དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • བོད་རང་སྐྱོང་ལྗོངས་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་སྙན་དཔོད་ཞིབ་བཤེར་སྲོལ་ཡིག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-09-03

    (2009ལོའི་ཟླ་7ཚེས་31ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཅིག་པའི་ཐོག་གྲོས་འཆམ་བྱུང་བ་དང་། 2016ལོའི་ཟླ་5ཚེས་27ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བཞི་པའི་ཐོག་བསྐྱར་བཅོས་ཐེངས་དང་པོ་བྱས་པ། 2022ལོའི་ཟླ་11ཚེས་15ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཞེ་གཉིས་པའི་ཐོག་བསྐྱར་བཅོས་ཐེངས་གཉིས་པ་བྱས་པ། 2024ལོའི་ཟླ་11ཚེས་28ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གསུམ་པའི་ཐོག་བསྐྱར་བཅོས་ཐེངས་གསུམ་པ་བྱས་པ)

    དཀར་ཆག

    ལེའུ་དང་པོ། སྤྱིའི་རྩ་དོན།

    ལེའུ་གཉིས་པ། སྙན་དཔོད།

    ལེའུ་གསུམ་པ། ཞིབ་བཤེར།

    ལེའུ་བཞི་པ། ཐག་གཅོད།

    ལེའུ་ལྔ་པ། འགན་ལེན་དང་ལྟ་སྐུལ།

    ལེའུ་དྲུག་པ། ཞར་བྱུང་།

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།

    [2024] ཡིག་ཨང་17པ།

    《བོད་རང་སྐྱོང་ལྗོངས་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་སྙན་དཔོད་ཞིབ་བཤེར་སྲོལ་ཡིག》འདི་2024ལོའི་ཟླ་11ཚེས་28ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གསུམ་པའི་ཐོག་བསྐྱར་བཅོས་བྱས་ནས་གྲོས་འཆམ་བྱུང་དོན་བཞིན། ད་ལྟ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པས། 2025ལོའི་ཟླ་1ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།

    2024ལོའི་ཟླ་11ཚེས་28ཉིན།

    ལེའུ་དང་པོ། སྤྱིའི་རྩ་དོན།

    དོན་ཚན་དང་པོ། སྙན་དཔོད་ཞིབ་བཤེར་ལས་དོན་ཚད་ལྡན་བཟོ་བ་དང་། ཚད་ལྡན་རང་བཞིན་གྱི་ཡིག་ཆར་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་རྒྱག་པ། རྩ་ཁྲིམས་དང་བཅའ་ཁྲིམས་ལག་ལེན་བསྟར་རྒྱུ་འགན་སྲུང་བྱེད་པ། རྒྱལ་ཁབ་ཀྱི་ཁྲིམས་ལུགས་གཅིག་གྱུར་ཡོང་བར་སྲུང་སྐྱོང་བཅས་བྱེད་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་བཟོའི་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང《སྙན་དཔོད་ཞིབ་བཤེར་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་སྦྲགས་དེར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོད་དོན》གཞིར་བཟུང་། རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་སྲོལ་ཡིག་འདི་བཟོས་པ་ཡིན།

    དོན་ཚན་གཉིས་པ། རང་སྐྱོང་ལྗོངས་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚད་ལྡན་རང་བཞིན་གྱི་ཡིག་ཆར་སྙན་དཔོད་ཞིབ་བཤེར་བྱ་རྒྱུའི་ཐད་སྲོལ་ཡིག་འདི་སྤྱད་ན་འཐུས།

    དོན་ཚན་གསུམ་པ། སྲོལ་ཡིག་འདིའི་ནང་འཁོད་པའི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཞེས་པ་ནི་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་དང་། རྫོང་རིམ་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། མི་དམངས་སྲིད་གཞུང་། ལྟ་ཞིབ་ཨུ་ཡོན་ལྷན་ཁང་། མི་དམངས་ཁྲིམས་ཁང་། མི་དམངས་ཞིབ་དཔྱོད་ཁང་སོགས(གཤམ་དུ་བཟོ་འབེབས་ལས་ཁུངས་ཞེས་བརྗོད་རྒྱུ)ཀྱིས་ཁྲིམས་བཅད་ཀྱི་དབང་ཚད་དང་ལས་རིམ་བཞིན་གཏན་ལ་ཕབ་པ་མ་ཟད་ཡོངས་སུ་འགྲེམས་བསྒྲགས་བྱས་ཤིང་། སྤྱི་དམངས་དང་། ཁྲིམས་ཚན། རྩ་འཛུགས་གཞན་དག་བཅས་ཀྱི་ཁེ་དབང་དང་དེ་བཞིན་འོས་འགན་དང་འབྲེལ་བ་ཡོད་པ་མ་ཟད། རྒྱ་ཁྱབ་ཀྱི་གཅུན་སྡོམ་བྱེད་ནུས་ལྡན་ལ། ཡང་ཡང་སྤྱོད་ཆོག་པའི་ཡིག་ཆར་ཟེར་བ་ཡིན།

    བཟོ་འབེབས་ལས་ཁུངས་ཀྱིས་ནང་ཁུལ་དོ་དམ་བྱེད་པ་དང་། མི་དོན་བསྐོ་འཐེན་དང་བྱ་དགའ་ཆད་གཅོད་ཀྱི་གཏན་འབེབས་བྱེད་པ། ཞིབ་ཕྲའི་དོན་གནད་ཐག་གཅོད་བྱེད་པ། དགོངས་སྐོར་སྙན་སེང་ཞུ་བ་སོགས་ལ་དམིགས་ཏེ་བཟོ་འབེབས་བྱས་པའི་རྒྱ་ཁྱབ་ཀྱི་གཅུན་སྡོམ་བྱེད་ནུས་མི་ལྡན་པའི་ཡིག་ཆ་དེ་དག་སྲོལ་ཡིག་འདིར་འཁོད་པའི་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་ཁོངས་སུ་གཏོགས་ཀྱི་མེད།

    དོན་ཚན་བཞི་པ། སྙན་དཔོད་ཞིབ་བཤེར་ལས་དོན་སྤེལ་སྐབས། ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་བྱས་ནས། ཏང་གིས་འགོ་ཁྲིད་བྱེད་པ་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བ་བཅས་གཅིག་གྱུར་དམ་ཚགས་ཡོང་རྒྱུ་མཐའ་འཁྱོངས་བྱེད་པ། ཡིག་ཆ་ཡོད་ཕྱིན་ངེས་པར་དུ་སྙན་དཔོད་ཞུ་དགོས་པ་དང་། སྙན་དཔོད་ཞུས་ཕྱིན་ངེས་པར་དུ་ཞིབ་བཤེར་བྱེད་དགོས་པ། ནོར་འཁྲུལ་ཡོད་ཕྱིན་ངེས་པར་དུ་ཡོ་བསྲང་བྱེད་དགོས་པ་བཅས་མཐའ་འཁྱོངས་བྱས་ཏེ། ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པར་འགན་ལེན་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ལག་བསྟར་བྱེད་པར་འགན་སྲུང་། སྤྱི་དམངས་དང་། ཁྲིམས་ཚན། རྩ་འཛུགས་གཞན་དག་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ། རྒྱལ་ཁབ་ཀྱི་ཁྲིམས་ལུགས་གཅིག་གྱུར་ཡོང་བར་སྲུང་སྐྱོང་བཅས་བྱེད་དགོས།

    དོན་ཚན་ལྔ་པ། རྫོང་རིམ་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་ངམ་ཡང་ན་ཁྲིམས་ལུགས་ལས་དོན་གྱི་འགན་འཁུར་ལས་ཚན་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ས་གནས་ལས་དོན་ཨུ་ཡོན་ལྷན་ཁང་གི་སྙན་དཔོད་ཞིབ་བཤེར་གྱི་ལས་འགན་འཁུར་མཁན་ལས་ཚན(གཤམ་དུ་སྙན་དཔོད་ཞིབ་བཤེར་ལས་ཚན་ཞེས་བསྡུ་རྒྱུ)བཅས་ཀྱིས་ཚད་ལྡན་རང་བཞིན་གྱི་ཡིག་ཆ་སྙན་དཔོད་དང་། ཞིབ་བཤེར། ཐག་གཅོད། ཕྱོགས་བསྡུས་མཐུན་སྦྱོར་སོགས་བྱེད་པའི་ལས་དོན་སྒྲུབ་འགན་འཁུར་རྒྱུ།

    རྫོང་རིམ་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཚན་གཞན་དག་གིས་འགན་འཁྲི་ཁག་བགོས་གཞིར་བཟུང་འབྲེལ་ཡོད་ཚད་ལྡན་རང་བཞིན་གྱི་ཡིག་ཆར་དུས་མཉམ་དུ་ཞིབ་བཤེར་སོགས་བྱེད་པའི་ལས་དོན་སྒྲུབ་འགན་འཁུར་རྒྱུ།

    རྫོང་རིམ་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དོན་གཅོད་ཐིང(ཁང)གིས་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་སྙན་དཔོད་ཞིབ་བཤེར་གྱི་ཡིག་ཚགས་དོ་དམ་དང་ཆ་འཕྲིན་ཅན་དུ་འཛུགས་སྐྲུན་སོགས་བྱེད་པའི་ལས་དོན་སྒྲུབ་འགན་འཁུར་རྒྱུ།

    དོན་ཚན་དྲུག་པ། རྫོང་རིམ་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་སྙན་དཔོད་ཞིབ་བཤེར་ལས་དོན་སྒྲིག་འཛུགས་དང་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་པ་དང་། སྙན་དཔོད་ཞིབ་བཤེར་ལམ་ལུགས་དང་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྙན་དཔོད་ཞིབ་བཤེར་གཅིག་གྱུར་མཐུན་སྦྱོར་དང་འབྲེལ་མཐུད་མཉམ་འགུལ་སོགས་བྱེད་པའི་ལས་ཀའི་ལམ་སྲོལ་བཟོ་བ་དང་འཐུས་ཚང་དུ་གཏོང་དགོས།

    སྙན་དཔོད་ཞིབ་བཤེར་ལས་ཚན་གྱིས་ངེས་པར་དུ་རིམ་མཚུངས་ཏང་ཨུད་དང་། མི་དམངས་སྲིད་གཞུང་། ལྟ་ཞིབ་ཨུ་ཡོན་ལྷན་ཁང་། མི་དམངས་ཁྲིམས་ཁང་། མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་འབྲེལ་ཡོད་ལས་ཚན་དང་འབྲེལ་གཏུག་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཉིས་བརྩེགས་སྙན་དཔོད་མཉམ་འགུལ་དང་། རྩིས་སྤྲོད་ཐག་གཅོད། མཉམ་འབྲེལ་ཞིབ་བཤེར། མཉམ་གྲོས་མཐུན་སྦྱོར། ཆ་འཕྲིན་མཉམ་སྤྱོད། ནུས་པ་ཆེར་གཏོང་སོགས་ཀྱི་ཐད་མཉམ་ལས་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།

    དོན་ཚན་བདུན་པ། སྙན་དཔོད་ཞིབ་བཤེར་གྱི་ལས་དོན་སྤེལ་ཕྱོགས་ཐད་ངེས་པར་དུ་བརྒྱུད་རིམ་ཡོངས་སུ་མི་དམངས་དམངས་གཙོའི་འདུ་ཤེས་བཟུང་ནས། བཟོ་འབེབས་ལས་ཁུངས་དང་། རྒྱལ་ཁབ་ཀྱི་ལས་ཁུངས་གཞན་དག སྤྱི་ཚོགས་རྩ་འཛུགས། ཁེ་ལས་དང་བྱ་གཞག་ཚན་པ། ཁེ་ཕན་དང་འབྲེལ་བ་ཡོད་མཁན། གཞི་རིམ་གྱི་ཁྲིམས་བཟོའི་འབྲེལ་གཏུག་བྱེད་གནས། སྤྱི་དམངས་བཅས་ཀྱི་བསམ་འཆར་རྒྱ་ཁྱབ་ཏུ་ཉན་འཇོག་བྱས་ནས། མི་དམངས་མང་ཚོགས་ཀྱིས་ཚད་ལྡན་རང་བཞིན་གྱི་ཡིག་ཆ་བཟོ་འབེབས་དང་སྙན་དཔོད་ཞིབ་བཤེར་ལས་དོན་སྤེལ་ཚུལ་ཤེས་དབང་དང་། ཐེ་ཞུགས་བྱེད་དབང་། བསམ་ཚུལ་བརྗོད་དབང་། ལྟ་སྐུལ་བྱེད་དབང་བཅས་འགན་སྲུང་བྱེད་དགོས།

    སྙན་དཔོད་ཞིབ་བཤེར་ལས་དོན་སྤེལ་ཕྱོགས་ཐད་ངེས་པར་དུ་འཐུས་མིའི་ལས་དོན་དང་ཟུང་འབྲེལ་བྱས་ནས་འཐུས་མི་བརྟག་ཞིབ་ནང་ཞུགས་རྒྱུར་གདན་ཞུ་བྱེད་པ་དང་། འཐུས་མིའི་གྲོས་གཞི་དང་གྲོས་འཆར་གཉེར་སྒྲུབ་ནན་ཏན་བྱས་ཏེ། འཐུས་མིས་དོ་ཁུར་བྱེད་པའི་དོན་གནད་ལ་བརྡ་ལན་སློག་དགོས།

    དོན་ཚན་བརྒྱད་པ། རྫོང་རིམ་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་སྙན་དཔོད་ཞིབ་བཤེར་ལས་དོན་ཐད་ཕན་ཚུན་འབྲེལ་གཏུག་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།

    གོང་རིམ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྙན་དཔོད་ཞིབ་བཤེར་ལས་ཚན་གྱིས་ངེས་པར་དུ་འོག་རིམ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྙན་དཔོད་ཞིབ་བཤེར་ལས་སྒོར་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།

    ལེའུ་གཉིས་པ། སྙན་དཔོད།

    དོན་ཚན་དགུ་པ། བཟོ་འབེབས་ལས་ཁུངས་ཀྱིས་ངེས་པར་དུ་ཁྲིམས་བཅད་དབང་ཚད་དང་ལས་རིམ་བཟོ་འབེབས། དེ་བཞིན་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཁྱབ་བསྒྲགས་བྱེད་པ་བཅས་ལ་གཞིགས་ནས། ཚད་ལྡན་རང་བཞིན་གྱི་ཡིག་ཆ་གོང་འབུལ་སྙན་དཔོད་ཞུ་འགན་འཁུར་མཁན་ལས་ཚན་དང་མི་སྣ་ཁ་གསལ་བཟོ་བ་དང་། ལས་ཀའི་ལམ་སྲོལ་བཟོ་བ་དང་འཐུས་སྒོ་ཚང་དུ་བཏང་ནས། ཚད་ལྡན་རང་བཞིན་གྱི་ཡིག་ཆ་གོང་འབུལ་སྙན་དཔོད་ཞུ་བའི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས།

    དོན་ཚན་བཅུ་པ། གཤམ་གསལ་ཚད་ལྡན་རང་བཞིན་གྱི་ཡིག་ཆ་དེ་དག་ངེས་པར་དུ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་དཔོད་ཞུ་དགོས་པ་སྟེ།

    (གཅིག) རང་སྐྱོང་ལྗོངས་དང་ཆུད་བཙུགས་པའི་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཏན་ལ་ཕབ་པའི་སྒྲིག་སྲོལ་དང་།

    (གཉིས) རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་དོན་གཅོད་ཐིང(ཁང)གིས་གཏན་ལ་ཕབ་པའི་སྲིད་འཛིན་གྱི་ཚད་ལྡན་རང་བཞིན་ཡིག་ཆ།

    (གསུམ) རིམ་ཁག་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་གཏན་ལ་ཕབ་པའམ་ཡང་ན་འབྲེལ་ཡོད་རྒྱལ་ཁབ་ལས་ཁུངས་དང་མཉམ་དུ་གཏན་ལ་ཕབ་པའི་ལྟ་ཞིབ་ཀྱི་ཚད་ལྡན་རང་བཞིན་ཡིག་ཆ།

    (བཞི) རིམ་ཁག་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གིས་གཏན་ལ་ཕབ་པའམ་ཡང་ན་འབྲེལ་ཡོད་རྒྱལ་ཁབ་ལས་ཁུངས་དང་མཉམ་དུ་གཏན་ལ་ཕབ་པའི་ཁྲིམས་འཛིན་གྱི་ཚད་ལྡན་རང་བཞིན་ཡིག་ཆ།

    (ལྔ) ཁྲིམས་ལྟར་ངེས་པར་དུ་སྙན་དཔོད་ཞུ་དགོས་པའི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་གཞན་དག་བཅས་སོ།

    ཆུད་བཙུགས་པའི་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཏན་ལ་ཕབ་པའི་སྒྲིག་སྲོལ་རིགས། རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་དཔོད་ཞུ་དགོས་པ་དང་སྦྲགས་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལའང་སྙན་དཔོད་ཞུ་དགོས།

    འབྲེལ་ཡོད་རྒྱལ་ཁབ་ལས་ཁུངས་དང་རྩ་འཛུགས་ཀྱིས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་། རང་སྐྱོང་སྲོལ་ཡིག ཁེར་སྤྱོད་སྲོལ་ཡིག་བཅས་ཀྱི་བླང་བྱ་ཁ་གསལ་གཞིར་བཟུང་བཟོས་པའི་ཚད་ལྡན་རང་བཞིན་གྱི་ཚང་སྒྲིག་ཡིག་ཆ་ཡིན་ཕྱིན། ངེས་པར་དུ་ཁྲིམས་སྲོལ་བཟོ་མཁན་ལས་ཁུངས་ལ་སྙན་དཔོད་ཞུ་དགོས་པ་དང་། དོན་ཚན་འདིའི་ནང་གསེས་དང་པོའི་གཏན་འབེབས་དང་མཐུན་རིགས། ངེས་པར་དུ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་དུས་མཚུངས་སུ་སྙན་དཔོད་ཞུ་དགོས།

    དོན་ཚན་བཅུ་གཅིག་པ། གཤམ་གསལ་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་རིགས། ངེས་པར་དུ་རང་ལས་རིམ་པ་གཅིག་གིས་མཐོ་བའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་དཔོད་ཞུ་དགོས་པ་སྟེ།

    (གཅིག) ཆུད་བཙུགས་པའི་གྲོང་ཁྱེར་དང་རྫོང(གྲོང་ཁྱེར་དང་ཆུད)མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཏན་ལ་ཕབ་པའི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་དང་།

    (གཉིས) ཤང་དང་། མི་རིགས་ཤང་། གྲོང་རྡལ་བཅས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་གཏན་ལ་ཕབ་པའི་ཚད་ལྡན་རང་བཞིན་གྱི་ཡིག་ཆ།

    (གསུམ) ཁྲིམས་ལྟར་ངེས་པར་དུ་སྙན་དཔོད་ཞུ་དགོས་པའི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་གཞན་དག་བཅས་སོ།

    དོན་ཚན་བཅུ་གཉིས་པ། ས་གནས་སྲིད་འཛིན་ཀུང་ཧྲུའུ་ཡིས་གཏན་ལ་ཕབ་པའི་སྲིད་འཛིན་གྱི་ཚད་ལྡན་རང་བཞིན་ཡིག་ཆ་དང་། ས་གནས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་གཏན་ལ་ཕབ་པའམ་ཡང་ན་འབྲེལ་ཡོད་རྒྱལ་ཁབ་ལས་ཁུངས་དང་མཉམ་དུ་གཏན་ལ་ཕབ་པའི་ལྟ་ཞིབ་ཀྱི་ཚད་ལྡན་རང་བཞིན་ཡིག་ཆ། ས་གནས་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ས་གནས་ཡན་ལག་ཁང་གིས་གཏན་ལ་ཕབ་པའམ་ཡང་ན་འབྲེལ་ཡོད་རྒྱལ་ཁབ་ལས་ཁུངས་དང་མཉམ་དུ་གཏན་ལ་ཕབ་པའི་ཁྲིམས་འཛིན་གྱི་ཚད་ལྡན་རང་བཞིན་ཡིག་ཆ། ས་གནས་ཁོངས་གཏོགས་རྫོང་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཏན་ལ་ཕབ་པའི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་བཅས་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ས་གནས་ལས་དོན་ཨུ་ཡོན་ལྷན་ཁང་ལ་སྙན་དཔོད་ཞུ་དགོས།

    དོན་ཚན་བཅུ་གསུམ་པ། ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་ཉིན་སུམ་ཅུའི་ནང་ངེས་པར་དུ་སྙན་དཔོད་ཞུ་དགོས།

    ཚད་ལྡན་རང་བཞིན་གྱི་ཡིག་ཆ་འབུལ་བ་དང་ཐོ་བཀོད་བྱེད་སྐབས་ངེས་པར་དུ་ཐོ་བཀོད་སྙན་ཞུ་དང་། ཚད་ལྡན་རང་བཞིན་གྱི་ཡིག་ཆའི་དངོས་གཞིའི་མ་ཡིག འབྲེལ་ཡོད་བཟོ་བཅོས་སམ་ཡང་ན་མེད་པར་བཟོས་པའི་གཏན་འབེབས་དང་གསལ་བཤད་སོགས་ཀྱི་འབྲེལ་ཡོད་ཡིག་རིགས་གོང་འབུལ་ཞུ་དགོས་པ་དང་། ཚད་ལྡན་རང་བཞིན་གྱི་ཡིག་ཆ་དེ་ཁྱབ་བསྒྲགས་བྱས་པའི་སྤྱི་བསྒྲགས་ཡོད་ཕྱིན་ངེས་པར་དུ་སྤྱི་བསྒྲགས་ཀྱང་གོང་འབུལ་ཞུ་དགོས། གཏན་འབེབས་ལས་ཁུངས་ཀྱིས་ངེས་པར་དུ་གཏན་འབེབས་བྱས་པའི་ཚད་གཞི་དང་བླང་བྱ་གཞིར་བཟུང་ངོ་གཅིག་འདྲ་གཉིས་ཀྱི་ཡིག་ཐོག་ཐོ་བཀོད་ཡིག་ཆ་དང་དེའི་གློག་རྡུལ་མ་ཡིག་འབུལ་དགོས། གློག་རྡུལ་མ་ཡིག་དེ་ངེས་པར་དུ་ཐོ་བཀོད་ཞིབ་བཤེར་ཆ་འཕྲིན་གྱི་ལས་སྟེགས་བརྒྱུད་གོང་འབུལ་ཞུ་དགོས།

    དོན་ཚན་བཅུ་བཞི་པ། ཐོ་བཀོད་ཞིབ་བཤེར་གྱི་ལས་ཀའི་སྒྲིག་གཞིས་ངེས་པར་དུ་ཐོ་བཀོད་ཡིག་ཆ་འབྱོར་ཉིན་ནས་བཟུང་གི་ཉིན་བཅུའི་ནང་ཚུན་དུ་ཞིབ་བཤེར་བྱེད་དགོས་པ་དང་། སྲོལ་ཡིག་འདིའི་ནང་གཏན་ལ་ཕབ་པའི་ཐོ་བཀོད་བླང་བྱ་དང་མཐུན་རིགས་ཐོ་བཀོད་བསྡུ་ལེན་བྱེད་དགོས། སྲོལ་ཡིག་འདིའི་ནང་གཏན་ལ་ཕབ་པའི་ཐོ་བཀོད་ཁྱབ་ཁོངས་སམ་ཡང་ན་ཚད་གཞི་དང་བླང་བྱ་དང་མི་མཐུན་རིགས་གློག་རྡུལ་བཀའ་བཀོད་ཀྱི་རྣམ་པའི་ཐོག་ནས་ཕྱིར་སློག་བྱེད་དགོས་པ་མ་ཟད་རྒྱུ་མཚན་གསལ་བཤད་ཀྱང་བྱེད་དགོས།

    ཐོ་བཀོད་ཡིག་ཆ་དེ་ཚད་གཞི་དང་བླང་བྱ་དང་མ་མཐུན་རིགས་ཕྱིར་སློག་བྱེད་དགོས་པ་དང་། གཏན་འབེབས་ལས་ཁུངས་ཀྱིས་ངེས་པར་དུ་གློག་རྡུལ་བཀའ་བཀོད་འབྱོར་ཉིན་ནས་བཟུང་གི་ཉིན་བཅུའི་ནང་གསབ་འབུལ་ཞུ་བའམ་ཡང་ན་བསྐྱར་འབུལ་ཞུ་དགོས།

    དོན་ཚན་བཅོ་ལྔ་པ། ལོ་རེའི་ཟླ་1ཚེས་31ཉིན་གྱི་གོང་། གཏན་འབེབས་ལས་ཁུངས་ཀྱིས་ངེས་པར་དུ་ལོ་འཁོར་གོང་མར་གཏན་ལ་ཕབ་པ་དང་། བཟོ་བཅོས་བརྒྱབ་པ། མེད་པ་བཟོས་པ་བཅས་ཀྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་དཀར་ཆག་དེ་ཐོ་བཀོད་ཞིབ་བཤེར་ལས་ཀའི་སྒྲིག་གཞིར་འབུལ་དགོས།

    རྫོང་རིམ་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་གིས་ངེས་པར་དུ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས་དང་མི་དམངས་འཐུས་ཚོགས་ཀྱི་དྲ་ཚུགས་བརྒྱུད་སྤྱི་ཚོགས་ཐོག་ལོ་འཁོར་གོང་མར་ཐོ་བཀོད་བྱས་པའི་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་དཀར་ཆག་ཡོངས་བསྒྲགས་བྱེད་དགོས།

    ལེའུ་གསུམ་པ། ཞིབ་བཤེར།

    དོན་ཚན་བཅུ་དྲུག་པ། རྫོང་རིམ་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཐོ་བཀོད་བྱས་ཕྱིན་ངེས་པར་དུ་ཞིབ་བཤེར་བྱེད་དགོས་པའི་བླང་བྱ་གཞིར་བཟུང་། ཞིབ་བཤེར་གྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། ཞིབ་བཤེར་གྱི་ནང་དོན་ཞིབ་ཕྲ་བཟོ་བ་དང་། ཞིབ་བཤེར་གྱི་བརྒྱུད་རིམ་ཚད་ལྡན་དུ་བཏང་ཐོག རང་འགུལ་གྱིས་ཞིབ་བཤེར་དང་། རེ་ཞུ་ལྟར་ཞིབ་བཤེར། སྤོ་སྐྱེལ་ཞིབ་བཤེར། ཆེད་དོན་ཞིབ་བཤེར། མཉམ་འབྲེལ་ཞིབ་བཤེར་སོགས་ཀྱི་བྱེད་ཐབས་ཕྱོགས་བསྡུས་ཐོག་སྤྱད་ནས་ཚད་ལྡན་རང་བཞིན་གྱི་ཡིག་ཆར་ཁྲིམས་ལྟར་ཞིབ་བཤེར་བྱེད་དགོས།

    དོན་ཚན་བཅུ་བདུན་པ། ཐོ་བཀོད་ཞིབ་བཤེར་གྱི་ལས་ཀའི་སྒྲིག་གཞིས་ཐོ་བཀོད་བྱས་པའི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཐོ་འགོད་བྱས་རྗེས། ངེས་པར་དུ་འགན་དབང་ལ་གཞིགས་ནས་རང་འགུལ་ངང་ཞིབ་བཤེར་བྱེད་དགོས་པ་མ་ཟད། ཐོ་བཀོད་བྱས་ཉིན་ནས་བཟུང་གི་ལས་ཀའི་ཉིན་གྲངས་ལྔའི་ནང་ཚུན་དུ་འགན་འཁྲི་ཁག་བགོས་ལྟར། མི་དམངས་འཐུས་མི་ཚོགས་ཆེན་གྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་ངམ་ཡང་ན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཀའི་སྒྲིག་གཞི་སོ་སོར་དུས་མཉམ་དུ་ཞིབ་བཤེར་བྱ་རྒྱུར་འབུལ་དགོས།

    དོན་ཚན་བཅོ་བརྒྱད་པ། ཚད་ལྡན་རང་བཞིན་གྱི་ཡིག་ཆར་ཞིབ་བཤེར་བྱེད་སྐབས། གཤམ་གསལ་གྱི་གནས་ཚུལ་གྲས་ཐོན་ཚེ་ངེས་པར་དུ་ཞིབ་བཤེར་བསམ་འཆར་འདོན་དགོས་པ་སྟེ།

    (གཅིག) ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་མི་མཐུན་པའམ་ཡང་ན་རྒྱལ་ཁབ་ཀྱི་སྒྱུར་བཅོས་གལ་ཆེན་གྱི་ཁ་ཕྱོགས་དང་གཅིག་མཐུན་མིན་པའི་རིགས་དང་།

    (གཉིས) དབང་ཚད་ལས་བརྒལ་ཏེ་སྤྱི་དམངས་དང་། ཁྲིམས་མི། རྩ་འཛུགས་གཞན་དག་བཅས་ཀྱི་ཁེ་དབང་ཆུང་དུ་བཏང་བའམ་ཡང་ན་དེའི་འོས་འགན་མང་དུ་བཏང་རིགས།

    (གསུམ) བཅའ་ཁྲིམས་དང་། ཁྲིམས་སྲོལ། གོང་རིམ་མམ་ཡང་ན་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད་དང་ཆོད་དོན་གྱི་གཏན་འབེབས་ལས་འགལ་རིགས།

    (བཞི) ཁྲིམས་བཀོད་གོ་རིམ་ལས་འགལ་རིགས།

    (ལྔ) སྤྱད་པའི་བྱེད་ཐབས་དང་དེའི་དམིགས་ཡུལ་བསྡུར་གཞིའི་རྩ་དོན་དང་མ་མཐུན་རིགས།

    (དྲུག) སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་སྤྱི་སྒྲིག་སྲོལ་བཟང་ལས་མངོན་གསལ་འགལ་རིགས།

    (བདུན) དངོས་ཡོད་གནས་ཚུལ་ལ་འགྱུར་ལྡོག་ཆེན་པོ་བྱུང་བའི་རྐྱེན་གྱིས་མུ་མཐུད་ལག་བསྟར་བྱེད་རྒྱུར་མ་འཚམ་རིགས།

    (བརྒྱད) བཅའ་ཁྲིམས་ཁྲིམས་སྲོལ་དང་འགལ་བའམ་ཡང་ན་རྩ་བ་ནས་འཚམ་པོ་མེད་པའི་གནས་ཚུལ་གཞན་དག་བཅས་སོ།

    དོན་ཚན་བཅུ་དགུ་པ། རྫོང་རིམ་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚད་ལྡན་རང་བཞིན་གྱི་ཡིག་ཆར་ཞིབ་བཤེར་བྱེད་སྐབས། ཚད་ལྡན་རང་བཞིན་གྱི་ཡིག་ཆར་རྩ་ཁྲིམས་ཀྱི་གཏན་འབེབས་དང་། རྩ་ཁྲིམས་ཀྱི་རྩ་དོན། རྩ་ཁྲིམས་ཀྱི་དགོངས་དོན་བཅས་དང་མི་མཐུན་པའི་གནས་ཚུལ་ཡོད་པ་ཤེས་ཚེ། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཡིག་ཐོག་ནས་ཞིབ་བཤེར་བྱ་རྒྱུའི་རེ་ཞུ་འབུལ་དགོས།

    དོན་ཚན་ཉི་ཤུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང(ས་ཁུལ་སྲིད་འཛིན་ཀུང་ཧྲུའུ)དང་། ལྟ་ཞིབ་ཨུ་ཡོན་ལྷན་ཁང་། མི་དམངས་ཁྲིམས་ཁང་། མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱིས་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང(རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ས་གནས་ལས་དོན་ཨུ་ཡོན་ལྷན་ཁང)གིས་ཐོ་བཀོད་ཞིབ་བཤེར་གྱི་འགན་ཁུར་བའི་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་ནང་སྲོལ་ཡིག་འདིའི་དོན་ཚན་བཅོ་བརྒྱད་པའི་ནང་དོན་འཁོད་པའི་གནས་ཚུལ་ཡོད་པའི་ངོས་འཛིན་བྱས་རིགས་ལ། རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང(རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ས་གནས་ལས་དོན་ཨུ་ཡོན་ལྷན་ཁང)ལ་ཡིག་ཐོག་ནས་ཞིབ་བཤེར་བྱ་རྒྱུའི་རེ་ཞུ་འབུལ་དགོས།

    ཆུད་བཙུགས་པའི་གྲོང་ཁྱེར་དང་རྫོང(གྲོང་ཁྱེར་དང་ཆུད)མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རང་ལས་རིམ་པ་གཅིག་གིས་མཐོ་བའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང(རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ས་གནས་ལས་དོན་ཨུ་ཡོན་ལྷན་ཁང)ནས་ཐོ་བཀོད་ཞིབ་བཤེར་བྱེད་འགན་ཁུར་བའི་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་ནང་སྲོལ་ཡིག་འདིའི་དོན་ཚན་བཅོ་བརྒྱད་པའི་ནང་དོན་འཁོད་པའི་གནས་ཚུལ་ཡོད་པར་ངོས་འཛིན་བྱས་རིགས་ལ། རང་ལས་རིམ་པ་གཅིག་གིས་མཐོ་བའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང(རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ས་གནས་ལས་དོན་ཨུ་ཡོན་ལྷན་ཁང)ལ་ཡིག་ཐོག་ནས་ཞིབ་བཤེར་བྱེད་རྒྱུའི་རེ་ཞུ་འབུལ་དགོས།

    ཐོ་བཀོད་ཞིབ་བཤེར་ལས་ཀའི་སྒྲིག་གཞིར་ཞིབ་བཤེར་བླང་བྱ་འབྱོར་རྗེས། ངེས་པར་དུ་རྩིས་ལེན་དང་། ཐོ་འགོད། ཞིབ་བཤེར་བཅས་བྱེད་དགོས་པ་དང་སྦྲགས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་ངམ་ཡང་ན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཀའི་སྒྲིག་གཞི་ཁག་སོ་སོར་ཞིབ་བཤེར་བྱ་རྒྱུར་ཕུལ་ནས་བསམ་འཆར་འདོན་དགོས།

    དོན་ཚན་ཉེར་གཅིག་པ། སྲོལ་ཡིག་འདིའི་དོན་ཚན་ཉི་ཤུ་པའི་གཏན་འབེབས་ཕུད་པའི་དེ་མིན་གྱི་རྒྱལ་ཁབ་ལས་ཁུངས་དང་། སྤྱི་ཚོགས་ཚོགས་པ། ཁེ་ལས་དང་བྱ་གཞག་རྩ་འཛུགས། དེ་བཞིན་སྤྱི་དམངས་བཅས་ཀྱིས་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་ནང་སྲོལ་ཡིག་འདིའི་དོན་ཚན་བཅོ་བརྒྱད་པའི་ནང་འཁོད་ཀྱི་གནས་ཚུལ་འདུག་སྙམ་ཚེ། ཞིབ་བཤེར་བྱེད་དབང་ཡོད་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་(རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ས་གནས་ལས་དོན་ཨུ་ཡོན་ལྷན་ཁང)ལ་ཡིག་ཐོག་ནས་ཞིབ་བཤེར་བྱ་རྒྱུའི་གྲོས་འཆར་འདོན་ཆོག་པ་དང་། སྙན་དཔོད་ཞིབ་བཤེར་ལས་ཚན་གྱིས་རྩིས་ལེན་དང་། ཐོ་འགོད། ཞིབ་བཤེར་བཅས་བྱ་རྒྱུ་དང་། དགོས་ངེས་སྐབས་སུ་མི་དམངས་འཐུས་མི་ཚོགས་ཆེན་གྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་ངམ་ཡང་ན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཚན་ལ་ཁག་སོ་སོར་ཞིབ་བཤེར་བྱ་རྒྱུར་ཕུལ་ནས་བསམ་འཆར་འདོན་རོགས་ཞུ་དགོས།

    དོན་ཚན་ཉེར་གཉིས་པ། ཞིབ་བཤེར་བྱ་རྒྱུའི་བླང་བྱའམ་ཡང་ན་ཞིབ་བཤེར་གྱི་གྲོས་འཆར་ནང་ངེས་པར་དུ་བླང་བྱའམ་ཡང་ན་ཞིབ་བཤེར་བྱ་རྒྱུའི་གྲོས་འཆར་བཏོན་པའི་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་མིང་དང་། ཞིབ་བཤེར་བྱ་རྒྱུའི་དོན་གནད་དང་རྒྱུ་མཚན་གསལ་པོ་འབྲི་དགོས་པ་མ་ཟད། ཚད་ལྡན་རང་བཞིན་གྱི་ཡིག་ཆའི་མ་ཡིག་མཉམ་དུ་སྦྱར་དགོས། ཞིབ་བཤེར་བྱ་རྒྱུའི་བླང་བྱའམ་ཡང་ན་གྲོས་འཆར་གྱི་ནང་དོན་ཆ་ཚང་པོ་བྱུང་མེད་ཚེ། སྙན་དཔོད་ཞིབ་བཤེར་ལས་ཚན་གྱིས་ངེས་པར་དུ་ཞིབ་བཤེར་གྱི་བླང་བྱ་དང་གྲོས་འཆར་འདོན་མཁན་ལ་ཁ་སྐོང་བྱེད་དགོས་པའི་གསལ་བརྡ་གཏོང་དགོས།

    དོན་ཚན་ཉེར་གསུམ་པ། སྙན་དཔོད་ཞིབ་བཤེར་ལས་ཚན་ལ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྙན་དཔོད་ཞིབ་བཤེར་བྱེད་ཁོངས་སུ་མ་གཏོགས་པའི་ཞིབ་བཤེར་བྱ་རྒྱུའི་བླང་བྱའམ་ཡང་ན་གྲོས་འཆར་འབྱོར་ཚེ། ངེས་པར་དུ་ཉིན་ཅུའི་ནང་ཚུན་དུ་འབྲེལ་ཡོད་ལས་ཁུངས་ལ་ཐག་གཅོད་བྱ་རྒྱུར་སྐྱེལ་སྤྲོད་བྱེད་དགོས། སྐྱེལ་སྤྲོད་བྱེད་སྐབས་ཞིབ་འཇུག་ཐག་གཅོད་བྱ་རྒྱུའི་བསམ་འཆར་དང་གྲོས་འཆར་འདོན་ཆོག

    འབྲེལ་ཡོད་ལས་ཁུངས་ཀྱིས་རྫོང་རིམ་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཞིབ་བཤེར་བྱ་རྒྱུར་བསྐྱལ་བའི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཡིན་ཕྱིན། སྙན་དཔོད་ཞིབ་བཤེར་ལས་ཚན་གྱིས་སྲོལ་ཡིག་འདིའི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཞིབ་བཤེར་ཐག་གཅོད་བྱེད་དགོས།

    དོན་ཚན་ཉེར་བཞི་པ། ཞིབ་འཇུག་བྱས་པ་བརྒྱུད། ཞིབ་བཤེར་བྱ་རྒྱུའི་གྲོས་འཆར་ལ་གཤམ་གསལ་གྱི་གནས་ཚུལ་གྲས་ཤིག་ཡོད་ཚེ། ཞིབ་བཤེར་གྱི་ལས་རིམ་མ་སྤེལ་ན་འགྲིག་པ་སྟེ།

    (གཅིག) ཞིབ་བཤེར་བྱ་རྒྱུའི་གྲོས་འཆར་བཏོན་པའི་ཚད་ལྡན་རང་བཞིན་གྱི་ཡིག་ཆར་བཟོ་བཅོས་བརྒྱབ་ཟིན་པའམ་ཡང་ན་རྩིས་མེད་དུ་བཏང་ཟིན་པའི་རིགས་དང་།

    (གཉིས) བཟོ་འབེབས་ལས་ཁུངས་ཀྱིས་ཞིབ་བཤེར་བྱ་རྒྱུའི་གྲོས་འཆར་བཏོན་པའི་ཚད་ལྡན་རང་བཞིན་གྱི་ཡིག་ཆར་བཟོ་བཅོས་རྒྱག་པའམ་ཡང་ན་དེ་རྩིས་མེད་དུ་གཏོང་རྒྱུའི་མོས་མཐུན་ཁ་གསལ་བྱས་པའི་རིགས།

    (གསུམ) ཞིབ་བཤེར་བྱ་རྒྱུའི་གྲོས་འཆར་བཏོན་པའི་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་གཏན་འབེབས་གཅིག་མཚུངས་བྱེད་རིགས་ལ་ཞིབ་བཤེར་བྱས་ཟིན་པ་མ་ཟད། ཞིབ་བཤེར་བྱས་འབྲས་ཡོད་པའི་རིགས།

    (བཞི) ཞིབ་བཤེར་བྱ་རྒྱུའི་གྲོས་འཆར་བཏོན་པའི་རྒྱུ་མཚན་གསལ་པོ་མེད་པའམ་ཡང་ན་ཁུངས་ལུང་མེད་པའི་རིགས།

    (ལྔ) ཞིབ་བཤེར་ལས་རིམ་སྤེལ་རྒྱུ་མིན་པའི་གནས་ཚུལ་གཞན་དག་བཅས་སོ།

    སྙན་དཔོད་ཞིབ་བཤེར་ལས་ཚན་གྱིས་ཞིབ་བཤེར་ལས་རིམ་སྤེལ་རྒྱུ་མིན་པའི་ཐག་བཅད་ཚེ། ངེས་པར་དུ་ཞིབ་བཤེར་བྱ་རྒྱུའི་གྲོས་འཆར་འདོན་མཁན་རྒྱལ་ཁབ་ལས་ཁུངས་དང་། སྤྱི་ཚོགས་ཚོགས་པ། ཁེ་ལས་དང་བྱ་གཞག་རྩ་འཛུགས། སྤྱི་དམངས་བཅས་ལ་དུས་ཐོག་ཏུ་ཤེས་སུ་འཇུག་དགོས་པ་མ་ཟད། རྒྱུ་མཚན་གསལ་བཤད་བྱེད་དགོས།

    དོན་ཚན་ཉེར་ལྔ་པ། སྙན་དཔོད་ཞིབ་བཤེར་ལས་ཚན་དང་མི་དམངས་འཐུས་མི་ཚོགས་ཆེན་གྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་ངམ་ཡང་ན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཚན་གྱིས་གཤམ་གསལ་གྱི་ཚད་ལྡན་རང་བཞིན་ཡིག་ཆར་ཆེད་དོན་ཞིབ་བཤེར་བྱེད་ཆོག་པ་སྟེ།

    (གཅིག) ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་། རྒྱལ་ཁབ་ཀྱི་གལ་ཆེའི་བསྒྱུར་བཅོས། སྲིད་ཇུས་ལེགས་སྒྲིག་བཅས་དང་འབྲེལ་བ་ཡོད་པའི་རིགས་དང་།

    (གཉིས) གལ་ཆེའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་ལེན་བསྟར་རྒྱུ་དང་འབྲེལ་བ་ཡོད་པའི་རིགས།

    (གསུམ) མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་དོ་ཁུར་བྱེད་པའི་གལ་ཆེའི་གནད་དོན་དང་འབྲེལ་བ་ཡོད་པའི་རིགས།

    (བཞི) གོང་རིམ་དང་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད་དང་ཆོད་དོན། རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་ལས་དོན་གྱི་འཆར་གཞི་བཅས་ཀྱི་བླང་བྱ་བཞིན་ཆེད་དོན་ཞིབ་བཤེར་བྱེད་དགོས་པའི་རིགས།

    (ལྔ) དམིགས་བསལ་ཁྱབ་ཁོངས་ཀྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་ནང་ཐུན་མོང་རང་བཞིན་གྱི་གནད་དོན་ཡོད་པ་ཤེས་རྟོགས་བྱུང་བའི་རིགས།

    (དྲུག) ཆེད་དོན་ཞིབ་བཤེར་བྱེད་དགོས་པའི་རིགས་གཞན་དག་བཅས་སོ།

    དོན་ཚན་ཉེར་དྲུག་པ། རྫོང་རིམ་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་དེའི་སྙན་དཔོད་ཞིབ་བཤེར་ལས་ཚན་གྱིས་དགོས་མཁོར་གཞིགས་ནས། གལ་ཆེའི་བཅའ་ཁྲིམས་བཟོ་འབེབས་བྱེད་པའམ་ཡང་ན་བཟོ་བཅོས་རྒྱག་པ་དང་། སྤྱི་ཚོགས་ཀྱི་ཐུན་མོང་ཁེ་ཕན་སོགས་དང་འབྲེལ་བ་ཡོད་པའི་ཚད་ལྡན་རང་བཞིན་གྱི་ཡིག་ཆར་གཅིག་སྡུད་ཐོག་གཙང་བཤེར་བྱེད་དུ་འཇུག་ཆོག་པ་དང་། འབྲེལ་ཡོད་ཕྱོགས་ལ་བཅའ་ཁྲིམས་ཀྱི་གཏན་འབེབས་དང་། ཀྲུང་དབྱང་གི་དགོངས་དོན། དུས་རབས་ཀྱི་བླང་བྱ་བཅས་དང་མི་མཐུན་པ་དང་། འབྲེལ་མཐུད་མི་ཐུབ་པ། མི་འཚམ་པ་བཅས་ཀྱི་གཏན་འབེབས་རིགས་དུས་ཐོག་ཏུ་བཟོ་བཅོས་རྒྱག་པའམ་ཡང་ན་རྩིས་མེད་དུ་གཏོང་དགོས་པ་མ་ཟད། འཕྲལ་མར་ཚང་སྒྲིག་གཏན་འབེབས་བཟོ་རྒྱུའི་སྐུལ་མ་གཏོང་དགོས།

    དོན་ཚན་ཉེར་བདུན་པ། སྙན་དཔོད་ཞིབ་བཤེར་ལས་ཚན་དང་། མི་དམངས་འཐུས་མི་ཚོགས་ཆེན་གྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་ངམ་ཡང་ན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལས་ཚན་གྱིས་ཚད་ལྡན་རང་བཞིན་གྱི་ཡིག་ཆར་ཞིབ་བཤེར་བྱེད་སྐབས། ངེས་པར་དུ་བརྟག་དཔྱད་ཞིབ་འཇུག་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་བཟོ་འབེབས་ལས་ཁུངས་ཀྱི་གནས་ཚུལ་གསལ་བཤད་དང་ཚུར་ལན་བསམ་འཆར་ལ་ཉན་དགོས་པ་དང་། བཞུགས་མོལ་ཚོགས་འདུ་དང་། རིགས་སྒྲུབ་ཁུངས་སྐྱེལ་ཚོགས་འདུ། གཟུ་ཉན་ཚོགས་འདུ། བཅར་འདྲི་བརྟག་ཞིབ། མངགས་བཅོལ་ཞིབ་འཇུག་སོགས་ཀྱི་ཐོག་ནས་འབྲེལ་ཡོད་རྒྱལ་ཁབ་ལས་ཁུངས་དང་། སྤྱི་ཚོགས་ཚོགས་པ། ཁེ་ལས་དང་བྱ་གཞག་རྩ་འཛུགས། མི་དམངས་འཐུས་ཚོགས་ཀྱི་འཐུས་མི། རིགས་གཅིག་མཁས་དབང་། དེ་བཞིན་ཁེ་ཕན་དང་འབྲེལ་བ་ཡོད་པའི་ཕྱོགས་བཅས་ཀྱི་བསམ་འཆར་ཉན་དགོས།

    སྙན་དཔོད་ཞིབ་བཤེར་ལས་ཚན་དང་། མི་དམངས་འཐུས་མི་ཚོགས་ཆེན་གྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་ངམ་ཡང་ན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལས་ཚན་གྱིས་ངེས་པར་དུ་མཐུན་སྦྱོར་རོགས་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་ཤིང་། གལ་ཆེའི་གནད་དོན་དང་གནས་ཚུལ་འཕྲད་སྐབས། ཐུན་མོང་ཐོག་ཞིབ་འཇུག་དང་མཐུན་སྦྱོར་བྱེད་ཆོག་པ་དང་། དགོས་མཁོ་གཞིར་བཟུང་ཚད་ལྡན་རང་བཞིན་གྱི་ཡིག་ཆར་མཉམ་འབྲེལ་ཞིབ་བཤེར་བྱེད་ཆོག་པ། བསམ་འཆར་མ་མཐུན་པ་བྱུང་ཚེ། སྙན་དཔོད་ཞིབ་བཤེར་ལས་ཚན་གྱིས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུར་སྙན་སེང་ཞུ་དགོས།

    དོན་ཚན་ཉེར་བརྒྱད་པ། རྫོང་རིམ་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྙན་དཔོད་ཞིབ་བཤེར་ལས་ཚན་གྱིས་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་ནང་ལས་ཁུངས་གཞན་དག་གི་སྙན་དཔོད་ཞིབ་བཤེར་བྱེད་པའི་འགན་འཁྲིའི་ཁྱབ་ཁོངས་དང་འབྲེལ་བ་ཡོད་པའི་ཐུན་མོང་རང་བཞིན་གྱི་གནད་དོན་ཡོད་པ་ཤེས་རྟོགས་བྱུང་ཚེ། ལས་ཁུངས་གཞན་དག་གི་འབྲེལ་ཡོད་ལས་ཚན་དང་མཉམ་འབྲེལ་ཐོག་བརྟག་དཔྱད་ཞིབ་འཇུག་གམ་ཡང་ན་ཞིབ་བཤེར་བྱས་ཏེ་མཉམ་དུ་ཞིབ་འཇུག་བྱས་ནས་བསམ་འཆར་དང་གྲོས་འཆར་འདོན་ཆོག

    དོན་ཚན་ཉེར་དགུ་པ། མི་དམངས་འཐུས་མི་ཚོགས་ཆེན་གྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་ངམ་ཡང་ན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལས་ཚན་གྱིས་ཁག་སོ་སོར་སྐྱེལ་སྤྲོད་བྱས་པའི་སྙན་དཔོད་ཡིག་ཆ་འབྱོར་ཉིན་ནས་བཟུང་ཉིན་སུམ་ཅུའི་ནང་ཚུན་དུ་ཡིག་ཐོག་ནས་ཞིབ་བཤེར་བསམ་འཆར་བཏོན་ཐོག སྙན་དཔོད་ཞིབ་བཤེར་ལས་ཚན་ལ་ལན་སྤྲོད་བྱེད་དགོས་པ་དང་། སྙན་དཔོད་ཞིབ་བཤེར་ལས་ཚན་གྱིས་ངེས་པར་དུ་ཐོ་འགོད་བྱས་ཉིན་ནས་བཟུང་ཟླ་གསུམ་གྱི་ནང་ཚུན་དུ་ཞིབ་བཤེར་ལས་དོན་ལེགས་སྒྲུབ་བྱེད་དགོས།

    དམིགས་བསལ་གནས་ཚུལ་གྱི་རྐྱེན་པས་ཞིབ་བཤེར་བྱེད་པའི་དུས་ཚོད་འགྱང་དགོས་ཚེ། སྙན་དཔོད་ཞིབ་བཤེར་ལས་ཚན་གྱི་འགན་འཁུར་བའི་ཆོག་མཆན་ཐོབ་པ་བརྒྱུད་ཉིན་སུམ་ཅུ་འགྱང་ཆོག

    ལེའུ་བཞི་པ། ཐག་གཅོད།

    དོན་ཚན་སུམ་ཅུ་པ། ཞིབ་བཤེར་བྱས་པ་བརྒྱུད། ཚད་ལྡན་རང་བཞིན་གྱི་ཡིག་ཆའི་ནང་སྲོལ་ཡིག་འདིའི་དོན་ཚན་བཅོ་བརྒྱད་པའི་ནང་འཁོད་གནས་ཚུལ་འདུག་སྙམ་ཚེ། སྙན་དཔོད་ཞིབ་བཤེར་ལས་ཚན་དང་། མི་དམངས་འཐུས་མི་ཚོགས་ཆེན་གྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་ངམ་ཡང་ན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལས་ཚན་གྱིས་བཞུགས་མོལ་ཚོགས་འདུ་དང་གནས་ཚུལ་བརྡ་ཁྱབ་གཏོང་བའི་ཚོགས་འདུ་སོགས་སྐོང་འཚོགས་བྱས་ཐོག་བཟོ་འབེབས་བྱེད་མཁན་ལས་ཁུངས་དང་བསམ་འཆར་སྤེལ་རེས་བྱེད་ཆོག་པའམ་ཡང་ན་ཡིག་ཐོག་ནས་བཟོ་འབེབས་ལས་ཁུངས་ལ་དེ་དོན་གྱི་འབྲེལ་ཡོད་གནས་ཚུལ་འདྲི་རྩད་བྱེད་ཆོག

    དོན་ཚན་སོ་གཅིག་པ། ཞིབ་བཤེར་བྱས་པ་བརྒྱུད། ཚད་ལྡན་རང་བཞིན་གྱི་ཡིག་ཆའི་ནང་སྲོལ་ཡིག་འདིའི་དོན་ཚན་བཅོ་བརྒྱད་པའི་ནང་འཁོད་གནས་ཚུལ་འདུག་པས་ངེས་པར་དུ་ཡོ་བསྲང་བྱེད་དགོས་འདུག་སྙམ་ཚེ། ཐོ་འགོད་ཞིབ་བཤེར་ལས་ཚན་དང་། མི་དམངས་འཐུས་མི་ཚོགས་ཆེན་གྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་ངམ་ཡང་ན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལས་ཚན་གྱིས་བཟོ་འབེབས་ལས་ཁུངས་དང་མཐུན་སྦྱོར་བྱས་ནས་དུས་ཐོག་ཏུ་བཟོ་བཅོས་རྒྱག་པའམ་ཡང་ན་རྩིས་མེད་དུ་གཏོང་དགོས།

    འབྲེལ་གཏུག་བྱས་པ་བརྒྱུད། བཟོ་འབེབས་ལས་ཁུངས་ཀྱིས་ཚད་ལྡན་རང་བཞིན་གྱི་ཡིག་ཆར་བཟོ་བཅོས་རྒྱག་པའམ་ཡང་ན་རྩིས་མེད་དུ་གཏོང་རྒྱུར་མོས་མཐུན་བྱས་པ་མ་ཟད། ཡིག་ཐོག་ནས་ཐག་གཅོད་ཀྱི་འཆར་གཞི་དང་དུས་བཅད་ཁ་གསལ་བཏོན་རིགས་ལ། ཡིག་ཐོག་ནས་ཞིབ་བཤེར་བསམ་འཆར་མ་བཏོན་པར་ཞིབ་བཤེར་བྱེད་མཚམས་འཇོག་རྒྱུ། འབྲེལ་གཏུག་བྱས་པ་བརྒྱུད། བཟོ་འབེབས་ལས་ཁུངས་ཀྱིས་བཟོ་བཅོས་རྒྱག་པ་དང་རྩིས་མེད་དུ་གཏོང་རྒྱུར་མོས་མཐུན་མ་བྱས་པའམ་ཡང་ན་ཡིག་ཐོག་ནས་ཐག་གཅོད་ཀྱི་འཆར་གཞི་དང་དུས་བཅད་ཁ་གསལ་བཏོན་མེད་པའི་རིགས་ལ། སྙན་དཔོད་ཞིབ་བཤེར་ལས་ཚན་དང་། མི་དམངས་འཐུས་མི་ཚོགས་ཆེན་གྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་ངམ་ཡང་ན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལས་ཚན་གྱིས་བཅའ་ཁྲིམས་གཞིར་བཟུང་བཟོ་འབེབས་ལས་ཁུངས་ལ་ཡིག་ཐོག་ནས་ཞིབ་བཤེར་བསམ་འཆར་འདོན་དགོས།

    དོན་ཚན་སོ་གཉིས་པ། བཟོ་འབེབས་ལས་ཁུངས་ལ་ཡིག་ཐོག་གི་ཞིབ་བཤེར་བསམ་འཆར་འབྱོར་རྗེས། ངེས་པར་དུ་ཉིན་དྲུག་ཅུའི་ནང་ཚུན་དུ་ཚད་ལྡན་རང་བཞིན་གྱི་ཡིག་ཆར་བཟོ་བཅོས་སམ་ཡང་ན་རྩིས་མེད་དུ་གཏོང་རྒྱུའི་ཡིག་ཐོག་གི་ཐག་གཅོད་བསམ་འཆར་འདོན་དགོས་པ་མ་ཟད། ཡིག་ཐོག་གི་ཐག་གཅོད་བསམ་འཆར་དེ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་འབུལ་དགོས། དུས་བཀག་ལས་ཡོལ་ཏེ་ཡིག་ཐོག་གི་ཐག་གཅོད་བསམ་འཆར་བསྐྱལ་མེད་པའི་རིགས་ལ། སྙན་དཔོད་ཞིབ་བཤེར་ལས་ཚན་གྱིས་བཟོ་འབེབས་ལས་ཁུངས་ལ་སྐུལ་འདེད་བཏང་ནས་དུས་བཀག་ནང་སྐྱེལ་དགོས་པའི་རེ་བ་འདོན་ཆོག

    དོན་ཚན་སོ་གསུམ་པ། ཞིབ་བཤེར་བྱས་པ་བརྒྱུད། ཚད་ལྡན་རང་བཞིན་གྱི་ཡིག་ཆའི་ནང་སྲོལ་ཡིག་འདིའི་དོན་ཚན་བཅོ་བརྒྱད་པའི་ནང་འཁོད་གནས་ཚུལ་མེད་པའམ་ཡང་ན་བཟོ་འབེབས་ལས་ཁུངས་ཀྱིས་ཡིག་ཐོག་གི་ཞིབ་བཤེར་བསམ་འཆར་གཞིར་བཟུང་། འབྲེལ་ཡོད་ཚད་ལྡན་རང་བཞིན་གྱི་ཡིག་ཆར་བཟོ་བཅོས་རྒྱག་པ་དང་རྩིས་མེད་དུ་གཏོང་དགོས་འདུག་སྙམ་ཚེ། ཞིབ་བཤེར་བྱེད་མཚམས་འཇོག་རྒྱུ།

    གོ་ནོར་ཐེབས་ནས་ལག་བསྟར་ཡང་དག་མི་ཐུབ་པ་སོགས་ཀྱི་གནད་དོན་ཐོན་སྲིད་པའི་ཚད་ལྡན་རང་བཞིན་གྱི་ཡིག་ཆར། སྙན་དཔོད་ཞིབ་བཤེར་ལས་ཚན་གྱིས་བཟོ་འབེབས་ལས་ཁུངས་ལ་ཡིག་འཕྲིན་ཐོག་ནས་དྲན་སྐུལ་བྱས་ཏེ་བསམ་འཆར་དང་གྲོས་འགོ་འདོན་ཆོག

    དོན་ཚན་སོ་བཞི་པ། བཟོ་འབེབས་ལས་ཁུངས་ཀྱིས་ཡིག་ཐོག་གི་ཞིབ་བཤེར་བསམ་འཆར་རམ་ཡང་ན་ཐག་གཅོད་ཀྱི་འཆར་གཞི་ལྟར་ཚད་ལྡན་རང་བཞིན་གྱི་ཡིག་ཆར་བཟོ་བཅོས་མ་བརྒྱབ་པ་དང་རྩིས་མེད་དུ་མ་བཏང་ཚེ། སྙན་དཔོད་ཞིབ་བཤེར་ལས་ཚན་དང་མི་དམངས་འཐུས་མི་ཚོགས་ཆེན་གྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་ངམ་ཡང་ན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལས་ཚན་གྱིས་ཁྲིམས་བཞིན་གཤམ་གསལ་གྲོས་གཞི་དང་གྲོས་འཆར་ཁག་འདོན་ཆོག་པ་དང་། མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུའི་ཐོག་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་ཐག་གཅོད་དགོས་པ་སྟེ།

    (གཅིག) འབྲེལ་ཡོད་ཚད་ལྡན་རང་བཞིན་གྱི་ཡིག་ཆ་དེ། བཅའ་ཁྲིམས་དང་ཁྲིམས་སྲོལ་སོགས་ཀྱི་གཏན་འབེབས་དང་འགལ་ཡོད་པ་གཏན་འཁེལ་བྱུང་སྟེ་བཟོ་འབེབས་ལས་ཁུངས་ལ་དུས་བཀག་ནང་བཟོ་བཅོས་རྒྱག་པའམ་ཡང་ན་རྩིས་མེད་དུ་གཏོང་རྒྱུའི་རེ་བ་འདོན་པ་དང་།

    (གཉིས) བཟོ་འབེབས་ལས་ཁུངས་རང་སོ་སོས་འབྲེལ་ཡོད་ཚད་ལྡན་རང་བཞིན་གྱི་ཡིག་ཆར་བཟོ་བཅོས་བརྒྱབ་སྟེ་འཐུས་ལེགས་སུ་གཏོང་བའམ་ཡང་ན་བཟོ་འབེབས་ལས་ཁུངས་ལ་གཙང་བཤེར་བྱ་རྒྱུའི་རེ་བ་འདོན་པ།

    (གསུམ) ཁྲིམས་ལྟར་ཕྱིར་འཐེན་བྱེད་པ་བཅས་སོ།

    མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཕྱིར་འཐེན་བྱ་རྒྱུའི་གྲོས་གཞི་དང་གྲོས་འཆར་ལ་གྲོས་ཞིབ་བྱེད་སྐབས། བཟོ་འབེབས་ལས་ཁུངས་ཀྱིས་ངེས་པར་དུ་འབྲེལ་ཡོད་འགན་འཁུར་བ་ཚོགས་འདུར་ཞུགས་སུ་བཅུག་སྟེ་བསམ་འཆར་ཉན་པ་དང་འདྲི་རྩད་ལ་ལན་འདེབས་སུ་འཇུག་དགོས།

    དོན་ཚན་སོ་ལྔ་པ། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྙན་དཔོད་ཞིབ་བཤེར་ལས་ཚན་གྱིས་ཞིབ་བཤེར་བྱས་ནས། ཆུད་བཙུགས་པའི་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་སྒྲིག་སྲོལ་ནང་སྲོལ་ཡིག་འདིའི་དོན་ཚན་བཅོ་བརྒྱད་པའི་ནང་འཁོད་གནས་ཚུལ་འདུག་པས་ངེས་པར་དུ་ཡོ་བསྲང་བྱེད་དགོས་འདུག་སྙམ་ཚེ། ཡིག་ཐོག་གི་ཞིབ་བཤེར་བསམ་འཆར་འདོན་དགོས་པ་དང་། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ངམ་ཡང་ན་ཆུད་བཙུགས་པའི་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲོད་བྱེད་དགོས་པ་མ་ཟད། ཐག་གཅོད་བྱས་འབྲས་ཚུར་ལན་སྤྲོད་རྒྱུའི་རེ་བ་འདོན་དགོས།

    དོན་ཚན་སོ་དྲུག་པ། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ས་གནས་ལས་དོན་ཨུ་ཡོན་ལྷན་ཁང་གིས་རང་སོ་སོར་སྙན་དཔོད་བྱ་རྒྱུར་བསྐྱལ་བའི་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་ནང་སྲོལ་ཡིག་འདིའི་དོན་ཚན་བཅོ་བརྒྱད་པའི་ནང་འཁོད་གནས་ཚུལ་འདུག་པས་ངེས་པར་དུ་ཡོ་བསྲང་བྱེད་དགོས་འདུག་སྙམ་ཚེ། བཟོ་འབེབས་ལས་ཁུངས་དང་མཐུན་སྦྱོར་བྱས་ཏེ་དུས་ཐོག་ཏུ་བཟོ་བཅོས་རྒྱག་པའམ་ཡང་ན་རྩིས་མེད་དུ་གཏོང་དགོས། འབྲེལ་གཏུག་བྱས་པ་བརྒྱུད་བཟོ་འབེབས་ལས་ཁུངས་ཀྱིས་ཚད་ལྡན་རང་བཞིན་གྱི་ཡིག་ཆར་བཟོ་བཅོས་རྒྱག་པའམ་ཡང་ན་རྩིས་མེད་དུ་གཏོང་རྒྱུའི་མོས་མཐུན་བྱས་པ་མ་ཟད། ཡིག་ཐོག་ནས་ཐག་གཅོད་ཀྱི་འཆར་གཞི་དང་དུས་བཅད་ཁ་གསལ་བཏོན་རིགས་ལ། ཡིག་ཐོག་ནས་ཞིབ་བཤེར་བསམ་འཆར་མ་བཏོན་པར་ཞིབ་བཤེར་བྱེད་མཚམས་འཇོག་རྒྱུ། མཐུན་སྦྱོར་བྱས་ཀྱང་བཟོ་འབེབས་ལས་ཁུངས་ཀྱིས་བཟོ་བཅོས་དང་རྩིས་མེད་དུ་གཏོང་རྒྱུའི་མོས་མཐུན་མ་བྱས་པའམ་ཡང་ན་ཡིག་ཐོག་ནས་ཐག་གཅོད་ཀྱི་འཆར་གཞི་དང་དུས་བཅད་མ་བཏོན་ཚེ། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ས་གནས་ལས་དོན་ཨུ་ཡོན་ལྷན་ཁང་གིས་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་སེང་ཞུ་དགོས།

    དོན་ཚན་སོ་བདུན་པ། མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་གྲོས་ཞིབ་བྱས་ནས་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཕྱིར་འཐེན་བྱེད་དགོས་འདུག་སྙམ་ཚེ། ཕྱིར་འཐེན་བྱ་རྒྱུའི་ཆོད་དོན་འཇོག་དགོས་པ་མ་ཟད། སྤྱི་ཚོགས་ཐོག་ཁྱབ་བསྒྲགས་བྱེད་དགོས།

    མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་ཚད་ལྡན་རང་བཞིན་གྱི་ཡིག་ཆ་བཟོ་བཅོས་དང་། རྩིས་མེད་དུ་གཏོང་བ། གཙང་བཤེར་བཅས་བྱ་རྒྱུའི་བླང་བྱ་བཏོན་རིགས། བཟོ་འབེབས་ལས་ཁུངས་ཀྱིས་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས་པ་མ་ཟད། ཐག་གཅོད་བྱས་རྗེས་ཀྱི་ཉིན་སུམ་ཅུའི་ནང་ཚུན་དུ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཐག་གཅོད་བྱས་ཚུལ་ཡིག་ཐོག་ནས་སྙན་སེང་ཞུ་དགོས།

    དོན་ཚན་སོ་བརྒྱད་པ། ཚད་ལྡན་རང་བཞིན་གྱི་ཡིག་ཆར་ཡོ་བསྲང་བྱས་པའམ་ཡང་ན་ཕྱིར་འཐེན་བྱས་རྗེས། ཚད་ལྡན་རང་བཞིན་གྱི་ཡིག་ཆ་གཞན་དག་ནང་གནད་དོན་གཅིག་མཚུངས་ཡོད་ཚེ། བཟོ་འབེབས་ལས་ཁུངས་ཀྱིས་ངེས་པར་དུ་འཕྲལ་མར་བཟོ་བཅོས་རྒྱག་པའམ་ཡང་ན་རྩིས་མེད་དུ་གཏོང་དགོས།

    བཟོ་འབེབས་ལས་ཁུངས་ཀྱིས་ངེས་པར་དུ་བཟོ་བཅོས་བརྒྱབ་རྗེས་ཀྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་དང་། བཟོ་བཅོས་བརྒྱབ་པའམ་ཡང་ན་རྩིས་མེད་དུ་བཏང་བའི་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་ཆོད་དོན་དེ་སྲོལ་ཡིག་འདིའི་གཏན་འབེབས་ལྟར་སྙན་དཔོད་ཞུ་དགོས།

    དོན་ཚན་སོ་དགུ་པ། ཞིབ་བཤེར་གྱི་བླང་བྱ་དང་གྲོས་འཆར་ལྟར་ཚད་ལྡན་རང་བཞིན་གྱི་ཡིག་ཆར་ཞིབ་བཤེར་བྱེད་པའི་ལས་ཀ་མཇུག་བསྒྲིལ་རྗེས། སྙན་དཔོད་ཞིབ་བཤེར་ལས་ཚན་གྱིས་ངེས་པར་དུ་ཞིབ་བཤེར་བླང་བྱའམ་ཡང་ན་གྲོས་འགོ་འདོན་མཁན་རྒྱལ་ཁབ་ལས་ཁུངས་དང་། སྤྱི་ཚོགས་ཚོགས་པ། ཁེ་ལས་དང་བྱ་གཞག་རྩ་འཛུགས། དེ་བཞིན་སྤྱི་དམངས་བཅས་ལ་འཕྲལ་མར་ཞིབ་བཤེར་བྱས་འབྲས་ལན་སྤྲོད་བྱེད་དགོས་པ་མ་ཟད། སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱེད་ཆོག

    སྐྱེལ་སྤྲོད་བྱས་པའི་ཚད་ལྡན་རང་བཞིན་གྱི་ཡིག་ཆར་ཞིབ་བཤེར་བྱེད་དགོས་ཚེ། སྙན་དཔོད་ཞིབ་བཤེར་ལས་ཚན་གྱིས་ངེས་པར་དུ་གནད་དོན་ཡོད་པའི་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་ཞིབ་བཤེར་བྱས་འབྲས་དེ་འཕྲལ་མར་བཟོ་འབེབས་ལས་ཁུངས་དང་སྐྱེལ་སྤྲོད་ལས་ཁུངས་ལ་ལན་སྤྲོད་བྱེད་དགོས།

    ཚད་ལྡན་རང་བཞིན་གྱི་ཡིག་ཆར་ཆེད་དོན་ཞིབ་བཤེར་བྱས་ཚེ། སྙན་དཔོད་ཞིབ་བཤེར་ལས་ཚན་གྱིས་ངེས་པར་དུ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུར་ཆེད་དོན་ཞིབ་བཤེར་གྱི་འབྲེལ་ཡོད་གནས་ཚུལ་དང་ཐག་གཅོད་བསམ་འཆར་སྙན་སེང་ཞུ་དགོས་པ་དང་། ཀྲུའུ་རེན་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་བརྒྱུད། བཟོ་འབེབས་ལས་ཁུངས་ལ་བརྒྱུད་སྤྲོད་བྱས་ནས་སྒྲུབ་ཏུ་འཇུག་དགོས། བཟོ་འབེབས་ལས་ཁུངས་ཀྱིས་ངེས་པར་དུ་ཐག་གཅོད་བསམ་འཆར་གཞིར་བཟུང་སྒྲུབ་དགོས་པ་མ་ཟད་འབྲེལ་ཡོད་གནས་ཚུལ་ཚུར་ལན་སྤྲོད་དགོས།

    ལེའུ་ལྔ་པ། འགན་ལེན་དང་ལྟ་སྐུལ།

    དོན་ཚན་བཞི་བཅུ་པ། རྫོང་རིམ་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་སྙན་དཔོད་ཞིབ་བཤེར་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཆེད་ལས་མི་སྣ་བཀོད་སྒྲིག་བྱེད་པ་དང་། མི་སྣར་སྦྱོང་བརྡར་སྤྲོས་རྒྱུར་ཤུགས་སྣོན་བརྒྱབ་ནས་ལས་ཀའི་འཇོན་ཐང་ཆེ་རུ་གཏོང་དགོས།

    རྫོང་རིམ་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྙན་དཔོད་ཞིབ་བཤེར་ལས་དོན་གྱི་ཆེད་ལས་མཁས་པའི་བློ་འདྲིའི་ལམ་སྲོལ་བཙུགས་ནས་ཆེད་ལས་མཁས་དབང་དང་། རིག་གནས་པ། བྱ་བ་དངོས་སྒྲུབ་མཁན་སོགས་སྙན་དཔོད་ཞིབ་བཤེར་ནང་ཞུགས་རྒྱུར་གདན་ཞུ་དང་། མཐོ་རིམ་སློབ་གྲྭ་དང་། ཚན་ཞིབ་ལས་ཁུངས། ལས་རིགས་མཐུན་ཚོགས་སོགས་ལ་ཚད་ལྡན་རང་བཞིན་གྱི་ཡིག་ཆར་ཞིབ་འཇུག་བྱ་རྒྱུའི་མངགས་བཅོལ་བྱས་ཏེ། སྙན་དཔོད་ཞིབ་བཤེར་ལས་དོན་སྒྲུབ་པར་དཔྱད་གཞིའི་བསམ་འཆར་བཏོན་ན་འགྲིག

    དོན་ཚན་ཞེ་གཅིག་པ། རྫོང་རིམ་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་ཚད་ལྡན་རང་བཞིན་གྱི་ཡིག་ཆར་སྙན་དཔོད་ཞིབ་བཤེར་བྱ་རྒྱུའི་ལས་དོན་དེ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལོ་འཁོར་ལས་ཀའི་གཙོ་གནད་དང་ལྟ་སྐུལ་ལས་ཀའི་འཆར་གཞིའི་ནང་འཇུག་པ་མ་ཟད། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུའི་ནང་དུའང་འགོད་དགོས། མི་དམངས་འཐུས་མི་ཚོགས་ཆེན་གྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་ངམ་ཡང་ན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལས་ཚན་གྱིས་ངེས་པར་དུ་ཚད་ལྡན་རང་བཞིན་གྱི་ཡིག་ཆར་སྙན་དཔོད་ཞིབ་བཤེར་བྱ་རྒྱུའི་ལས་དོན་དེ་ལོ་འཁོར་གྱི་ལས་དོན་སྙན་ཞུའི་ནང་འགོད་དགོས།

    རྫོང་རིམ་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྙན་དཔོད་ཞིབ་བཤེར་ལས་དོན་འགོ་ཁྲིད་ཚོགས་ཆུང་འཛུགས་པ་དང་། ཚད་ལྡན་རང་བཞིན་གྱི་ཡིག་ཆའི་སྙན་དཔོད་ཞིབ་བཤེར་ལས་དོན་ཚོགས་འདུ་ཚོགས་པ། སྙན་དཔོད་ཞིབ་བཤེར་ལས་དོན་གྱི་སྦྱོང་བརྡར་སྤྲོས་པ། སྙན་དཔོད་ཞིབ་བཤེར་གྱི་དཔེ་མཚོན་བརྗེ་རེས་དང་རིགས་པའི་གཞུང་ལུགས་ཞིབ་འཇུག་སོགས་ཀྱི་བྱེད་ཐབས་སྤྱད་དེ་དུས་བཀག་ཐོག་སྙན་དཔོད་ཞིབ་བཤེར་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱེད་པ་དང་། ལས་དོན་ཐད་འབྲེལ་གཏུག་དང་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།

    དོན་ཚན་ཞེ་གཉིས་པ། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་སྙན་དཔོད་ཞིབ་བཤེར་ཆ་འཕྲིན་ཅན་དུ་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། ལྗོངས་ཡོངས་གཅིག་གྱུར་གྱི་སྙན་དཔོད་ཞིབ་བཤེར་ཆ་འཕྲིན་ལས་སྟེགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། དྲ་ཐོག་ནས་ཞིབ་བཤེར་གྲོས་འཆར་འདོན་པ་དང་། གློག་རྡུལ་སྙན་དཔོད་ཞུ་བ། དྲ་ཐོག་ཞིབ་བཤེར་བྱེད་པ། གཞི་གྲངས་འཚོལ་བསྡུ་བྱེད་པ་སོགས་ཀྱི་བྱེད་ནུས་འཐུས་ལེགས་སུ་བཏང་ནས་སྙན་དཔོད་ཞིབ་བཤེར་གྱི་ནུས་ཕྱོད་ཆེ་རུ་གཏོང་དགོས།

    རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རང་སྐྱོང་ལྗོངས་ཀྱི་ཁྲིམས་སྲོལ་སྒྲིག་སྲོལ་གྱི་ཚད་ལྡན་རང་བཞིན་ཡིག་ཆའི་གྲངས་གཞིའི་ཐོ་མཛོད་བཟོས་ནས་སྤྱི་དམངས་ཡོངས་ལ་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་གཞི་གྲངས་འདྲི་རྩད་དང་། འཚོལ་ཞིབ། ཕབ་ལེན་སོགས་ཀྱི་ཞབས་ཞུ་སྒྲུབ་དགོས།

    ཆུད་བཙུགས་པའི་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ས་གནས་ལས་དོན་ཨུ་ཡོན་ལྷན་ཁང་། རྫོང་(གྲོང་ཁྱེར་དང་ཆུད)མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ངེས་པར་དུ་སྙན་དཔོད་ཞིབ་བཤེར་གྱི་ཆ་འཕྲིན་ལས་སྟེགས་དང་གྲངས་གཞིའི་ཐོ་མཛོད་བེད་སྤྱོད་དང་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། ལས་སྟེགས་དང་གཞི་གྲངས་ཐོ་མཛོད་འཁོར་རྒྱུག་སོགས་བྱེད་པའི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞོགས་འདེགས་བྱེད་དགོས།

    དོན་ཚན་ཞེ་གསུམ་པ། རྫོང་རིམ་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས་སྙན་དཔོད་ཞིབ་བཤེར་ལས་དོན་སྤེལ་ཚུལ་ཉན་ལེན་དང་གྲོས་ཞིབ་བྱས་འབྲས་སྙན་སེང་ཞུ་བའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས།

    སྙན་དཔོད་ཞིབ་བཤེར་ལས་ཚན་གྱིས་ངེས་པར་དུ་ལོ་ལྟར་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་དཔོད་ཞིབ་བཤེར་ལས་དོན་སྤེལ་ཚུལ་སྙན་སེང་ཞུ་དགོས་པ་དང་། མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་གྲོས་ཞིབ་བྱ་རྒྱུ།

    དོན་ཚན་ཞེ་བཞི་པ། སྙན་དཔོད་ཞིབ་བཤེར་ལས་དོན་སྤེལ་ཚུལ་གྱི་སྙན་ཞུའི་ནང་སྤྱིར་ན་སྙན་དཔོད་ཞུས་ཚུལ་དང་། ཞིབ་བཤེར་བྱས་ཚུལ། ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཡོ་བསྲང་དང་ཐག་གཅོད་བྱས་ཚུལ། སྙན་དཔོད་ཞིབ་བཤེར་ལམ་ལུགས་དང་ནུས་པ་འཛུགས་སྐྱོང་བྱས་ཚུལ། དེ་བཞིན་འོག་རིམ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྙན་དཔོད་ཞིབ་བཤེར་ལས་དོན་ལ་ལས་སྒོའི་མཛུབ་ཁྲིད་བྱས་ཚུལ། གོམ་སྟབས་རྗེས་མའི་ལས་ཀའི་འཆར་གཞི་སོགས་ཚུད་ཀྱི་ཡོད།

    མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་གྲོས་ཞིབ་བསམ་འཆར་གཞིར་བཟུང་། སྙན་དཔོད་ཞིབ་བཤེར་ལས་དོན་སྤེལ་ཚུལ་གྱི་སྙན་ཞུར་བཟོ་བཅོས་བརྒྱབ་རྗེས་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས་དང་མི་དམངས་འཐུས་ཚོགས་ཀྱི་དྲ་ཚིགས་ཐོག་འགོད་རྒྱུ།

    དོན་ཚན་ཞེ་ལྔ་པ། མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་སྙན་དཔོད་ཞིབ་བཤེར་ལས་ཀ་བྱས་ཚུལ་གྱི་སྙན་ཞུར་གྲོས་ཞིབ་བྱས་པའི་བསམ་འཆར་དེ། མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་རྗེས། དེ་དང་སྙན་དཔོད་ཞིབ་བཤེར་ལས་དོན་སྤེལ་ཚུལ་གྱི་སྙན་ཞུ་མཉམ་དུ་འབྲེལ་ཡོད་བཟོ་འབེབས་ལས་ཁུངས་ལ་ཞིབ་འཇུག་དང་ཐག་གཅོད་བྱེད་པར་སྐྱེལ་རྒྱུ།

    དོན་ཚན་ཞེ་དྲུག་པ། རྫོང་རིམ་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྙན་དཔོད་ཞིབ་བཤེར་ལས་ཚན་གྱིས་ངེས་པར་དུ་བཟོ་འབེབས་ལས་ཁུངས་ཀྱི་ལས་ཀར་ལྟ་སྐུལ་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། དུས་ཐོག་ཏུ་སྙན་སེང་མི་ཞུ་བ་དང་། སྙན་སེང་ཞུ་རྒྱུ་ལུས་པ། སྦས་གསང་བྱས་ནས་སྙན་སེང་མ་ཞུས་པ་བཅས་བྱས་པའམ་ཡང་ན་ལོ་གོང་མར་བཟོ་འབེབས་དང་། བཟོ་བཅོས། རྩིས་མེད་དུ་བཏང་བ་བཅས་ཀྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་དཀར་ཆག་སྙན་འབུལ་མ་ཞུས་པ་སོགས་ཀྱི་གནས་ཚུལ་ཡོད་པ་ཤེས་ཚེ། སྙན་དཔོད་ཞིབ་བཤེར་ལས་ཚན་གྱིས་ངེས་པར་དུ་དེར་དུས་བཀག་ནང་ཡོ་བསྲང་བྱེད་དགོས་པའི་བརྡ་ཐོ་གཏོང་དགོས་པ་དང་། དུས་བཀག་ནང་ཡོ་བསྲང་མ་བྱས་ཚེ། རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ངམ་ཡང་ན་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ས་གནས་ལས་དོན་ཨུ་ཡོན་ལྷན་ཁང་གིས་བརྡ་ཁྱབ་གཏོང་རྒྱུ།

    ལེའུ་དྲུག་པ། ཞར་བྱུང་།

    དོན་ཚན་ཞེ་བདུན་པ། ཤང་དང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱིས་སྙན་དཔོད་ཞིབ་བཤེར་ལས་དོན་སྤེལ་སྐབས་སྲོལ་ཡིག་འདིའི་འབྲེལ་ཡོད་གཏན་འབེབས་དཔྱད་གཞིར་བཟུང་ནས་ལག་བསྟར་བྱེད་དགོས།

    དོན་ཚན་ཞེ་བརྒྱད་པ། སྲོལ་ཡིག་འདི་2025ལོའི་ཟླ་དང་པོའི་ཚེས་1ཉིན་ནས་བཟུང་ལག་བསྟར་བྱས་པ།

    (བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།