དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-08-20

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་ལན་ཀྲོའུ་གྲོང་ཁྱེར་ཡུས་ཀྲུང་རྫོང་གི་ཆུ་ལོག་གནོད་འཚེའི་སྐོར་ལ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ནན་ཏན་གནང་བ་དང་། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་མཛད་སྒོའི་གྲ་སྒྲིག་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་སེང་གསན་ནས། འབྲེལ་ཡོད་ལས་དོན་བཀོད་སྒྲིག་གནང་བ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་སྟེ། འབྲུབ་འགོག་གེགས་སེལ་དང་འཕྲལ་སྡོམ་ཉེན་སེལ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་བླང་བྱ་ཁ་གསལ་བཏོན་གནང་བ་ལས། མི་དམངས་གཙོ་འཛིན་གྱིས་དམངས་ལ་བཅངས་པའི་བརྩེ་སེམས་ཟབ་མོ་གང་ལེགས་མངོན་པ་དང་། ང་ཚོས་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”

    ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་གཅིག་གྱུར་ཡོང་བར་བྱེད་པ་དང་། ཆབ་སྲིད་ཀྱི་འགན་འཁྲི་ཕྱོགས་ཡོངས་ནས་ནན་དཀྲིས། དམིགས་ས་ཡོད་པའི་སྒོ་ནས་འབྲུབ་འགོག་གེགས་སེལ་གྱི་ལས་དོན་ཁག་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས།

    ཝང་ཅུན་ཀྲེང་གིས་གསུངས་དོན། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་མཛད་སྒོ་ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་དང་བཀྲ་ཤིས་པའི་བྱ་བ་ཞིག་རེད། ཏང་གི་འགོ་ཁྲིད་འོག བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60སོང་རིང་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཐོབ་པའི་ཕྱོགས་ཡོངས་ཀྱི་ཡར་ཐོན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གང་ལེགས་མངོན་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བོད་དུ་གསོན་ཉམས་ལྡན་པའི་སྒོ་ནས་ལག་ལེན་བསྟར་ཚུལ་གང་ལེགས་མངོན་པ། ཏང་གི་འགོ་ཁྲིད་ཀྱི་ཆབ་སྲིད་ཀྱི་ལེགས་ཆ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གང་ལེགས་མངོན་པ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ལ་སྔར་བས་དྲིལ་བསྒྲགས་དང་ཁྲིད་སྟོན་བྱེད་པ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ལ་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ཚད་མཐོའི་མཐོང་ཆེན་བྱེད་པ་དང“བསམ་ཇུས་གཅིག”གི་འདུ་ཤེས་བརྟན་པོ་བཙུགས་ནས། རྟེན་འབྲེལ་མཛད་སྒོའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། དམིགས་ཚད་ཁ་གསལ་དང་ལས་འགན་ཞིབ་ཕྲ་བཟོ་བ་དང་། ངར་ཤུགས་གཅིག་སྒྲིམ་དང་ཡང་འབད་བསྐྱར་འབད་བྱས་ཏེ་ལས་དོན་གྱི་བླང་བྱ་ཁག་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱེད་དགོས། སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བར་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་པ། གཙོ་གནད་འབུར་ཐོན་དང་འགག་རྩར་དམ་འཛིན། སྐྱོན་ཆ་དང་ཞན་ཆ་སེལ་བ། ལས་ཀའི་དམིགས་སའི་རང་བཞིན་དང་ཕན་འབྲས་དངོས་ཀྱི་རང་བཞིན་ཆེ་རུ་གཏོང་བ། མངའ་ཁོངས་ཀྱི་འགན་འཁྲི་དང་སྡེ་ཚན་གྱི་འགན་འཁྲི་ནན་དུ་གཏོང་བ་བཅས་བྱས་ཏེ། ས་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། ས་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། ས་ཁོངས་སྲུང་བའི་འགན་འཁྲི་སྒྲུབ་པ་བཅས་བྱེད་དགོས། ལས་ཆོད་ཆེ་ལ་གོ་རིམ་ལྡན་པའི་སྒོ་ནས་ལས་དོན་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་། མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ། འགག་རྩའི་ལྷུ་ཚིགས་དང་གཙོ་གནད་སོགས་ལ་དམ་པོར་དམིགས་པ། དུས་ཚོད་ཀྱི་རེའུ་མིག་དང་། ལམ་ཐིག་ས་བཀྲ། ལས་འགན་ཡི་གེ་བཅས་ཞིབ་ཚགས་བཟོ་བ། ཞབས་ཞུའི་འགན་ལེན་ལས་དོན་ཚགས་ཚུད་སྒྲུབ་པ། མང་ཚོགས་ཞུགས་རྒྱུ་སྒྲིག་འཛུགས་ཡག་པོ། འཕྲལ་སྡོམ་སྔོན་ཇུས་གྲ་སྒྲིག་ཡག་པོ་བཅས་བྱས་ཏེ། འགན་འཁྲི་དོན་ཐོག་ཏུ་འཁྱོལ་བ་དང་ལས་འགན་རེ་རེ་བཞིན་ཡག་པོ་སྒྲུབ་དགོས། གྲ་རྒྱས་ཕུན་སུམ་ཚོགས་པ་དང་སྤྲོ་སེམས་འཁོལ་བའི་རྣམ་པ་ཟབ་མོ་བསྐྲུན་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ཞུགས་སུ་འཇུག་པ་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་དུ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་དང་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་དྲོ་སྐྱིད་ཚོར་ཐུབ་པ་བྱེད་དགོས། རྟེན་འབྲེལ་མཛད་སྒོ་ཐུགས་གྲ་ལེགས་འགྲིག་དང་བདེ་བླག་ཡོང་བའི་འགན་ལེན་བྱ་ཆེད་འགན་འཁྲི་དེ་བས་ནན་དུ་གཏོང་བ་དང་། ལས་དོན་དེ་བས་ཏན་ཏིག་སྒྲུབ་པ། བྱེད་ཐབས་དེ་བས་དོན་འཁྱོལ་བཅས་བྱས་ཏེ། ལས་དོན་ཁག་ཡག་ཐོག་ཡག་བརྩེགས་དང་ཞིབ་ཚགས་ཏན་ཏིག་ཡོང་བ་དང་དོན་དངོས་ཀྱི་ཕན་འབྲས་ལ་བརྟེན་ནས་ལས་ཀའི་བྱེད་ཐབས་དང་། ནུས་པ། ཆུ་ཚད་བཅས་ལ་ཞིབ་བཤེར་བྱས་ཏེ། རྟེན་འབྲེལ་མཛད་སྒོ་དེ་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་དུས་ཆེན་དུ་དངོས་འབྲེལ་འགྱུར་བར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།