ཀརྨ་ཚེ་བརྟན་གྱིས་ལྗོངས་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ལས་དོན་ལ་བརྟག་ཞིབ་གནང་བ།
ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་ལྗོངས་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ལས་དོན་ལ་བརྟག་ཞིབ་གནང་བ་རེད།
བོད་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་རྟེན་མཛོད་ཁང་དུ། ཀརྨ་ཚེ་བརྟན་གྱིས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་སྲུང་སྐྱོང་སོགས་ཀྱི་ལས་དོན་ཤེས་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། སྲུང་སྐྱོང་དང་བེད་སྤྱོད་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ། སྲུང་སྐྱོང་ཁྲོད་འཕེལ་རྒྱས་དང་འཕེལ་རྒྱས་ཁྲོད་སྲུང་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། ཐོག་མཐའ་བར་གསུམ་དུ་སྲུང་སྐྱོང་ཨང་དང་པོར་བཞག་སྟེ། སྤྱི་ཡོངས་དང་བརྒྱུད་རིམ་རང་བཞིན་གྱི་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ལོ་རྒྱུས་ཀྱི་རྒྱུན་སྐྱོང་བ་དང་། རིག་གནས་ཀྱི་གཞི་རྒྱུ་རྒྱུན་འཛིན། རིག་གནས་ཀྱི་གདེང་ཚོད་བརྟན་གཏོང་བཅས་བྱེད་དགོས་ལ། རིག་དངོས་ཀྱི་གསོན་ཤུགས་འཕེལ་བ་དང་སྤྱོད་ནུས་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ། འགྲེམས་སྟོན་བྱེད་སྟངས་ཕུན་སུམ་ཚོགས་སུ་གཏོང་བ་དང་རིག་གནས་ཡུལ་སྐོར་འཛད་སྤྱོད་ཀྱི་རྣམ་པ་གསར་པ་བཏོད་དེ། དུས་རབས་གསར་པར་རིག་གནས་ཤུལ་བཞག་ནས་གསོན་ཤུགས་གསར་པ་འཕེལ་བར་བྱེད་དགོས་ཞེས་གསུངས་པ་རེད།
རང་སྐྱོང་ལྗོངས་རིག་དངོས་ཅུས་སུ་ཀརྨ་ཚེ་བརྟན་གྱིས་ལྗོངས་ཡོངས་ཀྱི་རིག་དངོས་བདེ་འཇགས་ལས་དོན་དང་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་ཐེངས་བཞི་པ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་གསན་ཞིང་། ཁོང་གིས། རིག་དངོས་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་སྲུང་བའི་རྨང་གཞིའི་ཐོག་ཞིབ་འཇུག་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། གནའ་རྫས་རྟོག་ཞིབ་དང་ཟུང་འབྲེལ་བྱས་ནས་ལོ་རྒྱུས་འབྱུང་རིམ་དང་ཤེས་རིག་འཕེལ་རིམ་གསལ་པོ་བཟོ་བ། བོད་ནི་གནའ་སྔ་མོ་ནས་རླབས་ཆེན་མེས་རྒྱལ་གྱི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་ལོ་རྒྱུས་ཀྱི་དོན་དངོས་སྔོག་འདོན་དང་། ལེགས་སྒྲིག དྲིལ་བསྒྲགས་བཅས་གཏིང་ཟབ་བྱས་ནས། “ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་པ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ལེའུ་གསར་པ་རྩོམ་པར”སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
རིག་གནས་དང་ཡུལ་སྐོར་ཐོན་ལས་ནི་རང་ལྗོངས་ཀྱི་སྲོག་ཤིང་གི་ཐོན་ལས་དང་། དམངས་འཚོའི་ཐོན་ལས། བདེ་སྐྱིད་ཀྱི་ཐོན་ལས་བཅས་རེད། རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་དུ་ཀརྨ་ཚེ་བརྟན་གྱིས་འཐབ་ཕྱོགས་དང་པོའི་ལས་བྱེད་ལས་བཟོ་དང་བྱམས་བརྩེའི་སྤེལ་རེས་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་གནང་བ་མ་ཟད། ད་དུང་རིག་གནས་དང་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་གནས་ཚུལ་མཁྱེན་རྟོགས་གཏིང་ཟབ་ཀྱང་གནང་བ་རེད། ཁོང་གིས། ཡུལ་སྐོར་ནི་རིག་གནས་ཀྱི་གཞི་རྟེན་དང་རིག་གནས་ནི་ཡུལ་སྐོར་གྱི་བླ་སྲོག་རེད། ཁྱད་ལྡན་རིག་གནས་དར་སྤེལ་དང་རྒྱུན་འཛིན་བྱེད་པ་དེ་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འདེགས་སྐྱོར་གལ་ཆེན་ཞིག་ཏུ་བརྩིས་ནས། སྤུས་ལེགས་རིག་གནས་དང་ཡུལ་སྐོར་ཐོན་རྫས་མཁོ་སྤྲོད་གསར་པ་ཕུན་སུམ་ཚོགས་སུ་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་འཛད་སྤྱོད་ཀྱི་རྣམ་པ་གསར་པ་དང་། ལས་རྣམ་གསར་པ། བྱ་ཐབས་གསར་པ་བཅས་འཕེལ་རྒྱས་བཏང་སྟེ། རིག་གནས་དང་ཡུལ་སྐོར་མཉམ་འགུལ་འཕེལ་རྒྱས་དང་འཁོར་རྒྱུག་ཡག་པོ་ཡོང་བར་སྐུལ་འདེད་གཏོང་དགོས། བྱས་པ་ཅན་གྱི་སྲིད་གཞུང་དང་ནུས་ལྡན་ཁྲོམ་ར་མཐུན་སྦྱོར་མཉམ་འགུལ་མཐའ་འཁྱོངས་བྱས་ཏེ། རིག་གནས་དང་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ནོར་སྲིད་ཀྱི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་གང་ལེགས་ཐུབ་པར་སྐུལ་འདེད་བཏང་ནས་སྲིད་ཇུས་ཀྱི་ཁེ་འབབ་འདོན་སྤྲོད་མགྱོགས་མྱུར་བྱེད་དགོས། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་ཀྱིས་རིག་གནས་དང་ཡུལ་སྐོར་ལ་བརྟེན་ནས་དམངས་ཕན་དམངས་ཕྱུག་མངོན་གསལ་དོད་དུ་གཏོང་བ་དང་། མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།
འབྲེལ་ཡོད་གསར་འགྱུར།