དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཐོན་ལས་འཕེལ་རྒྱས་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-06

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཐོན་ལས་འཕེལ་རྒྱས་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་སྟེ། “ཐོན་ལས་ཆེན་པོ་དགུའི”འཕེལ་རིམ་གནས་ཚུལ་སྐོར་གྱི་སྙན་སེང་གསན་པ་མ་ཟད། གོམ་སྟབས་རྗེས་མའི་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་ཀྱང་གནང་བ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་རྟེན་འབྲེལ་མཛད་སྒོར་ཞུགས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་ནས་གསུང་བཤད་གལ་ཆེན་གནང་བ། ལོ་ངོ་60ཡི་རིང་བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བར་ཁས་ལེན་གནང་བ་མ་ཟད། གོམ་སྟབས་རྗེས་མར་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུའི་བླང་བྱ་ཁ་གསལ་བཏོན་གནང་བ། བོད་ཀྱི་འཕེལ་རྒྱས་ལ་རང་ངོས་ཀྱི་ཁྱད་ཆོས་ལྡན་པས། དོན་དངོས་ལ་གཞིགས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་ལས། ང་ཚོས་ལས་དོན་ཁག་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་ཁ་གསལ་བཏོན་གནང་བའི་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བློ་བརྟན་འགྱུར་མེད་ངང་ལག་བསྟར་དང་དོན་འཁྱོལ་བྱས་ཏེ། “འཛུགས་གཏོད་བཞིའི”འབད་འཐབ་དམིགས་ཚད་བཏོན་པས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློ་དང་བྱ་སྤྱོད་སྔར་བས་གཅིག་གྱུར་བྱུང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་པ་དང་། ཐོན་ཁུངས་ཀྱི་མཐུན་རྐྱེན་དང་། ལྗོངས་བབ་ཀྱི་ལེགས་ཆ། ཐོན་ལས་ཀྱི་རྨང་གཞི་བཅས་ལ་གཞི་ཚུགས་ནས། “ཐོན་ལས་ཆེན་པོ་དགུ”འཕེལ་རྒྱས་གཏོང་བར་བཀོད་སྒྲིག་བྱས་ཏེ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་བར། ཐོན་ལས་ཀྱི་གཞི་ཁྱོན་ཆེ་རུ་རྒྱུན་ཆད་མེད་པར་ཕྱིན་པ་དང་། གྲུབ་ཆ་ལེགས་སུ་རྒྱུན་ཆད་མེད་པར་ཕྱིན་པ། ཕན་འབྲས་མཐོ་རུ་བརྟན་པོ་ཕྱིན་ཏེ་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད། ད་ལོ་ནས་བཟུང་། རང་ལྗོངས་ཀྱི“ཐོན་ལས་ཆེན་པོ་དགུ”ལ་མཉམ་དུ་སྐུལ་འདེད་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་རྒྱུན་ཆད་མེད་པར་གཅིག་སྡུད་བྱས་ཏེ། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་སྤུས་འབྲས་ལེགས་གཉེར་ཡོང་བ་དང་། ནུས་རྒྱུ་གཙང་མ་དང་ལྗང་མདོག་བཟོ་ལས་སོགས་ཐོན་ལས་མགྱོགས་མྱུར་བཀོད་སྒྲིག་བྱེད་པ། མཐོ་གསར་གྲངས་འཛིན་དང་རྒྱུན་སྤྱོད་མཁའ་འགྲུལ་ཐོན་ལས་ལ་སྐུལ་འདེད་བརྟན་པོ་གཏོང་བ། རིག་གནས་ཡུལ་སྐོར་དང་མཐའ་མཚམས་ཉོ་ཚོང་ཟོག་འགྲེམས་ཐོན་ལས་འཕེལ་རྒྱས་མགྱོགས་པོ་གཏོང་བ། བོད་སྨན་ཐོན་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་མངོན་གསལ་དོད་དུ་གཏོང་བ། དེང་རབས་ཞབས་ཞུའི་ལས་རིགས་ཚད་རིམ་གཉིས་སྤར་བཅས་བྱས་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད། ལོ་སྟོད་དུ་ཐོན་ལས་དང་པོའི་འཕར་ཐང་དུས་མཚུངས་ལས་12.5%འཕར་བ་དང་། ཟླ་བ་དང་པོ་ནས་བདུན་པའི་བར་ལྗོངས་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས་14.7%འཕར་བ། བསྐྲུན་ཟིན་པ་དང་སྐྲུན་བཞིན་པའི་གློག་ཤུགས་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་3200ལྷག་ཙམ་ཟིན་པ། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བར་སྣེ་ལེན་ཞུས་པའི་མི་ཐེངས་དང་ཡུལ་སྐོར་གྱི་འགྲོ་སོང་བསྡོམས་འབོར་དུས་མཚུངས་ལས་10.06%དང་8.67%འཕར་བ། ཀུན་སྤྱོད་མཁའ་འགྲུལ་གྱི་གནམ་གྲུ་འཕུར་ཐེངས་བསྡོམས་འབོར་དུས་མཚུངས་ལས་69.8%འཕར་བ། དངོས་ཟོག་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་དུས་མཚུངས་ལས་12.6%འཕར་ཡོད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་དུ་ཐོན་ལས་འཕེལ་རྒྱས་ལ་འདེགས་སྐྱོར་གྱི་ནུས་པ་གལ་ཆེན་ལྡན་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་དོན་དངོས་ལ་གཞི་བཙུགས་ནས་གཙོ་གནད་ལ་དམ་འཛིན་དང་ཁྱད་ཆོས་མངོན་གསལ་དོད་དུ་བཏང་སྟེ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་བཏང་ནས་ཐོན་ཁུངས་ཀྱི་ལེགས་ཆ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེགས་ཆར་ཧུར་ཐག་སྒྱུར་དགོས། འཕེལ་རྒྱས་ཀྱི་གོ་སྐབས་ལ་དམ་འཛིན་བྱེད་དགོས་ཤིང་། མིག་སྔར། རང་ལྗོངས་ཀྱི་གཙོ་གནད་རྣམ་གྲངས་ཀྱི་འདེགས་སྐྱོར་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། འཕེལ་རྒྱས་ཀྱི་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ། རིམ་པ་ཁག་གི་ལས་བྱེད་པས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་པའི་འཇོན་ཐང་ཆེ་རུ་དང་ཆུ་ཚད་མཐོ་རུ་རྒྱུན་ཆད་མེད་པར་ཕྱིན་པ། འཕེལ་རྒྱས་ཡོང་རེ་དང་། འཕེལ་རྒྱས་དོན་གཉེར། འཕེལ་རྒྱས་ལ་སྐུལ་འདེད་བཅས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་འདུན་པ་སྔར་བས་ཆེ་རུ་ཕྱིན་པ་བཅས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བྲག་རྡོ་ལྟར་བརྟན་པའི་ཡིད་ཆེས་དང་གཏིང་ཤུགས་ལྡན་ཡོད་པ་དང་། སྔར་བྱུང་མྱོང་མེད་པའི་འཕེལ་རྒྱས་ཀྱི་གོ་སྐབས་འཕྲད་ཡོད་པས། གོ་སྐབས་ལ་དམ་འཛིན་དང་དུས་བསྟུན་མདུན་སྐྱོད་ཀྱིས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དེ་བས་ལེགས་པ་དང་། དེ་བས་མགྱོགས་པ། དེ་བས་ཕུལ་བྱུང་བཅས་ཡོང་བར་སྐུལ་འདེད་གཏོང་དགོས། བསམ་བློའི་འདུ་ཤེས་སྒྱུར་དགོས་ཤིང་། སྒོ་དབྱེའི་ས་ཁུལ་ལ་གསོན་ཤུགས་ཆེ་ཤོས་དང་སྒོ་དབྱེའི་དཔལ་འབྱོར་ལ་འགྲན་རྩོད་ནུས་པ་ཆེ་ཤོས་ལྡན་པས། སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ། བོད་ཀྱི་ལས་དོན་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ཁྲོད་དུ་རང་རྟོགས་ངང་བཞག་ནས་ཞིབ་འཇུག་བསམ་གཞིགས་དང་འཆར་འགོད་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་པོས་ཁོང་དུ་ཆུད་པ་དང་། གནད་ལ་འཁེལ་པོས་ཤེས་རྟོགས། ཕྱོགས་ཡོངས་ནས་དོན་འཁྱོལ། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལག་བསྟར་དང་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ་དང་འགན་སྲུང་། དུས་རབས་གསར་པའི་ནུབ་རྒྱུད་ཐོན་འབྱེད་ཆེན་མོར་སྐུལ་འདེད་གཏོང་བ་སོགས་ཀྱི་གོ་སྐབས་གལ་ཆེན་ལ་དམ་འཛིན། དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་གཏོད་པ་བཅས་བྱས་ནས་བོད་ཀྱི་ལེགས་ཆའི་ཐོན་ལས་ཀྱི་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། སྒྱུར་བཅོས་གསར་གཏོད་ཟབ་ཏུ་གཏོང་དགོས་ཤིང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་ཧུར་ཐག་བྱེད་པ་དང་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྱོང་ནང་མཉམ་འདྲེས་བྱས་ནས། བོད་དང་ཞིང་ཆེན་དང་གྲོང་ཁྱེར་ཁག་དབར་ཐོན་ཁུངས་གསབ་རེས་དང་། ཐོན་ལས་སྦྲེལ་མཐུད། ཁྲོམ་ར་མཉམ་སྤྱོད་བཅས་ལ་སྐུལ་འདེད་བཏང་ཐོག འཕེལ་རྒྱས་ཀྱི་ཁོར་ཡུག་སྔར་བས་ལེགས་སུ་གཏོང་བ་དང་། ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ། དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་དང་སྒོ་དབྱེའི་གསོན་ཤུགས་འཕེལ་བར་བྱེད་པ། གླིང་ཁུལ་གྱི་ལས་སྟེགས་བྱེད་ནུས་ཡག་པོ་འདོན་པ་བཅས་བྱས་ནས་ཐོན་ལས་འཕེལ་རྒྱས་གཞི་ཁྱོན་ཆེ་བ་དང་། ཁྱད་ཆོས་ལྡན་པ། ཆུ་ཚད་མཐོ་བ་བཅས་ཡོང་བར་སྐུལ་འདེད་གཏོང་དགོས། དགེ་མཚན་ཆེ་རིགས་འདོན་སྤེལ་གྱིས་ཚན་རིག་དང་མཐུན་པའི་སྒོ་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་བཟོ་རིང་། ཁྱད་ལྡན་དཔལ་འབྱོར་དང་ལེགས་ཆའི་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བར་དམིགས་ནས་སྤྱི་ཡོངས་ཀྱི་འདུ་ཤེས་དང་བརྒྱུད་རིམ་ལྡན་པའི་བསམ་གཞིག་འཛུགས་པ་དང་རྩེ་རིམ་ཇུས་འགོད་བྱེད་ཤུགས་ཆེ་རུ་བཏང་སྟེ། འགལ་ཟླ་གཙོ་བོར་དམ་འཛིན་དང་། འཇུར་མིག་གི་ཚོད་འཛིན་སེལ་བ། རྒྱང་ལྟའི་བཀོད་སྒྲིག་ལ་མཐོང་ཆེན་བྱེད་པར་ཤུགས་བརྒྱབ་ནས་མཉམ་འདྲེས་མཉམ་འགུལ་ལ་སྐུལ་འདེད་གཏོང་བ་དང་། ལེགས་ཆ་གསབ་རེས་མངོན་འགྱུར་བྱེད་པ། ཐོན་ལས་བཀོད་སྒྲིག་ལེགས་སྒྱུར་ལེགས་སྒྲིག་བྱེད་པ། ཐོན་ལས་ཀྱི་གྲུབ་ཆ་རིམ་སྤོར་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་འཕར་གཞི་གསར་པ་གཏོད་པ་བཅས་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་གིས་ཚན་རིག་དང་མཐུན་ལ་ནུས་པ་ལྡན་པའི་ལས་ཀའི་ལམ་སྲོལ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། ཐོན་ལས་འཕེལ་རྒྱས་ཀྱི་ལས་དོན་ཁག་དོན་འཁྱོལ་ཐུབ་པར་འགན་ལེན་བྱེད་དགོས། ཐོན་ལས་འཕེལ་རྒྱས་འགོ་ཁྲིད་ཚོགས་ཆུང་གིས་སྤྱི་འདོམས་མཐུན་སྦྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱུ་རྐྱེན་གཙོ་བོའི་འདེགས་སྐྱོར་འགན་སྲུང་ལ་ཤུགས་སྣོན་རྒྱག་པ། ཐོན་ལས་འཕེལ་རྒྱས་ཀྱི་ལྟ་ཞིབ་ཚད་ལེན་དང་དཔྱད་དཔོག་མ་ལག་འཛུགས་པ། རྗེས་འདེད་བཀོད་གཏོང་ལ་ཤུགས་སྣོན་རྒྱག་པ། འཕེལ་རྒྱས་ཀྱི་གནས་ཚུལ་དུས་ཐོག་ཏུ་ཁོང་དུ་ཆུད་པ་བཅས་བྱེད་དགོས། ཁོངས་ཞུགས་ཚན་པ་ཁག་གིས་འགན་འཁྲིའི་ལས་བགོས་ཁ་གསལ་བཟོས་ནས་ལས་ཀའི་མཉམ་ཤུགས་ཆགས་པར་བྱས་ཏེ། ཐོན་ལས་འཕེལ་རྒྱས་ཀྱི་ལས་འགན་ཁག་ལ་གོ་རིམ་ལྡན་པའི་སྐུལ་འདེད་གཏོང་བར་འགན་ལེན་བྱེད་དགོས། རིམ་ཁག་ལས་བྱེད་པ་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་ཤེས་བྱ་སློབ་སྦྱོང་ལ་མཐོང་ཆེན་དང་། ཤེས་བྱའི་གྲུབ་ཆ་ཕུན་སུམ་ཚོགས་སུ་གཏོང་བ། དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་པའི་འཇོན་ཐང་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། དངོས་སྒྲུབ་དངོས་རྗེས་ལ་བརྟེན་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།