རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཚོགས་འདུ་ཐེངས་ང་བཞི་པ་འཚོགས་པ།
ཡན་ཅིན་ཧའེ་ཡིས་གཙོ་སྐྱོང་གནང་བ།
ཚེས་28ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཚོགས་འདུ་ཐེངས་ང་བཞི་པ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་དགུ་པའི་གྲོས་རིམ(འཆར་ཟིན)དང་། ཉིན་རེའི་གྲོས་རིམ་བཀོད་སྒྲིག་ལ་ཞིབ་འཇུག་བྱས་ཤིང་། གྲོས་འགོ་བཏོན་པའི་གྲོས་རིམ་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་ཝང་ཧུའུ་ཉིང་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་སྐབས་ཀྱི་གསུང་བཤད། དེ་བཞིན་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཡན་ལག་ཚོགས་པ་ཁག་གི་ཚོགས་གཙོའི་གསུང་བཤད་ཀྱི་དགོངས་དོན་བཅས་བརྒྱུད་བསྒྲགས་སློབ་སྦྱོང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བདུན་པའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་། 《བོད་རང་སྐྱོང་ལྗོངས་ཀྱི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱ་གྲམ་དམར་རྟགས་ཚོགས་པའི་བཅའ་ཁྲིམས〉ལག་བསྟར་བྱེད་ཐབས(བཟོ་བཅོས་འཆར་ཟིན)》དང《བོད་རང་སྐྱོང་ལྗོངས་ཀྱི་ཐིག་ལེན་རིས་འབྲིའི་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》སོགས་ཁྲིམས་སྲོལ་གྲོས་གཞིར་གྲོས་ཞིབ། 《གཞིས་རྩེ་གྲོང་ཁྱེར་གྱི་བོགས་གཏོང་སྡོད་ཁང་གི་དོ་དམ་སྲོལ་ཡིག》སོགས་ལ་གྲོས་ཞིབ། 2024ལོའི་རང་སྐྱོང་ལྗོངས་རིམ་པ་འདི་གའི་ནོར་སྲིད་ངེས་རྩིས་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྙན་སྒྲོན་ལ་གྲོས་ཞིབ། 2024ལོའི་རིམ་པ་འདི་གའི་ནོར་སྲིད་ངེས་རྩིས་ལ་ཞིབ་དཔྱད་དང་ཆོག་མཆན། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་2024ལོའི་རིམ་པ་འདི་གའི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་གཏོང་ཡོང་གཞན་དག་གི་རྩིས་བཤེར་ལས་དོན་སྙན་སྒྲོན་དང་། ད་ལོ་ཚུན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་གྱི་སྙན་སྒྲོན། ད་ལོ་ཚུན་གྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་གྱི་སྙན་སྒྲོན་བཅས་ལ་གྲོས་ཞིབ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་བརྟག་ཞིབ་ཚོགས་ཆུང་གི་འབྲེལ་ཡོད་བརྟག་ཞིབ་སྙན་སྒྲོན་ལ་གྲོས་ཞིབ། བསྐོ་འཐེན་གྱི་གྲོས་གཞིར་གྲོས་ཞིབ་སོགས་བྱས་ཡོད།
ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི《བོད་རང་སྐྱོང་ལྗོངས་ཀྱི་ཐིག་ལེན་རིས་འབྲིའི་དོ་དམ་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》ལ་གྲོས་ཞིབ་བྱས་འབྲས་སྐོར་གྱི་སྙན་སྒྲོན་དང《གཞིས་རྩེ་གྲོང་ཁྱེར་གྱི་བོགས་གཏོང་སྡོད་ཁང་གི་དོ་དམ་སྲོལ་ཡིག》ལ་ཞིབ་དཔྱད་བྱས་འབྲས་སྐོར་གྱི་སྙན་སྒྲོན་ཉན་པ་དང་། གོང་གསལ་གྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དེ་དག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་དགུ་པར་གྲོས་ཞིབ་དང་ཞིབ་དཔྱད་བྱེད་པར་འབུལ་རྒྱུའི་མོས་མཐུན་བྱས་པ་རེད།
ཚོགས་འདུའི་ཐོག《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མེ་ཟོན་བཅའ་ཁྲིམས〉དང་དེ་བཞིན〈བོད་རང་སྐྱོང་ལྗོངས་ཀྱི་མེ་ཟོན་སྲོལ་ཡིག〉ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་ཞིབ་བཤེར་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་སྒྱུར་ཞིབ་བཤེར་ཚོགས་ཆུང་གི་སྙན་སྒྲོན》གྱི་གྲོས་ཞིབ་བསམ་འཆར་དང་། 《2024ལོའི་ལོ་འཁོར་གྱི་སྲིད་གཞུང་གི་བུ་ལོན་དོ་དམ་བྱས་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྙན་སྒྲོན》གྱི་གྲོས་ཞིབ་བསམ་འཆར་ཉན་པ་དང་། གྲོས་ཞིབ་བསམ་འཆར་དེ་ཁྲིམས་སྒྱུར་ཞིབ་བཤེར་སྙན་སྒྲོན་དང་བརྟག་ཞིབ་སྙན་སྒྲོན་མཉམ་དུ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་ཞིབ་འཇུག་ཐག་གཅོད་བྱེད་པར་བརྒྱུད་སྤྲོད་བྱ་རྒྱུའི་མོས་མཐུན་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།