ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་དུ་བརྟག་ཞིབ་གནང་བ།
ཚེས་14ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་དུ་བརྟག་ཞིབ་གནང་བ་རེད།
ཞིང་ལས་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་ནི་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འགག་རྩ་ཞིག་རེད། ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ཆུའི་ཐོན་རྫས་ཚན་རིག་ཞིབ་འཇུག་སུའོ་དང་ཞིང་ལས་ཞིབ་འཇུག་སུའོ་རུ་ཚན་ཞིབ་ལས་དོན་པ་དང་སྤེལ་རེས་གཏིང་ཟབ་གནང་ནས། ཉ་ལས་ཐོན་ཁུངས་རྒྱུད་སྤེལ་སྲུང་སྐྱོང་དང་། ནས་དང་འབྲི་གཡག་སོགས་ས་མཐོའི་ཞིང་ལས་སྐྱེ་དངོས་དང་སྒོ་ཕྱུགས་དང་ཁྱིམ་བྱའི་རྒྱུད་སྤེལ་འགག་སྒྲོལ། ཁྱད་ལྡན་ཐོན་རྫས་ཞིབ་འཇུག་གསར་སྤེལ་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས། རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ནི་རང་ལྗོངས་ཀྱི་ཞིང་ལས་ཚན་རྩལ་གསར་གཏོད་ཀྱི་འཐབ་ས་གལ་ཆེན་ཞིག་ཡིན་པས། ཐོག་མཐའ་བར་གསུམ་དུ“ཞིང་གསུམ”ལ་གཞི་ཚུགས་པ་དང“ཞིང་གསུམ”ལ་ཞབས་འདེགས་ཞུས་ནས། ཞིང་ལས་ཚན་རྩལ་གསར་གཏོད་དེ་ཉིད་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ་དང་། ཚན་རྩལ་ལ་བརྟེན་ནས་ཞིང་རྒྱས་ཞིང་ཕྱུག་ཞིང་དར་ཡོང་བར་བྱེད་པའི་འགན་འཁྲི་ཏན་ཏིག་ཁུར་ཏེ། ཞིང་ལས་ཚན་རྩལ་གྱི་ལེགས་ཆ་གསར་པ་སྐྱེད་སྲིང་མགྱོགས་པོ་བྱེད་དགོས།
བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམིགས་ནས་རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་ལས་དོན་མང་ཙམ་སྒྲུབ་པ་དང་། ཚན་རྩལ་མཁོ་སྤྲོད་ཕྱོགས་དང་ཞིང་ལས་དགོས་མཁོ་ཕྱོགས་ཀྱི་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། སོན་སྤུས་ཐོན་ཁུངས་གསལ་འབྱེད་དང་སྔོག་འདོན་བེད་སྤྱོད་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ཐོག་མའི་གསར་གཏོད་རང་བཞིན་གྱི་ཚན་ཞིབ་གྲུབ་འབྲས་དེ་བས་མང་པོ་དང་ལེགས་པོ་ཧུར་ཐག་ཐོབ་པ་བཅས་བྱས་ཏེ། ཞིང་ལས་ཚན་རྩལ་གྱི་འདེགས་སྐྱོར་བྱེད་ནུས་ཆེ་རུ་དང་ལེགས་སྐྱེས་འབུལ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཞེས་གསུངས་པ་རེད།
ལྷོ་རི་བྱང་རི་སྔོ་འགྱུར་ལས་གྲྭ་ནི་བོད་ཀྱི་གཞི་ཁྱོན་ཅན་གྱི་རི་ལྡེབས་ནགས་བཟོའི་སྐྱེ་ཁམས་སླར་གསོའི་ལས་གྲྭ་ཐོག་མ་རེད་ལ། མི་རིགས་ཁག་གི་མང་ཚོགས་ཀྱི་སྐྱེ་ཁམས་བདེ་རྩ་ཆེ་རུ་གཏོང་བའི་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་ཀྱང་རེད། ལྷོ་རི་བྱང་རི་སྔོ་འགྱུར་རིག་ལྡན་དོ་དམ་ལྟེ་གནས་སུ་ཀརྨ་ཚེ་བརྟན་གྱིས་རིག་ལྡན་དོ་དམ་སྲུང་སྐྱོང་མ་ལག་འཁོར་རྒྱུག་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ། བརྙན་ལམ་བརྒྱུད་འཐབ་ས་དང་པོའི་ནགས་སྲུང་བ་དང་འབྲེལ་གཏུག་གནང་ཞིང་། ཁོང་གིས་ལྷོ་རི་བྱང་རི་སྔོ་འགྱུར་ལས་གྲྭ་ལག་བསྟར་ཡག་པོ་བྱེད་པ་དེ་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ལ་བརྩིས་ནས། དམིགས་ཚད་གཏན་འཁེལ་དང་མུ་མཐུད་འབད་འཐབ་བྱས་ཏེ། རྒྱུན་འཁྱོངས་ལྷོད་མེད་ངང་དམངས་འཚོའི་འདུ་འགོད་དེ་ཉིད་ལག་བསྟར་ཡག་པོ་བྱེད་དགོས། སྐྱེ་ཁམས་དམངས་ཕན་དང་། སྐྱེ་ཁམས་དམངས་བདེ། སྐྱེ་ཁམས་དམངས་ཆེད་བཅས་མཐའ་འཁྱོངས་བྱས་ནས། མང་ཚོགས་ནགས་བཟོ་སྔོ་འགྱུར་ལ་ཞུགས་པར་ཐབས་བརྒྱ་ཇུས་སྟོང་གིས་སྐུལ་སློང་དང་སྒྲིག་འཛུགས་བྱས་ནས་ཡོང་འབབ་འཕར་བར་བྱས་ཏེ། ལྗང་མདོག་འཕེལ་རྒྱས་གཏོང་རིང་མང་ཚོགས་ལ་ཕན་འབྲས་དངོས་ཐོབ་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།