རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་རེས་སྐོར་བདུན་པའི་སྐོར་ཞིབ་བྱས་ཚུལ་གྱི་ལན་སྤྲོད་ལེགས་གྲུབ་ཟིན་པ།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། 2025ལོའི་ཟླ་9ཚེས་2ཉིན་ནས་ཚེས་4ཉིན་བར། སྐོར་ཞིབ་ཚོགས་ཆུང་ཁག་གིས་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་རེས་སྐོར་བདུན་པའི་སྐོར་ཞིབ་བྱ་ཡུལ་ནག་ཆུ་གྲོང་ཁྱེར་དང་། མངའ་རིས་ས་ཁུལ། དེ་བཞིན་ཁོངས་གཏོགས་རྫོང(ཆུས)དང་། དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་གཞུང་དོན་ཐིང་དང་། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་མངའ་རིས་ཡན་ལག་ཁང་སོགས་ས་གནས་དང་ཚན་པ་22ཀྱི་ཏང་རྩ་འཛུགས་ལ“གཅིག་གཏད་གཅིག”གི་ས་གནས་ས་ཐོག་ཏུ་ལན་སྤྲད་པ་རེད། རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་དང་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་འབྲེལ་ཡོད་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐོར་ཞིབ་ཚོགས་ཆུང་ཁག་གི་ཙུའུ་ཀྲང་ལན་སྤྲོད་ཚོགས་འདུར་ཞུགས་པ་དང་། ལན་སྤྲོད་ཚོགས་འདུ་མ་འཚོགས་གོང་། སྐོར་ཞིབ་བྱ་ཡུལ་ཏང་རྩ་འཛུགས་ཁག་གི་འགན་འཁུར་བ་གཙོ་བོར་ལོགས་སུ་ལན་སྤྲད་པ་རེད།
ལན་སྤྲོད་རིང་། སྐོར་ཞིབ་བྱ་ཡུལ་གྱི་ཏང་རྩ་འཛུགས་ལ་གནས་པའི་མངོན་གསལ་དོད་པའི་གནད་དོན་སྒམ་ནན་ངང་བཏོན་ཞིང་། ཏང་རྩ་འཛུགས་ལ་ལ་རིགས་པའི་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་བྱུང་མེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ཧེ་བག་ཡོད་པ་དང་། ཏང་རྩ་འཛུགས་ལ་ལ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པར་ཧེ་བག་ཡོད་པ་དང་། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི”བྱ་ཐབས་ལ་སྐུལ་འདེད་གཏིང་ཟབ་བཏང་མེད་པ་དང་ཕན་འབྲས་ཡག་པོ་ཐོན་མེད་པ། ལ་ལར་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲི་སྒྲུབ་པའི་ཐད་ཞན་ཆ་ཡོད་པ་དང་། གཙོ་གནད་ལས་གནས་དང་འགག་རྩའི་ལྷུ་ཚིགས་ཀྱི་སྲིད་གཙང་ཉེན་ཁ་འགོག་ཟོན་ལ་སྔར་བས་ཤུགས་སྣོན་དང་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ཐད་སྔར་བས་ཤུགས་སྣོན་རྒྱག་དགོས་པ། ལ་ལར་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དོན་འཁྱོལ་ཐད་ཧེ་བག་ཡོད་པ་དང་། ཏང་གི་དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་བྱེད་པ་ད་དུང་ཚད་ལྡན་མེད་པ་དང་། “འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་། ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པའི”མི་སྤྱོད་ཕྱོགས་སྟོན་ད་དུང་གསལ་པོ་མེད་པ། ལ་ལ་སྐོར་ཞིབ་སོགས་ཀྱི་ལྟ་སྐུལ་ཚུར་ལན་གནད་དོན་དག་ཐེར་དོན་འཁྱོལ་མཐར་ཕྱིན་བྱུང་མེད་པ་དང་དག་ཐེར་གྱི་ཕུགས་ཕན་ལམ་སྲོལ་འཐུས་ཚང་མེད་པ་བཅས་རེད།
ལན་སྤྲོད་རིང་། སྐོར་ཞིབ་བྱས་ནས་གནད་དོན་ཤེས་རྟོགས་བྱེད་པའི་རྩ་བའི་དམིགས་ཡུལ་ནི་གནད་དོན་ཐག་གཅོད་བྱེད་རྒྱུ་དེ་རེད། སྐོར་ཞིབ་བྱ་ཡུལ་ཏང་རྩ་འཛུགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་སྐོར་ལ་གནང་བའི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ལ་དམ་འཛིན་ཡག་པོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་ལྷག་པར་དུ་སྐོར་ཞིབ་དག་ཐེར་སྐོར་གྱི་མཛུབ་སྟོན་དང་བླང་བྱ་གལ་ཆེན་སློབ་སྦྱོང་ལག་བསྟར། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བཅས་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་སྐོར་ཞིབ་གནས་ཚུལ་གྱི་སྙན་སེང་གསན་སྐབས་གནང་བའི་གསུང་བཤད་ཀྱི་བླང་བྱར་གཞིགས་ནས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་སྐོར་ཞིབ་དག་ཐེར་དེ་ཉིད་ཆབ་སྲིད་ཀྱི་ལས་འགན་ནན་པོར་བརྩིས་ནས་དམ་འཛིན་ནན་པོ་དང་ཏན་ཏིག་བྱེད་དགོས་པའི་ནན་བཤད་བྱས་པ་རེད།
ལན་སྤྲོད་རིང་། ལྟ་སྐུལ་ནན་པོར་བརྟེན་ནས་དག་ཐེར་ཕྱོགས་ཁག་གི་འགན་འཁྲི་ནན་དུ་གཏོང་དགོས། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་དག་ཐེར་ལ་རྒྱུན་ལྡན་ནས་ལྟ་སྐུལ་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་སྒྲིག་སྲོལ་དང་། སྒྲིག་ཁྲིམས། བཅའ་ཁྲིམས་བཅས་ལ་གཞིགས་ཏེ་སྐོར་ཞིབ་བྱས་ནས་རྩིས་སྤྲད་པའི་གནད་དོན་གྱི་ཁུངས་སྣེའི་རིགས་དབྱེ་ནས་ཐག་གཅོད་བྱེད་དགོས། རྩ་འཛུགས་སྡེ་ཚན་གྱིས་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དོན་འཁྱོལ་ཐད་ཀྱི་གནད་དོན་དང་མི་འདེམས་མི་སྤྱོད་ཀྱི་ཆེད་དོན་ཞིབ་བཤེར་བྱས་ནས་ཚུར་ལན་སྤྲད་པའི་གནད་དོན་དག་ཐེར་ལ་ལྟ་སྐུལ་དང་དམ་འཛིན་ཡག་པོ་བྱེད་པ་དང་། སྐོར་ཞིབ་དག་ཐེར་དོན་འཁྱོལ་བྱས་པའི་གནས་ཚུལ་འབྲེལ་ཡོད་སྡེ་ཚན་གྱི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་ལོ་འཁོར་གྱི་དཔྱད་ཞིབ་ནང་དོན་ནང་བཅུག་སྟེ་སྐོར་ཞིབ་བྱས་ནས་ཤེས་རྟོགས་ཐུབ་པའི་གནད་དོན་དེ་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་དང་ལས་བྱེད་པར་དཔྱད་ཞིབ་གདེང་འཇོག་དང་། འདེམས་བསྐོ་བསྐོ་སྤྱོད། ལྟ་སྐུལ་དོ་དམ་བཅས་བྱེད་པའི་དཔྱད་གཞི་གལ་ཆེན་ལ་བརྩི་དགོས། འབྲེལ་ཡོད་འགན་ནུས་སྡེ་ཚན་གྱིས་སྐོར་ཞིབ་གྲུབ་འབྲས་ཕྱོགས་བསྡུས་བེད་སྤྱོད་ཡག་པོ་བྱས་ནས་གཙོ་གནད་ཁྱབ་ཁོངས་སྒྱུར་བཅོས་བྱེད་ཟབ་ཏུ་གཏོང་བ་དང་། ལམ་ལུགས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། སྐོར་ཞིབ་ལས་ཁུངས་ཀྱིས་སྤྱི་འདོམས་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དག་ཐེར་གནས་ཚུལ་དུས་ཐོག་ཏུ་ཕྱོགས་བསྡུས་ཁོང་དུ་ཆུད་པ། ས་གནས་ས་ཐོག་ཏུ་ལྟ་སྐུལ་ཞིབ་བཤེར་དང་མཐུན་སྦྱོར་གྲོས་མོལ་བྱས་ཏེ་གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་ཐག་གཅོད་དག་ཐེར་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།
འབྲེལ་ཡོད་གསར་འགྱུར།