིང་། ཕ་དང་བུ་མོ་མི་རབས་གཉིས་ཀྱིས་གཅིག་རྒྱུན་གཅིག་གིས་འཛིན་ཏེ་བློ་རྩེ་གཅིག་ཏུ་བསྒྲིམས་ནས་སློབ་མ་གསོ་སྐྱོང་ལས་ལ་གཞོལ་བ་ཤེས་རྟོགས་བྱུང་རྗེས། ཝང་ཅུན་ཀྲེང་གིས་ཁོང་ཚོར་སློབ་གསོའི་བྱ་གཞག་ལ་མུ་མཐུད་དགའ་ཞེན་དང་བརྟན་སྲུང་བྱས་ཏེ། སློབ་མ་ཡར་རྒྱས་ཡོང་བའི་ཐེམ་སྐས་ཡག་པོ་བྱས་ནས་སློབ་གསོ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཁྲོད་དུ་སླར་ཡང་བྱས་རྗེས་གསར་པ་འཇོག་དགོས་པའི་སྐུལ་ལྕག་གནང་བ་རེད།

    བརྟག་ཞིབ་དང་འཚམས་འདྲི་གནང་རིང་། ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སློབ་གསོ་ནི་རྒྱལ་ཁབ་ཀྱི་ཇུས་ཆེན་དང་ཏང་གི་ཇུས་ཆེན་རེད། དེས་ན་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་། སྡེ་ཚན་ཁག ལྷག་པར་དུ་སློབ་གསོའི་ཁོངས་གཏོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ལས་དོན་སྤྱི་ཡོངས་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་ཀྱིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལོན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། མི་ཇི་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། མི་ཇི་ལྟར་གསོ་སྐྱོང་བྱེད་པ། སུའི་ཆེད་དུ་མི་གསོ་སྐྱོང་བྱེད་པ་བཅས་ཀྱི་རྩ་བའི་གནད་དོན་ལ་དམིགས་ཏེ། སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་མགྱོགས་མྱུར་འཛུགས་གཏོད་དང་། ཏང་དང་རྒྱལ་ཁབ་ལ་དགའ་ཞེན་ཆེ་བའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་ཧུར་ཐག་བྱས་ནས། བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ཤེས་ལྡན་པ་དང་རིག་སྟོབས་ཀྱི་འདེགས་སྐྱོར་ཆེན་པོ་མཁོ་འདོན་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། ཏང་གི་བྱ་གཞག་ལ་ཤུལ་འཛིན་པ་ཡོད་པ་དང་ཏང་གིས་བོད་དུ་ཡུན་རིང་སྲིད་འཛིན་པར་དམིགས་ནས་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་དང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་དུས་མཉམ་དུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། གཞོན་ནུ་ལོ་ཆུང་སློབ་མར་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ཀྱི་དྲིལ་བསྒྲགས་སློབ་གསོའི་ལས་དོན་རྒྱ་ཁྱབ་ཏུ་སྤེལ་བ། སློབ་མས་གོ་ཐུབ་པའི་སྐད་ཆ་དང་མཐོང་དགའ་ཉན་སྤྲོའི་བྱེད་ཐབས་སྤྱད་ནས་དུས་རབས་གསར་པའི་བོད་ཀྱི་གཏམ་རྒྱུད་ཡག་པོ་བཤད་དེ། རྒྱ་ཆེའི་གཞོན་ནུ་ལོ་ཆུང་ལ་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་པ་བཅས་ཀྱི་ཁྲིད་སྟོན་བྱེད་དགོས། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་དགོས་ཤིང་། བོད་ཀྱི་སློབ་གསོའི་བྱ་གཞག་ལ་འཕྲད་པའི་དུས་བབ་གསར་པ་དང་ལས་འགན་གསར་པ་ཚན་རིག་དང་མཐུན་པའི་སྒོ་ནས་ཁོང་དུ་ཆུད་པར་བྱེད་པ་དང་། མི་འབོར་དང་། མི་སེམས། ཤེས་ལྡན་པ་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཁྲོད་ཀྱི་སློབ་གསོའི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་པ། སློབ་གསོ་དེ་ཉིད་མི་འབོར་གྱི་བྱང་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞིའི་འདུ་འགོད་ཅིག་ཏུ་བརྩི་བ། མི་སེམས་གཅིག་སྒྲིལ་དང་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་ཁྲོད་ཁུར་བའི་སློབ་གསོའི་འགན་འཁྲི་གལ་ཆེན་འདོན་སྤེལ་ཡག་པོ་བྱེད་པ། རང་འགུལ་ངང་དེང་རབས་ཅན་འཛུགས་སྐྲུན་གྱི་བླང་བྱ་དང་འཚམ་པ་བཅས་བྱས་ཏེ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ནུས་ལྡན་ཞུ་བའི་སློབ་གསོའི་ནུས་པ་རྒྱུན་མཐུད་ཆེ་རུ་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། སློབ་གསོ་ཕྱོགས་བསྡུས་སྒྱུར་བཅོས་ཟབ་གཏོང་། སློབ་གསོའི་ཐོན་ཁུངས་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག བོད་ལྗོངས་འཛིན་གྲྭའི་གྲུབ་ཚུལ་ལེགས་སུ་དང་བོད་ལྗོངས་འཛིན་གྲྭའི་སྤུས་ཚད་མཐོ་རུ་གཏོང་བ། རྨང་གཞིའི་སློབ་གསོ་རྒྱ་བསྐྱེད་ལེགས་གཏོང་དང་སྤུས་ཚད་མཐོ་རུ་གཏོང་རྒྱུ་ལག་བསྟར་ཤུགས་ཆེན། སློབ་གསོའི་སྤྱི་པའི་ཞབས་ཞུའི་སྤུས་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་གཏོང་། མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ལེགས་གཉེར་བཅས་བྱས་ནས། སློབ་གསོའི་བྱ་གཞག་འཕེལ་རྒྱས་ཀྱི་ཕན་པ་མི་དམངས་མང་ཚོགས་ལ་དེ་བས་མང་བ་དང་དེ་བས་དྲང་གཞག་ངང་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས། རྒྱ་ཆེའི་དགེ་རྒན་ཚོས་སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་ཡང་དག་པའི་སློབ་གསོའི་སྟོན་ཕྱོགས་མཐའ་འཁྱོངས་བྱེད་དགོས་ཤིང་། རྣམ་དག་གི་བློ་ཞིག་ཁྱེར་ནས་མི་ཚེའི་སྣེ་ཁྲིད་པ་ཡག་པོ་ཞིག་དང་། གཞུང་དྲང་གི་བློ་ཞིག་ཁྱེར་ནས་ཀུན་སྤྱོད་ཀྱི་དཔེ་སྟོན་པ་ཡག་པོ་ཞིག བཟོ་བོའི་བློ་ཞིག་ཁྱེར་ནས་ཤེས་བྱ་བརྒྱུད་སྤྲོད་ཡག་པོ་ཞིག སྙིང་རྗེའི་བློ་ཞིག་ཁྱེར་ནས་བརྩེ་བ་ཆེན་པོ་ལག་ལེན་པ་ཡག་པོ་ཞིག་བཅས་བྱས་ནས“ཡོད་པ་བཞིའི”དགེ་རྒན་ཡག་པོ་ཞིག་བྱེད་པའི་བརྩོན་ལེན་བྱས་ཏེ། དགེ་རྒན་གྱི་ཀུན་སྤྱོད་བཟང་བ་དང་། ལས་སྒོ་ཕུལ་དུ་བྱུང་བ། གྲུབ་ཆ་ལུགས་དང་མཐུན་པ། གསོན་ཤུགས་ཆེ་བ་བཅས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དགེ་རྒན་དཔུང་ཁག་ཅིག་ཧུར་ཐག་གཏོད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གིས་སློབ་གསོའི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ་དང་། ཏང་ཨུད་ཀྱི་གཅིག་གྱུར་འགོ་ཁྲིད་དང་། ཏང་སྲིད་ཀྱིས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ། སྡེ་ཚན་སོ་སོས་རང་འགན་གཙང་སྒྲུབ་བཅས་ཀྱི་སློབ་གསོའི་འགོ་ཁྲིད་སྒྲིག་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། སློབ་གསོ་འཕེལ་རྒྱས་གཏོང་རྒྱུ་དེ“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ནང་གི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས། རང་ལྗོངས་ཀྱི་སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། དགེ་རྒན་འཚར་ལོངས་དང་ཡར་རྒྱས་ཡོང་བར་སེམས་ཁུར་བྱེད་པ་དང་དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་རྣམ་པ་ཟབ་མོ་བཏོད་དེ། རྒྱ་ཆེའི་དགེ་རྒན་ཚོ་བློ་བདེ་པོ་དང་། སྤྲོ་སེམས་ཆེན་པོ། བག་ཕེབས་པོ། སེམས་ལྷོད་པོ་བཅས་ཀྱི་སྒོ་ནས་སློབ་ཁྲིད་ལས་ལ་གཞོལ་ནས། སློབ་གསོ་དེང་རབས་ཅན་མགྱོགས་སུ་གཏོང་བ་དང་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།

    ཝང་ཅུན་ཀྲེང་གིས་ད་དུང་ལྷ་ས་སློབ་གསོ་གྲོང་ལ་གཟིགས་ཞིབ་གནང་སྟེ། རྣམ་གྲངས་འཆར་འགོད་འཛུགས་སྐྲུན་དང་ཨར་ལས་མྱུར་ཚད་སོགས་ཀྱི་གནས་ཚུལ་སྐོར་གྱི་སྙན་ཞུ་གསན་པ་མ་ཟད། ཨར་ལས་ཚན་པ་དང་ལྟ་སྐུལ་དོ་དམ་ཚན་པའི་འགན་འཁུར་བ་དང་སྤེལ་རེས་གཏིང་ཟབ་ཀྱང་གནང་ཞིང་། ཁོང་གིས་འཆར་འགོད་ཆུ་ཚད་མཐོ་རུ་གཏོང་བ་དང་། སློབ་ར་ཇུས་འགོད་ལེགས་པར་བྱེད་པ། འགྲོ་ལམ་དང་། དྲོད་གཏོང་། ཆ་འཕྲིན་ཅན་སོགས་རྨང་གཞིའི་སྒྲིག་བཀོད་ལེ་ལག་ཚང་བའི་འཆར་འགོད་ཡག་པོ་བྱེད་པ། རྣམ་གྲངས་སྐུལ་གཏོང་ལ་དམ་འཛིན་ནན་པོ་བཅས་བྱས་ནས་ཆུ་ཚད་མཐོ་བའི་དེང་རབས་ཅན་གྱི་སློབ་གསོ་གླིང་འཛུགས་སྐྲུན་བྱེད་དགོས། སྤུས་ཚད་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། སྤུས་ཚད་ཨང་དང་པོར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། ཨར་ལས་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། ལས་གྲྭའི་བདེ་འཇགས་དང་སྤུས་ཚད་ལ་ལྟ་སྐུལ་དོ་དམ་བྱེད་པའི་འགག་སྒོ་ནན་སྲུང་བཅས་བྱས་ཏེ། ལོ་རྒྱུས་ཀྱི་ཚོད་བགམ་ཐེག་པའི་སྤུས་ལེགས་དང་། བདེ་འཇགས། སྤྱོད་གཙང་། རྩེ་གྲ་བཅས་ཀྱི་ལས་གྲྭ་ནུས་ཤུགས་ཡོད་རྒྱུས་སྐྲུན་དགོས་ཞེས་བསྟན་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།