ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་བ།
ཟླ་9ཚེས་1ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའི་ཧྲུའུ་ཅི་བཅས་ཡིན་པའི་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སོགས་སློབ་སྦྱོང་གཏིང་ཟབ་གནང་བ་དང་སྦྲགས། སྲིད་གཞུང་ཁོངས་གཏོགས་ཀྱིས་ལས་དོན་ལག་བསྟར་དོན་འཁྱོལ་བྱེད་པར་ཞིབ་འཇུག་ཀྱང་གནང་བ་རེད།
ཀརྨ་ཚེ་བརྟན་གྱིས་བསྟན་དོན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་བ་དང་སྦྲགས་རྟེན་འབྲེལ་ཚོགས་ཆེན་ལ་ཞུགས་པའི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ཐོག “གཏན་འཁེལ་གཉིས”ལ་མཐའ་གཅིག་ཏུ་བརྩི་སྲུང་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་ནས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་རང་རྟོགས་ངང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས་པ་དང་ཆབས་ཅིག བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་གནང་བའི་ཁ་ཕྱོགས་ལྟར་གོམ་ཞེང་ཆེན་པོས་མདུན་དུ་བསྐྱོད་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་བཅངས་པའི་དྲིན་ཚོར་གྱི་བསམ་པ་དང་དགའ་གུས་ཀྱི་བསམ་པ་དང་། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་མཛད་སྒོ་གཉེར་བ་ལས་འཕེལ་བའི་སྤོབས་སེམས་དང་མཐུན་སྒྲིལ་གྱི་སྟོབས་ཤུགས་དེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དོན་འཁྱོལ་དང་འབད་འབུངས་ཀྱི་བྱ་སྤྱོད་དུ་བསྒྱུར་ཐོག “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ། ལས་དོན་གྱི་གྲུབ་འབྲས་དངོས་ལ་བརྟེན་ནས་ལྷག་བསམ་མཚོན་པ་དང་། འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་འགན་འཁྲི་མཚོན་པར་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་གངས་ལྗོངས་ས་མཐོར་རྩ་བ་ཚུགས་ནས་ཕན་འབྲས་ཐོན་པའི་འགན་ལེན་ཏན་ཏིག་བྱེད་དགོས།
ཀརྨ་ཚེ་བརྟན་གྱིས་ནན་བཤད་གནང་དོན། བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་མཐའ་གཅིག་ཏུ་ཁུར་བ་དང་འཕེལ་རྒྱས་ཀྱི་སྔོན་འགྲོའི་ཆ་རྐྱེན་སྟངས་འཛིན་ནན་པོ་བྱས་ཏེ་ཆུ་ཚད་མཐོ་བའི་དུས་བདེའི་བོད་ལྗོངས་འཛུགས་སྐྲུན་ཤུགས་ཆེན་བྱས་ནས། ལྗོངས་ཡོངས་ཀྱི་ཆབ་སྲིད་བདེ་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་ཞི་དུལ་བཅས་ཡོང་བའི་འགན་ལེན་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་གཅིག་ཏུ་ལག་བསྟར་དང“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱར་ནན་པོར་གཞིགས་ནས། བློ་བརྟན་འགྱུར་མེད་ངང་ཁྱད་ལྡན་ལེགས་ལྡན་གྱི་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་དང་། སྐྱེ་ཁམས་སྔོན་འཇོག་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་ཏུ་སྒྲིལ་བའི་ལམ་བུ། མཐའ་བརྟན་མཐའ་དར་གྱི་དམངས་ཕྱུག་གི་ལམ་བུ་བཅས་ལ་བསྐྱོད་དེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཡུལ་བབ་དང་བསྟུན་ནས་སྐུལ་འདེད་གཏོང་དགོས། ཏང་གི་འགོ་ཁྲིད་དེ་སྲིད་གཞུང་གི་ལས་དོན་གྱི་ཕྱོགས་གང་ཅིའི་ཐད་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས་སྲིད་གཞུང་གི་འགན་ནུས་ཀྱི་ངེས་གནས་སྟངས་འཛིན་བརྟན་པོ་བྱེད་པ་དང་། མཁས་མཛངས་སྲིད་གཞུང་དང་། ཞབས་ཞུའི་སྲིད་གཞུང་། སྤྱོད་གཙང་སྲིད་གཞུང་བཅས་གཏོད་པར་ཤུགས་རྒྱག་པ། འཕྲལ་མར་སྒྲུབ་པ་དང་དངོས་འཛིན་དངོས་སྒྲུབ་བྱེད་པའི་རང་མདངས་མུ་མཐུད་གསལ་དུ་གཏོང་བ་བཅས་བྱས་ཏེ་ལག་བསྟར་བྱེད་མཁན་དང་། བྱ་སྤྱོད་སྤེལ་མཁན། དངོས་སུ་སྒྲུབ་མཁན་བཅས་མཐའ་གཅིག་ཏུ་ཡག་པོ་བྱས་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།