རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་གཉིས་པ་འཚོགས་པ།
ལིའུ་ཅང་ཞུགས་ནས་གསུང་བཤད་གནང་བ།
ཚེས་28ཉིན། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་གཉིས་པ་ལྷ་སར་འཚོགས་པ་རེད། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། “བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཅུན་སྡོམ་དམ་ནན་དང་ཚོད་འཛིན་ལྷུག་པའི་གནད་དོན་སེལ་བ”དང“ཚན་རིག་དང་མཐུན་པའི་སྒོ་ནས‘ལོ་ལྔ་ཚན་བཅོ་ལྔ་པ’ཡི་འཆར་འགོད”བཟོ་བའི་གྲོས་གཞིར་དམིགས་ནས་གྲོས་མོལ་སྲིད་གླེང་བྱས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ལིའུ་ཅང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།
ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱི་མངགས་བཅོལ་ལྟར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་།
འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བཅས་ཡིན་པའི་བསོད་ནམས་ཉི་མས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད་པ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཟབ་མོ་གནང་སྟེ་སྐུ་ངོ་མས་ཀྲུང་དབྱང་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོར་ཞུགས་པས། གངས་ལྗོངས་ཀྱི་བུ་ཕྲུག་རྣམས་ལ་བདེ་སྐྱིད་དང་དྲོ་སྐྱིད་ཀྱི་ཚོར་སྣང་ཆེན་པོ་བྱུང་ནས་སྐུལ་ལྕག་ཆེན་པོ་ཐེབས་པ་དང་སེམས་ཤུགས་རབ་ཏུ་འཕེལ་ཡོད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚད་མཐོའི་མཐོང་ཆེན་དང་། ཐུགས་བརྩེ་ཟབ་མོ། ཐུགས་རེ་ཟབ་མོ་བཅས་གཏིང་ཟབ་ཚོར་བར་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་མཐའ་འཁྱོངས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་པར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་མཉམ་དུ་འཛུགས་སྐྲུན་ཡག་པོ་བྱེད་དགོས། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ལག་བསྟར་དོན་འཁྱོལ་བྱེད་ཤུགས་ཆེ་རུ་རྒྱུན་ཆད་མེད་པར་བཏང་སྟེ་ཆབ་སྲིད་ཀྱི་འགན་འཁྲི་ཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཆེན་པོར་བརྟེན་ནས“དོན་ཆེན་བཞིར”དམ་འཛིན་ཡག་པོ་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་བཏོད་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ལེ་ཚན་གསར་པ་རྩོམ་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། “ལོ་ལྔ་ཚན་བཅུ་བཞི་པ”ཚུན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་འཕེལ་རིམ་གསར་པ་དང་། ཚད་བརྒལ་གསར་པ། གྲུབ་འབྲས་གསར་པ་བཅས་ཕྱོགས་སྡོམ་ནན་ཏན་བྱས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་འཕེལ་རྒྱས་ཀྱི་དུས་བབ་ལས་འགན་ཁོང་དུ་ཡང་དག་ཆུད་པར་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་མགྱོགས་མྱུར་འཛུགས་སྐྲུན་བྱེད་པའི་དམིགས་ཚད་ལ་དམ་པོར་དམིགས་པ། མཐུན་སྒྲིལ་བརྟན་ལྷིང་གི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་རྣམ་པ་སྲ་བརྟན་དུ་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། མཐའ་མཚམས་ས་ཁུལ་གྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ་སོགས་ལ་དམིགས་ནས། ཆེད་དོན་བརྟག་ཞིབ་དང་གྲོས་མོལ་སྲིད་གླེང་སྒྲིག་འཛུགས་བྱེད་པ་དང་། དམངས་གཙོ་དར་སྤེལ་དང་། བློ་བསྡུས་དགེ་འཚོལ། བསམ་བློ་གཅིག་གྱུར། ཐུན་མོང་ངོས་འཛིན་གཅིག་སྡུད་བཅས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད་ཐབས་ཤེས་བཟང་པོ་འདོན་པ་དང་ནུས་ཤུགས་ཡག་པོ་འདོན་དགོས།
ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་ཀྱི་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཀྱི་ཨུ་ཡོན། ལས་ཁུངས་ཀྱི་ལས་བྱེད་པ་བཅས་ཀྱིས་ཆབ་སྲིད་ཀྱི་འགན་འཁྲི་དང་ལས་ཀའི་འཇོན་ཐང་ཆེ་རུ་བཏང་སྟེ། འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་ལ་བརྟེན་ནས་རང་འགན་གཙང་སྒྲུབ་དང་ཐེག་པ་ཁུར་ལེན་བྱས་ཏེ། དོན་འཁྱོལ་ལ་དམ་འཛིན་གྱི་ནུས་ཕྱོད་ཆེ་རུ་གཏོང་བ་དང་དངོས་སྒྲུབ་ཁུར་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། སྤུས་ཚད་མཐོ་པོས་སྲིད་གྲོས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། ལོ་འཁོར་གྱི་འགན་སྒྲུབ་ལས་འགན་ལེགས་སྒྲུབ་ཡག་པོ་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།