ཝང་ཅུན་ཀྲེང་གིས་དྲིལ་བསྒྲགས་ཁོངས་གཏོགས་དང་སྨྱན་སྦྱོར་གཙོ་བོའི་འགན་འཁུར་བློ་མཐུན་དང་བཞུགས་མོལ་གནང་བ།
དྲང་ནུས་དར་སྤེལ་གཏོང་བ་དང་། གསུང་སྒྲ་ཡག་པོ་བརྒྱུད་བསྒྲགས་བྱེད་པ། དུས་རབས་གསར་པའི་བོད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་མགྱོགས་མྱུར་བསྐྲུན་ཆེད་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་གཏོད་དགོས།
ཟླ་9ཚེས་5ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་དྲིལ་བསྒྲགས་ཁོངས་གཏོགས་དང་སྨྱན་སྦྱོར་གཙོ་བོའི་འགན་འཁུར་བློ་མཐུན་དང་བཞུགས་མོལ་གནང་ཞིང་། ཁོང་གིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དྲང་ནུས་དར་སྤེལ་གཏོང་བ་དང་། གསུང་སྒྲ་ཡག་པོ་བརྒྱུད་བསྒྲགས་བྱེད་པ། དུས་རབས་གསར་པའི་བོད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་མགྱོགས་མྱུར་བསྐྲུན་ཆེད་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།
བཞུགས་མོལ་གནང་རིང་། དྲིལ་བསྒྲགས་ཁོངས་གཏོགས་དང་སྨྱན་སྦྱོར་གཙོ་བོའི་འགན་འཁུར་བས་སྔ་རྗེས་སུ་གཏམ་བཤད་སྤེལ་ཏེ། ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས་མྱོང་ཚོར་གླེང་བ་དང་གྲོས་འགོ་བཏོན་པ་རེད། ཝང་ཅུན་ཀྲེང་གིས་གཏམ་བཤད་གསན་གྱིན་ཟིན་བྲིས་འགོད་ནས་ཚང་མ་དང་སྤེལ་རེས་ཡང་ཡང་གནང་ཞིང་། ཁོང་གིས། འདི་ལོ་ཚུན་དུ། རིམ་ཁག་དྲིལ་བསྒྲགས་ཁོངས་གཏོགས་དང་སྨྱན་སྦྱོར་གྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་བྱེད་པར་དམིགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བཀོད་སྒྲིག་གཞིར་བཟུང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་2025ལོའི་དཔྱིད་གསར་མཚན་ཚོགས་ལྷ་ས་ཡན་ལག་ཚོགས་ར་དང་། དིང་རི་རྫོང་གི་ཡོམ་འགོག་གེགས་སེལ་དང་སླར་གསོ་བསྐྱར་སྐྲུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་གྲོང་མི་ཡོངས་ལ་སྤྲིངས་པའི་འཕྲིན་ལན་བཅས་དང་། ལྷག་པར་དུ་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བ་སོགས་དོན་གནད་གལ་ཆེན་དང་། བརྗོད་དོན་གཙོ་བོ་གལ་ཆེན། བྱེད་སྒོ་གལ་ཆེན་བཅས་ལ་དམིགས་ཏེ། ནུས་ལྡན་གྱི་ལས་དོན་འབོར་ཆེན་ཧུར་ཐག་བསྒྲུབས་པ་དང་། དོན་སྙིང་ལྡན་པ་དང་། ནང་དོན་ཟབ་པ། མི་སེམས་དྲོ་བ། ཁྱད་ཆོས་ལྡན་པ་བཅས་ཀྱི་དྲིལ་བསྒྲགས་འཕྲིན་སྤེལ་རབ་དང་རིམ་པ་བྱས་ནས། འཛམ་གླིང་གིས་བོད་ལྗོངས་ཤེས་རྟོགས་དེ་བས་མང་བ་བྱེད་པ་དང་བོད་ལྗོངས་ཀྱིས་འཛམ་གླིང་གི་ཕྱོགས་སུ་དེ་བས་མགྱོགས་པའི་གོམ་སྟབས་སྤོས་ཡོད་ཅེས་གསུངས། ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་ཁོང་ཚོ་དང་ཁོང་ཚོ་བརྒྱུད་རིམ་ཁག་དྲིལ་བསྒྲགས་ཁོངས་གཏོགས་དང་སྨྱན་སྦྱོར་གྱིས་ལེགས་སྐྱེས་ཧུར་ཐག་ཕུལ་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམ་ཁག་དྲིལ་བསྒྲགས་ཁོངས་གཏོགས་དང་སྨྱན་སྦྱོར་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་ཏང་གི་རིགས་པའི་གཞུང་ལུགས་དྲིལ་བསྒྲགས་དང་འགྲེལ་བཤད་རྒྱག་མཁན་སྣེ་ཁྲིད་པ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་རྒྱུན་ཆད་མེད་པར་གཏིང་ཟབ་ཕྱོགས་སུ་ཁྲིད་སྟོན་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བདེན་དོན་གྱི་སྟོབས་ཤུགས་ཆེན་པོ་དང་ཐུན་མོང་མ་ཡིན་པའི་བསམ་པའི་ཡིད་དབང་འཕྲོག་ཤུགས་ལག་ལེན་ཁྲོད་མངོན་ཡོད། དེ་ནི་ལག་ལེན་གྱི་ཞིབ་དཔྱད་བརྒྱུད་པ་དང་ལག་ལེན་གྱི་སྟོབས་ཤུགས་ཆེན་པོ་ལྡན་པའི་བསམ་བློའི་གོ་མཚོན་སྟོབས་ཆེན་ཞིག་ཡིན་པས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རང་རྟོགས་ངང་སློབ་སྦྱོང་བྱ་རྒྱུ་དེ་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པ་དང་། ལྟེ་བའི་དོན་སྙིང་དང་ལག་ལེན་གྱི་བླང་བྱ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་ཁོང་དུ་ཆུད་པར་བྱེད་པ། དེའི་ནང་འདུས་པའི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཧུར་ཐག་ཆུད་པ་བཅས་བྱས་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། དྲིལ་བསྒྲགས་ཀྱི་བྱེད་ཐབས་གསར་གཏོད་བྱས་ནས་ལྟོ་གོས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་ལ་བསམ་བློའི་གནད་དོན་ཡང་ཐག་གཅོད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བ་དང་དང་ལེན་བྱེད་སླ་བའི་བྱེད་ཐབས་སྤྱོད་པ། མང་ཚོགས་དང་འབྲེལ་འདྲིས་ཐུབ་པ་དང་གསོན་ཉམས་དོད་པའི་གསར་འགྱུར་དྲིལ་བསྒྲགས་ལས་དོན་སྤེལ་བ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་གཞི་རིམ་དང་མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་ཁྲོད་དྲིལ་བསྒྲགས་བཅས་བྱས་ནས། རྒྱ་ཆེའི་ཞིང་འབྲོག་པས་སྔར་བས་རང་རྟོགས་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྤྱི་ཡོངས་ལ་གཞི་ཚུགས་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་གྱི་ལག་ལེན་པ་བྱས་ཏེ་ཕྱོགས་ཡོངས་དང་། ཕྱོགས་བསྡུས། ཟུར་མང་བཅས་ཀྱི་སྒོ་ནས་དུས་རབས་གསར་པའི་བོད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་དགོས། ལས་ཀའི་བརྗོད་དོན་གཙོ་བོ་དང་གཙོ་རྐང་ལ་དམིགས་ནས་བོད་ཀྱིས་བློ་བརྟན་འགྱུར་མེད་ངང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་གྱི་གསོན་ཉམས་དོད་པའི་ལག་ལེན་དྲིལ་བསྒྲགས་གཏིང་ཟབ་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་དང་མི་རིགས་ཁག་གི་མི་དམངས་ཀྱི་བསམ་པའི་ཉམས་འགྱུར་བཟང་པོ་དྲིལ་བསྒྲགས་གཏིང་ཟབ་བྱེད་པ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག མི་དམངས་མང་ཚོགས་ཀྱི་འབད་འཐབ་རླབས་པོ་ཆེ་དང་བདེ་སྐྱིད་ལྡན་པའི་འཚོ་བ་དྲིལ་བསྒྲགས་གཏིང་ཟབ་བྱེད་པ། མི་དམངས་མང་ཚོགས་ཁྲོད་ཐོན་པའི་སྔོན་ཐོན་དཔེ་མཚོན་དང་མི་སེམས་འགུལ་བའི་བྱས་རྗེས་སྤེལ་གཏོང་མང་པོ་བཅས་བྱས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་མཁས་མཛངས་ཡང་དག་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ཆེན་པོ་གང་ལེགས་མངོན་པར་བྱེད་དགོས། ཁྱད་ལྡན་ལ་གཞི་ཚུགས་ནས་གཙོ་གནད་མངོན་གསལ་དོད་དུ་བཏང་སྟེ་རང་སྐྱོང་ལྗོངས་ཀྱིས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞི་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པའི་བྱེད་ཐབས་གལ་ཆེན་དང་། ཕན་འབྲས་བཟང་པོ། རང་འགུལ་ཇུས་འགོད། སྒྲིག་འཛུགས་ཞིབ་ཚགས་བཅས་ལ་དམིགས་ནས་གངས་ལྗོངས་ས་མཐོའི་ཚ་ཚ་འུར་འུར་གྱི་ལག་ལེན་དེ་པར་ནང་བཀོད་པ་དང་། ཡིག་ཐོག་ཏུ་བཀོད་པ། དྲ་རྒྱ་དང་སྦྲེལ་མཐུད་བྱས་ནས་གསར་འགྱུར་ཡག་པོ་དང་། བརྩམས་ཆོས་ཡག་པོ། གསུང་སྒྲ་ཡག་པོ་བཅས་སྔར་བས་མང་བ་བཏོན་ཏེ། བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ་དང་དྲང་ནུས་གཅིག་སྒྲིལ་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་གྱི་བོད་ཀྱི་གཏམ་རྒྱུད་སྔར་བས་ངོ་མཚར་ཆེ་བ་དང་། དེ་བས་གསོན་ཉམས་དོད་པ། དེ་བས་མི་སེམས་ལ་ཟུག་པ་བཅས་ཀྱི་སྒོ་ནས་ཡག་པོ་ཤོད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། དྲང་ནུས་དར་སྤེལ་ཧུར་ཐག་བཏང་ནས་མཐུན་སྒྲིལ་དང་། བརྟན་ལྷིང་། ངར་ཤུགས་གཅིག་སྒྲིམ་བཅས་ཀྱི་གླེང་ཕྱོགས་ཀྱི་རྣམ་པ་གཏོད་མཁན་ཞིག་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་གཏོད་དགོས། མཐུན་སྒྲིལ་དང་། བརྟན་ལྷིང་། ངར་ཤུགས་གཅིག་སྒྲིམ། དྲང་ཕྱོགས་དྲིལ་བསྒྲགས་བཅས་གཙོ་བོ་མཐའ་འཁྱོངས་བྱེད་པ་དང་། སྲོལ་གསར་སྤྱོད་བཟང་དང་ངར་ཤུགས་འབད་འཐབ་ཀྱི་བློ་སྟོབས་སྐྱེད་སྲིང་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང“ལམ་གཉིས”ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། དཔེ་མཚོན་གྱི་ལམ་སྟོན་པར་ཤུགས་སྣོན་རྒྱག་པ། ཉེ་འགྲམ་གྱི“དུས་རབས་ཀྱི་མིག་དཔེ”དང་ཀུན་སྤྱོད་དཔེ་བཟང་བ་དྲིལ་བསྒྲགས་ཧུར་ཐག་བཅས་བྱས་ཏེ་མིག་དཔེའི་སྟོབས་ཤུགས་ལས་མི་སེམས་ལ་སྐུལ་མ་ཐེབས་པར་བྱེད་དགོས། འབད་འབུངས་མདུན་སྐྱོད་དང་ཡར་ཐོན་གྱི་རྣམ་པ་གཏོད་པ་དང་། གསར་འགྱུར་གླེང་ཕྱོགས་ཀྱི་ལྟ་སྐུལ་ནུས་པ་འདོན་པ། ས་གནས་ས་ཐོག་ཏུ་བཅར་འདྲི་བྱེད་པ། བརྟག་དཔྱད་ཞིབ་འཇུག་བཅས་བྱས་ནས་བསམ་འཆར་དང་གྲོས་འགོ་འདོན་དགོས། སྤྱི་ཚོགས་ཐོག་གི་གླེང་མང་བ་དང་དཀའ་གནད་ཀྱི་གནད་དོན་ཁྲིད་སྟོན་དུ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། དོ་ཁུར་ལ་ལན་ཧུར་ཐག་སློག་པ། འཕེལ་རྒྱས་ཀྱི་ཡིད་ཆེས་འཕེལ་བ་བཅས་བྱས་ནས་སྲོལ་བཟང་སྤྱོད་བཟང་དང་ངར་ཤུགས་ལས་སྒྲུབ་ཀྱི་རྣམ་པ་སྲ་བརྟན་དུ་གཏོང་ཆེད་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་སྐྲུན་དགོས།
འབྲེལ་ཡོད་གསར་འགྱུར།