རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭས(སྲིད་འཛིན་སློབ་གླིང)2025ལོའི་སྟོན་དུས་ཀྱི་སློབ་འགོ་ཚུགས་པའི་མཛད་སྒོ་འཚོགས་པ།
ཝང་ཅུན་ཀྲེང་ཕེབས་པ་དང་གསུང་བཤད་གནང་བ།
འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)སློབ་སྤྱི(ཡོན་ཀྲང)ཝང་ཅུན་ཀྲེང་མཛད་སྒོར་ཕེབས་ནས་གསུང་བཤད་གནང་བཞིན་པ།
འདི་ནི་སློབ་འགོ་ཚུགས་པའི་མཛད་སྒོ་འཚོག་ཡུལ་ཡིན་པ།
ཟླ་9ཚེས་1ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭས(སྲིད་འཛིན་སློབ་གླིང)2025ལོའི་སྟོན་དུས་ཀྱི་སློབ་འགོ་ཚུགས་པའི་མཛད་སྒོ་འཚོགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)སློབ་སྤྱི(ཡོན་ཀྲང)ཝང་ཅུན་ཀྲེང་ཕེབས་ནས་གསུང་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་བོད་དུ་གཟིགས་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་ནས་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་སྟེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་གནང་བ་དང་། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞི་ཁ་གསལ་བཟོས་པ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་དམིགས་ཚད་བཏོན་གནང་ཡོད།ལྷག་པར་དུ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་མཚམས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་རྟེན་འབྲེལ་མཛད་སྒོར་ཞུགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་པ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་ཞུས་པ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ཁྲོད་ཀྱི་བོད་ཀྱི་འཐབ་ཇུས་གནས་བབ་གལ་ཆེན་སྔར་བས་གསལ་སྟོན། རྒྱང་ལམ་གསར་པར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་མགྱོགས་པོ་བྱེད་པར་བཀོད་སྒྲིག་གལ་ཆེན་བཅས་གནང་སྟེ། ང་ཚོར་ལས་དོན་ཡག་པོ་སྒྲུབ་པའི་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་། རྩ་བའི་གཞི་འཛིན་ས་མཁོ་འདོན། སྒུལ་ཤུགས་ཆེན་པོ་སྣོན་པ་བཅས་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། རང་རྟོགས་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱེད་པ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱེད་པ་དང་ཟུང་འབྲེལ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་བྱེད་པ་དང་ཟུང་འབྲེལ་གྱིས། དེའི་ནང་འདུས་པའི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་ཚུལ་དང་བརྟག་ཐབས་སྨྲ་བ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་ཁོང་དུ་ཧུར་ཐག་ཆུད་པ་བྱས་ནས། དེ་ཉིད་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ཏན་ཏིག་སྤྱད་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དག་གངས་ལྗོངས་ས་མཐོར་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་ཐུབ་པའི་འགན་ལེན་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་བརྟེན་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། “དོན་ཆེན་བཞི”དོན་འཁྱོལ་ལ་རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་ཡག་པོ་བྱེད་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོར་བཙུགས་ཏེ། མཐུན་སྒྲིལ་བརྟན་ལྷིང་གི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་རྣམ་པ་སྔར་བས་བརྟན་དུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ། “འདུ་ཤེས་གསུམ”གྱི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། ཆོས་ལུགས་ལས་དོན་བཅོས་སྐྱོང་གི་ཁྲིམས་སྐྱོང་ཅན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་ཏེ། ཡུལ་བབ་དང་བསྟུན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་གལ་ཆེན་ལ་ཞབས་ཞུ་དང་འགན་སྲུང་བྱེད་པ། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་ནུས་ཆེ་དང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ། ས་མཐོའི་ཁྱད་ལྡན་ཞིང་འབྲོག་དང་། ནུས་རྒྱུ་གཙང་མ། རིག་གནས་ཡུལ་སྐོར། ཐོན་ཁུངས་ལས་སྣོན་སོགས་ཀྱི་ཐོན་ལས་འཕེལ་རྒྱས་མགྱོགས་མྱུར་གཏོང་བ། ལས་ཞུགས་དང་། སློབ་གསོ། སྨན་བཅོས་འཕྲོད་བསྟེན་སོགས་ཀྱི་དམངས་འཚོའི་ལས་དོན་ཏན་ཏིག་སྒྲུབ་པ། དིང་རི་རྫོང་གི་གེགས་རྗེས་བསྐྱར་སྐྲུན་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ་བཅས་བྱེད་དགོས། སྐྱེ་ཁམས་སྔོན་ལ་འཇོག་པ་དང་སྲུང་སྐྱོང་ཨང་དང་པོར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཟམ་མི་ཆད་པར་བརྟན་དུ་གཏོང་བ་དང་། རི་ཆུ་ནགས་ཞིང་དང་མཚོ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་མཐའ་འཁྱོངས་བྱེད་པ། རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་བྱ་སྤྱོད་གཏིང་ཟབ་སྤེལ་བ། ཚན་རིག་དང་མཐུན་པའི་སྒོ་ནས་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ལག་ལེན་བསྟར་བ། ཐཱན་ཉུང་གཏོང་དང་། སྦགས་བཙོག་ཉུང་འཕྲི། སྔོ་རྒྱ་ཆེར་གཏོང་། དཔལ་འབྱོར་འཕར་སྐྱེད་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། འཛམ་གླིང་གི་ཡང་རྩེ་དང་ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག་སྲུང་སྐྱོང་ཡག་པོ་བྱེད་དགོས། མཐའ་མཚམས་ས་ཁུལ་གྱི་དེང་རབས་ཅན་འཛུགས་སྐྲུན་མགྱོགས་མྱུར་བྱས་ཏེ། མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ཡོང་བའི་འགན་ལེན་བྱེད་པ་དང་། ཏང་སྲིད་དམག་ཉེན་དམངས་བཅས་ཀྱིས་སྟོབས་ཤུགས་གཅིག་སྒྲིལ་ངང་མཐའ་མཚམས་སྟོབས་ལྡན་དང་མཐའ་སྲུང་སྲ་བརྟན་ལ་ཤུགས་སྣོན་རྒྱག་པ། མཐའ་མཚམས་ས་ཁུལ་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་བྱ་སྤྱོད་ཀྱི་རྒྱལ་ཁབ་དཔེ་སྟོན་ཁུལ་འཛུགས་གཏོད་ཧུར་ཐག་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་བྱས་ཏེ། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས། ཆབ་སྲིད་ཀྱི་བྱང་ཚད་མཐོ་རུ་གཏོང་རྒྱུ་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ། ལྷག་བསམ་རྣམ་དག་གི་རྨང་གཞི་སྔར་བས་བརྟན་དུ་གཏོང་བ་དང་། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་དྲག་ཆས་སྤྲོས་པར་ཤུགས་སྣོན་རྒྱག་པ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས། མི་སྣ་བཀོལ་སྤྱོད་ཀྱི་སྟོན་ཕྱོགས་ཁ་གསལ་བཙུགས་ཏེ། ལས་སྒྲུབ་ལས་གཏོད་ཀྱི་སེམས་ཤུགས་སྔར་བས་འཕེལ་བར་བྱེད་པ་དང་། དོ་དམ་ནན་པོ་དང་གཅེས་སྐྱོང་ཟབ་མོ་གཅིག་གྱུར་དང་སྐུལ་ལྕག་དང་གཅུན་འདོམས་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱེད་པ། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བཅས་བྱས་ཏེ། ལས་བྱེད་པས་བྱ་བ་སྒྲུབ་བསམ་པ་དང་། བྱ་བ་སྒྲུབ་ནུས་པ། བྱ་བ་སྒྲུབ་ཐུབ་པ། ལས་རྗེས་ཐོན་པ་བཅས་ཀྱི་རྣམ་པ་བཟང་པོ་གཏོད་དགོས། ལས་བྱེད་པ་གསོ་སྐྱོང་དང་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ་འཇོན་ཐང་དང་བྱང་ཚད་སྔར་བས་མཐོ་རུ་བཏང་ནས། འགོ་ཁྲིད་ལས་བྱེད་པས་མིག་རྒྱང་རིང་པོས་ཕུགས་ལ་བསམ་བློ་གཏོང་དགོས་ལ། ཏན་ཏན་ཏིག་ཏིག་ངང་ལས་དོན་ཡང་ཡག་པོ་བསྒྲུབས་ནས། རང་བཞིན་བཟང་བའི་མི་ཞིག་བྱེད་པ་དང་རང་འགན་ཇི་བཞིན་ལས་དོན་སྒྲུབ་པ། གཞུང་དྲང་ཚུལ་ལྡན་དང་། སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་སེམས་ལྡན་པ། མཐུན་སྒྲིལ་མཉམ་ལས་བྱེད་མཁས་པ། རིག་པ་དྭངས་གསལ་རྒྱུན་འཁྱོངས་ཐུབ་པ་བཅས་ཀྱི་མི་ཞིག་བྱེད་པ། རྩ་འཛུགས་དང་། བློ་མཐུན། རང་ཉིད་བཅས་ལ་ལྟ་སྟངས་ཡང་དག་འཛིན་པ། གོ་གནས་གང་ཞིག་བཟུང་ན། དེ་ཡི་སྲིད་དོན་སྒྲུབ་པ། རང་འགན་གཙང་སྒྲུབ་ཧུར་ཐག་བྱེད་པ། གསར་འབྱེད་ཡར་བརྩོན་ཕོད་པ་བཅས་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།