སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ཀ་ལ་གྲོང་ཚོར་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།
ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས་ནན་བཤད་གནང་དོན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་ལས་བྱེད་པ་དང་མང་ཚོགས་ལ་སྐུལ་མ་ཐེབས་ནས་སེམས་ཤུགས་ཆེན་པོ་འཕེལ་ཡོད།
ལོ་འདི་དག་རིང་། ཀ་ལ་གྲོང་ཚོས་ཁམ་བུའི་མེ་ཏོག་གི་མཛེས་ལྗོངས་ཁུལ་གཙོ་བོར་བྱེད་པ་དང་། ཞིང་འབྲོག་པའི་སྐྱེལ་འདྲེན་རུ་ཁག་དང་ལྟ་སྐོར་དང་ཤིང་ཏོག་འཐུ་སའི་ལྡུམ་ར་བཅས་མཉམ་གཉེར་ཀ་རྟེན་ཐོན་ལས་ཆེན་པོ་གསུམ་བཏོད་པས། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཉིན་རེ་ལས་མ་འདས་པར་སྟོབས་ཆེར་འགྲོ་བཞིན་ཡོད། མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་4.12ཟིན་ནས་གྲོང་མིའི་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། གྲོང་མི་ཚེ་གཡང་གིས། “ད་ཆའི་འཚོ་བ་ཡག་པོ་འདི་ནི་ཏང་ཀྲུང་དབྱང་གིས་ང་ཚོར་གནང་བ་ཡིན་པས། ང་ཚོས་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་འདུན་སྟོང་ཟད་དུ་མི་གཏོང་བར་ཁྱིམ་གྱི་དམངས་སྲོལ་གནས་ཚང་དང་འབྲས་ཤིང་ལྡུམ་ར་ཡག་པོ་བསྐྲུན་ནས། གྲོང་ཚོའི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་ནུས་པ་བཏོན་ཏེ་ཚང་མ་དང་མཉམ་དུ་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་ཀྱི་ཡིན”ཞེས་བཤད།
ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་འགོ་ཡུལ་ཤང་དུ་སྐོར་སྐྱོད་སྒྲོག་འགྲེལ་བྱེད་བཞིན་པའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་དྲིལ་བསྒྲགས་ཨུ་ཡོན་ཉི་མ་རྡོ་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་གྲོང་མི་ཡོངས་ལ་སྤྲིངས་པའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་ཉིང་ཁྲི་གྲོང་ཁྱེར་གྱི་རྫོང་དང་། ཆུས། གྲོང་ཁྱེར་ཁག་གི་གཞི་རིམ་མང་ཚོགས་ལ་སྒྲོག་འགྲེལ་བྱས་པ་མ་ཟད། ད་དུང་སྤྱི་ཁྱབ་ཧྲུའུ་ཅིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཟུང་འབྲེལ་བྱས་ནས་སྒྲོག་འགྲེལ་བྱས་པ་རེད། “ང་ཚོས་སྒྲོག་འགྲེལ་བྱེད་སྐབས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྤྱོད་པར་སྣང་ཆེན་བྱས་པ་ཡིན། ད་ཆ་ང་ཚོ་ཀ་ལ་གྲོང་ཚོར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཤོད་ཤེས་མཁན་དང་འབྲི་ཤེས་མཁན་གྱིས་75.17%དང་47.65% སོ་སོར་ཟིན་ཡོད། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་བཏང་བ་ལས་ང་ཚོའི་གྲོང་ཚོས་ཡུལ་སྐོར་བར་སྣེ་ལེན་ཞུས་ཏེ། ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རམ་འདེགས་ཆེན་པོ་ཐུབ་ཡོད། སླད་ཕྱིན་ང་ཚོས་ཡུལ་མི་ཚོས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྦྱོང་སྤྱོད་ལ་སྐུལ་འདེད་ཧུར་ཐག་བཏང་ནས། ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བ་ཚང་མ་ང་ཚོ་ཀ་ལ་གྲོང་ཚོར་སླེབས་སྐབས་རང་ཁྱིམ་དུ་སླེབས་པ་ལྟ་བུའི་ཚོར་སྣང་སྦྱིན་ཐུབ་པ་བྱེད་ཀྱི་ཡིན”ཞེས་ངོ་སྤྲོད་བྱས།
ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་གྱི་ཀྲེན་ཀྲང་ལི་ཡུས་ལིང་གིས། གྲོང་རྡལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཐོག “མི་ཡུལ་གྱི་ཁམ་བུའི་མེ་ཏོག་ལྡུམ་ར། བདེ་སྐྱིད་ལྡན་པའི་ཉིང་ཁྲིའི”ངེས་གནས་ལ་དམིགས་ནས། འབྲེལ་ཡོད་རིག་གནས་བསམ་བཀོད་དང་། དམངས་སྲོལ་གནས་ཚང་སྤུས་ལེགས། གསར་བརྗེའི་ཞིབ་སློབ། མི་རིགས་ཀྱི་འཁྲབ་སྟོན། པར་ལེན་རྟེན་གཞི་སོགས་ཁྱད་ལྡན་ལེགས་ཆའི་ཐོན་ལས་སྐྱེད་སྲིང་ཤུགས་ཆེན་གྱིས“ཁམ་བུའི་མེ་ཏོག་ལྡུམ་རའི”ལས་རྣམ་ཕྱོགས་ཡོངས་ནས་ཕུན་སུམ་ཚོགས་སུ་བཏང་སྟེ། མང་ཚོགས་ཀྱི་སྣེ་ཁྲིད་ནས་ལས་ལ་བརྩོན་པའི་ལག་ཟུང་གིས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་བཏོད་ནས། “ཁམ་བུའི་མེ་ཏོག་གྲོང་ཚོའི”སྤུས་རྟགས་ལ་བཀྲག་མདངས་དེ་བས་ཆེ་བ་འཚེར་ཐུབ་པ་བྱེད་ཀྱི་ཡིན་ཞེས་བརྗོད།
འབྲེལ་ཡོད་གསར་འགྱུར།