ཀརྨ་ཚེ་བརྟན་གྱིས་ནག་ཆུ་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།
ཟླ་9ཚེས་3ཉིན་ནས་ཚེས་5ཉིན་བར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་ནག་ཆུ་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ་རེད།
བསྟན་པ་བརྟག་ཞིབ་ཁག་གཅིག་ནང་ཞུགས་པ་རེད།
སོག་རྫོང་དང་སྦྲ་ཆེན་རྫོང་དུ། ཀརྨ་ཚེ་བརྟན་གྲོང་གསེབ་དང་། ཞིང་ནང་མུ་ཁ། ཞིང་འབྲོག་མང་ཚོགས་ཀྱི་ཁྱིམ་བཅས་སུ་བསྐྱོད་དེ། ངོ་ཐུག་གདོང་འཕྲད་ངང་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། བོད་ཀྱི་ལས་དོན་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན། དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་བཅས་སྒྲོག་འགྲེལ་གནང་ཞིང་། ཁོང་གིས། ཞིང་འབྲོག་མང་ཚོགས་ཉེ་འགྲམ་གྱི་མིག་མཐོང་ལག་ཟིན་གྱི་འཕོ་འགྱུར་ཆེན་པོར་བརྟེན་ནས་ཚང་མར་ཆུ་འཐུང་དུས་ཆུ་འགོ་དྲན་པར་བྱས་ཏེ། “བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་།
གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་ཡིན”ཞེས་པའི་དད་སེམས་དེ་སྙིང་དབུས་སུ་འཆང་བ་དང་ཁྲག་རྩའི་ནང་སིམ་པར་བྱས་ཐོག བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་པ་དང་། ལས་ལ་བརྩོན་པའི་ལག་ཟུང་ལ་བརྟེན་ནས་སྔར་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་དགོས་པའི་ལྕག་སྐུལ་གནང་བ་རེད། ཀརྨ་ཚེ་བརྟན་གྱིས་གཞི་རིམ་གྱི་ལས་དོན་པས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་འཐབ་ས་དང་པོར་བསྐྱོད་ནས་མང་ཚོགས་ཉེ་འགྲམ་གྱི་དོན་དག་ཆུང་ཙག་རེ་རེ་དོན་ཆེན་གཙོ་བོར་བརྩིས་ཏེ་གནད་སྨིན་དང་། ཞིབ་ཚགས། ཏན་ཏིག་བཅས་ཀྱི་སྒོ་ནས་བསྒྲུབས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་སྐྱིད་སྣང་དང་བློ་ཡིད་ཚིམ་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་དམངས་འཚོའི་དྲོ་སྐྱིད་སྔར་བས་ཚོར་ཐུབ་པ་དང་ལོངས་སྤྱོད་ཐུབ་པར་བྱེད་དགོས་པའི་མངགས་བཅོལ་གནང་བ་རེད།
དགའ་བདེ་སྐྱེ་ཁམས་ཕྱུགས་ལས་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིར་ཀརྨ་ཚེ་བརྟན་གྱིས་རྩྭ་རར་གཟིགས་པ་དང་། ཐོན་རྫས་སྐོར་བཀའ་འདྲི་གནང་བ། ངོ་སྤྲོད་གསན་པ་བཅས་ཀུང་སིའི་གཉེར་སྐྱོང་དོ་དམ་གྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་ཁེ་ལས་ཀྱི་གཉེར་སྐྱོང་བར་ཁྲོམ་རའི་དགོས་མཁོར་གཞིགས་ཏེ་སྤུས་ཚད་ཨང་དང་པོར་འཇོག་པ་མཐའ་འཁྱོངས་དང་སྤུས་རྟགས་ཡག་ཤོས་གཏོད་པ་དང་། སྤུས་ལེགས་ཀྱི་ཐོན་རྫས་དང་ཞབས་ཞུར་བརྟེན་ནས་ཁྲོམ་རའི་འགྲན་རྩོད་ཀྱི་རང་འགུལ་དབང་ཆ་ལག་ཏུ་བཟུང་སྟེ་ཁེ་ལས་སྟོབས་ཆེན་དང་། ཡག་པོ། ཆེན་པོ་བཅས་གཉེར་དགོས་པ་དང་། ཞིང་འབྲེལ་ཞིང་ཁྲིད་ཀྱི་ཁེ་ཕན་འབྲེལ་མཐུད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་སྒོ་ཕྱུགས་དང་ཁྱིམ་བྱའི་གྲུབ་ཚུལ་ཐད་ཀྱི་སྣེ་འདྲེན་ཁེ་ལས་ཀྱི་སྣེ་ཁྲིད་དང་སྐུལ་ཁྲིད་ཀྱི་ནུས་པ་འདོན་པ་དང་། མང་ཚོགས་ལ་རྒྱུན་མཐུད་འབབ་འཕར་ཕྱུག་འགྱུར་ཡོང་བར་རམ་འདེགས་བྱས་ཏེ་རྒྱ་ཆེའི་ཞིང་འབྲོག་པ་སྔར་བས་མང་བར་ཐོན་ལས་རིན་འཕར་གྱི་ཕན་འབྲས་ལོངས་སུ་སྤྱོད་ཐུབ་པ་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད།
ཀྲུང་གོའི་ས་བབ་མཐོ་ཤོས་ཀྱི་གྲོང་ཁྱེར་ཡིན་པའི་ནག་ཆུ་ནི་གཙང་པོ་དང་ཆུ་བོ་མང་པོའི་ཆུ་འགོ་རེད། ཀརྨ་ཚེ་བརྟན་གྱིས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་གི་འབྲེལ་བ་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད་གལ་ཆེན་ཡིན་པའི་མཚོ་བོད་ས་མཐོ་སྲུང་སྐྱོང་ཡག་པོ་བྱེད་དགོས་པ་དང་། ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བློ་བརྟན་འགྱུར་མེད་ངང་སྐྱོད་པ་དང་ཁྱད་ལྡན་ལེགས་ལྡན་ཐོན་ལས་ཀྱི་བཟང་སྤེལ་ཞན་གསབ་མགྱོགས་སུ་བཏང་ནས་སྐྱེ་ཁམས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་སྒྱུར་དགོས། ནུས་ལྡན་གྱི་ཁྲོམ་ར་དང་བྱས་པ་ཅན་གྱི་སྲིད་གཞུང་ཟུང་འབྲེལ་སྔར་བས་ཡག་པོ་ཐུབ་པར་སྐུལ་འདེད་གཏོང་བར། ཁྲོམ་རའི་དགོས་མཁོའི་ཕྱོགས་སྟོན་མཐའ་འཁྱོངས་ཀྱིས་ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་གང་ལེགས་འདོན་དགོས་ལ། སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ས་ཁོངས་ཀྱི་བཀོད་པ་ལེགས་སུ་གཏོང་བ་དང་། ཐོན་ལས་འཕེལ་རྒྱས་ཀྱི་ཞན་ཆ་གང་མགྱོགས་བསབས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་ལེགས་ཆ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།