དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་ལ་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-08-13

    རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་ཐོག 2025ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོ་ཡིན་ལ། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ལ་ཐབས་འདོན་ཇུས་འགོད་བྱེད་པའི་ལོ་ཡང་ཡིན་ཞེས་བསྟན་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས། བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ། “ལོ་ལྔ་ཚན་བཅུ་བཞི་པའི”མཇུག་བསྡུའི་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་རྒྱག་དགོས། དམིགས་ཚད་ལས་འགན་གཏན་འཁེལ་དང“རྟག་ཏུ་བློ་བཟོད་མི་བདེ་བའི”འགན་འཁྲིའི་བསམ་པ་བཅངས་ནས། ཕུ་ཐུང་བརྫེས་ཏེ་ངར་ཤུགས་བསྒྲིམས་ནས“ལོ་ལྔ་ཚན་བཅུ་བཞི་པའི”དམིགས་ཚད་ཁག་སྤུས་ཚད་མཐོ་པོས་ལེགས་འགྲུབ་ཡོང་བར་འགན་ལེན་དང་། ཚན་རིག་དང་མཐུན་པའི་སྒོ་ནས“ལོ་ལྔ་ཚན་བཅོ་ལྔ་པའི”བརྗིད་ཆེའི་འཆར་གཞི་བཀོད་དེ། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་གྱི་ཡིན་ཞེས་ཚང་མས་གཅིག་རྗེས་གཉིས་མཐུད་ངང་བཤད།

    ཚང་འཛོམས་གྲོས་ཚོགས་ཐོག་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་རྒྱུན་མཐུད་བསྒྱུར་ཏེ། དཔལ་འབྱོར་གྱི་གྲུབ་ཆ་ལེགས་སྒྲིག་དང་། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ། གསར་དར་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། སྲོལ་རྒྱུན་ཐོན་ལས་སྤུས་འབྲས་ལེགས་གཉེར་ཡོང་བ་བཅས་བྱས་ནས། གླིང་ཁུལ་དཔལ་འབྱོར་གྱི་འཕེལ་རྒྱས་ཆུ་ཚད་མཐོ་རུ་གཏོང་དགོས་པའི་ནན་བཤད་བྱས་ཡོད། ཉིང་ཁྲིའི་དཔལ་འབྱོར་གསར་སྤེལ་ཁུལ་དོ་དམ་ཨུ་ལྷན་གྱི་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་དབྱང་ཧྥན་གྱིས། ཉིང་ཁྲིའི་དཔལ་འབྱོར་གསར་སྤེལ་ཁུལ་ལ་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ལེགས་ཆ་དང་ཁུལ་གནས་ཀྱི་ལེགས་ཆ་ལྡན་པས། ཐོན་ལས་འཕེལ་རྒྱས་ཐད་ནུས་རྒྱུ་གཙང་མ་དང་། སྒྲིག་ཆས་བཟོ་སྐྲུན། ས་མཐོའི་སྐྱེ་དངོས་ཐོན་ལས་བཅས་ལ་གཙོ་བོར་དམིགས་ནས་ཐོན་ལས་འཁོར་འབྲེལ་སྣུར་སྲིང་དང་། ཁ་གསབ། ཤུཌ་སྣོན་རྒྱག་པ་བཅས་བྱེད་པ་དང་། རྣམ་གྲངས་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད། རྣམ་གྲངས་གལ་ཆེན་ལས་བྱུང་བའི་ནུས་པ་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་སྟོབས་ཆེན་དུ་འགྱུར་བར་མཐོང་ཆེན་བྱེད་དགོས་པའི་ངོས་འཛིན་བྱས་ཤིང་། ཁོང་གིས“སླད་ཕྱིན་ཉིང་ཁྲིའི་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་གཙོ་རྐང་དེར་དམ་པོར་དམིགས་ནས་ཚན་རིག་དང་མཐུན་པའི་སྒོ་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཇུས་འགོད་བྱ་རྒྱུ་ཡིན་ལ། རྣམ་གྲངས་འཛུགས་སྐྲུན་ཐད་འགག་རྩའི་མཚམས་ཚིག་ཚང་མར་དམ་འཛིན་བྱས་ཏེ་རྣམ་གྲངས་གྲ་སྒྲིག་ནས་ལག་བསྟར་བར་གྱི་འགག་སྒོ་ནན་པོར་སྲུང་རྒྱུ་དང་ཆབས་ཅིག གསར་སྤེལ་ཁུལ་གྱི་མཉེན་ཆས་དང་མཁྲེགས་ཆས་སྒྲིག་ཆས་ཀྱི་ལེ་ལག་ནུས་ཤུགས་ཡོད་རྒུས་འཐུས་སྒོ་ཚང་དུ་བཏང་ནས་གླིང་ཁུལ་གྱི་ཐེག་ནུས་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་གི་ཡིན”ཞེས་བཤད།

    “ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི《བསམ་འཆར》ནང་། མཐའ་མཚམས་ས་ཁུལ་དེང་རབས་ཅན་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་དང་། དམིགས་ཚད་ལས་འགན། སྲིད་ཇུས་བྱེད་ཐབས་བཅས་བཏོན་པ་དེས་མཐའ་སྟོབས་ཀྱི་ལས་དོན་ཁག་སྔར་བས་ཡག་པོ་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ཡོད་ལ། མཐའ་མཚམས་ཤང་དང་གྲོང་རྡལ་ལ་སྔར་བྱུང་མ་མྱོང་བའི་ལོ་རྒྱུས་ཀྱི་གོ་སྐབས་མཁོ་འདོན་བྱས་ཡོད”ལྷུན་རྩེ་རྫོང་རྩ་རི་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཡུས་ཀྲི་ཕིང་གིས། ཉེ་བའི་ལོ་ཤས་རིང་། རྩ་རི་གྲོང་རྡལ་གྱིས་སྐྱེ་ཁམས་ཀྱི་དམར་ཐིག་ནན་པོར་སྲུང་བ་དང་སྐྱེ་ཁམས་ཀྱི་རིན་ཐང་གཞན་སྒྱུར་འཚོལ་ཞིབ་བྱས་ཏེ། སྐྱེ་ཁམས་ཡུལ་སྐོར་དང་། ནགས་གསེབ་དཔལ་འབྱོར། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་བཅས་ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་བཏང་བ་མ་ཟད། སྐྱེ་ཁམས་སྲུང་སྐྱོང་གི་མཐོ་ས་སྲུང་བའི་ཐད་གྲུབ་འབྲས་དེ་བས་ཆེ་བ་ཐོབ་སྟེ་མང་ཚོཌ་ཚོར་ཁྱིམ་གཞིས་སྲུང་སྐྱོང་ཁྲོད་ནས་སྐྱེ་ཁམས་ཀྱི་ཕན་པ་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད། རྩ་རིའི་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་ཞིང་ལས་དང་། རིག་གནས། ཡུལ་སྐོར་བཅས་མཉམ་འདྲེས་འཕེལ་རྒྱས་ཟབ་ཏུ་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་དེ་བས་ཚད་བརྒལ་ཆེན་པོ་ཡོང་བར་བྱས་ནས་རྩ་རིའི་མང་ཚོགས་ཀྱིས་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱས་ཡོད། མཉམ་འདྲེས་མཉམ་སྐྲུན་ཟབ་ཏུ་གཏོང་བ་དང་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཡག་པོ་བཤད་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བར་སྟོབས་ཤུགས་གཅིག་སྒྲིལ་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོཌ་པའི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ཡོད་ཅེས་བཤད།

    ཚང་འཛོམས་གྲོས་ཚོགས་ཐོག་སྤྱི་ཚོགས་ཀྱི་དུས་བབ་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་ཡུན་རིང་བདེ་འཁོད་ལ་རྨང་གཞི་བརྟན་པོ་འདིང་དགོས་པའི་ནན་བཤད་བྱས་ཡོད། ཆབ་མདོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའི་ཁོངས་མི་དང་རིམ་གསུམ་མཐོ་རིམ་ཁྲིམས་དཔོན་རྡོ་རྗེ་རིན་ཆེན་གྱིས། ཏང་གི་དམངས་ཕན་སྲིད་ཇུས་རབ་དང་རིམ་པ་ལས་ང་ཚོས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་འཕེལ་རྒྱས་ལ་ཕྱར་བ་གྲུ་འདེགས་བྱེད་པའི་ཁྲོད་ཀྱི་གདེང་ཚོད་དེ་བས་བརྟན་དུ་ཕྱིན་སོང་། ཁྲིམས་ཁང་གི་ལས་དོན་པ་ཞིག་ཡིན་པའི་ངས་སླད་ཕྱིན་གྱི་ལས་དོན་ཁྲོད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་མཐའ་ཚད་ཀྱི་བསམ་གཞིག་མཐའ་འཁྱོངས་བྱས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བ་དང་། སྤྱི་ཚོགས་བརྟན་ལྷིང་ལ་གཏོར་བཤིག་གཏོང་བ། མི་དམངས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བ་སོགས་ཀྱི་ཉེས་གསོག་ལ་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་ཀྱི་ཡིན། གཏུག་བཤེར་ཞབས་ཞུའི་བརྒྱུད་རིམ་ལེགས་སུ་གཏོང་བ་དང་། སྣ་མང་རྩོད་གཞིའི་ཐག་གཅོད་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། དཀའ་སླ་ཁག་བགོས་སྒྱུར་བཅོས་འཚོལ་ཞིབ་བཅས་བྱས་ནས་མང་ཚོགས་ཚོས་ཁྲིམས་འཛིན་ཞབས་ཞུ་འཁྲིས་སུ་ཡོད་པ་ཚོར་ཐུབ་པ་བྱེད་ཀྱི་ཡིན། རང་འགུལ་ངང་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ནང་ཞུགས་ཏེ་འགལ་ཟླ་སྔོན་འགོག་དང་སེལ་བའི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བར་ཤུགས་སྣོན་རྒྱག་རྒྱུ་མ་ཟད། འཁོར་ཐོག་ཚན་རྩལ་སྐོར་སྐྱོད་ཁྲིམས་རའི་ནུས་པར་བརྟེན་ནས་ས་གནས་ས་ཐོག་ཏུ་འགལ་ཟླ་སེལ་བ་དང་། ས་གནས་ས་ཐོག་ཏུ་ཁྲིམས་ལུགས་ཁྱབ་གདལ། ཁྲིམས་ཐག་གཅོད་པ་དང་དོགས་གཞིར་ལན་འདེབས་པ་སོགས་ཀྱི་ལས་དོན་ཏན་ཏིག་བསྒྲུབས་ནས་གྱོད་གཞི་ཐག་གཅོད་དང་ཁྲིམས་སྐྱོང་གི་སྟོབས་ཤུགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲུང་སྐྱོང་བྱེད་ཀྱི་ཡིན་ཞེས་བཤད།

    ཚང་འཛོམས་གྲོས་ཚོགས་ཐོག་དམངས་འཚོ་ལེགས་སུ་ཧུར་ཐག་བཏང་སྟེ་མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་བ་དང་། མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་དག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱེད་པ། དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་པ་བཅས་བྱེད་དགོས་པའི་ནན་བཤད་བྱས་ཡོད། ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་རྫ་འབི་ཤང་གི་མང་ཚོགས་བསོད་ནམས་རྡོ་རྗེས། ལོ་མང་རིང་། ཞིང་སྟོབས་དང་། ཞིང་ཕན། ཞིང་ཕྱུག་བཅས་ཀྱི་ཏང་གི་སྲིད་ཇུས་ཀྱི་ཁྲིད་སྟོན་འོག རྫ་འབི་ཤང་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། ཡངས་ཤིང་རྒྱ་ཆེ་ལ་འཁོད་སྙོམས་པའི་ཨར་འདམ་ལམ་ཁྱིམ་ཚང་ཁྲི་སྟོང་མང་པོར་སྦྲེལ་བ་དང་། གྲལ་སྟར་འགྲིག་ལ་མཛེས་སྡུག་ལྡན་པའི་བོད་ལུགས་ཀྱི་སྡོད་ཁང་གསར་པའི་ནང་གྲོང་མི་རྣམས་བག་ཕེབས་ངང་འཚོ་བ་སྐྱེལ་བ། ཁྱད་ལྡན་འབྲོག་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ། ཉང་གཡག་གསོ་ཚགས་ལས་རིགས་ཁྲོམ་ར་ཅན་དང་གཞི་ཁྱོན་ཅན་གྱི་ལམ་བུར་བསྐྱོད་པ། ཕྱུར་བ་དང་། མར། ཞོ་སོགས་ཁྱད་ལྡན་ཐོན་རྫས་ས་གནས་ཁག་ཏུ་བྲིན་ཁ་རྒྱུག་ནས་གྲོང་མིར་འབབ་འཕར་བྱུང་བ་བཅས་རེད། “འགྱུར་ལྡོག་དེ་དག་ལས་ང་ཚོས་ཏང་གི་ཐུགས་ཁུར་དང་དྲོ་སྐྱིད་དངོས་འབྲེལ་ཚོར་བྱུང་བས་ཏང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སླད་ཕྱིན་ང་ཚོས་ཏང་གི་རྗེས་སུ་དམ་པོར་འབྲངས་ཏེ་ཡིད་ཆེས་བརྟན་པོ་དང་དཔའ་ངར་ཆེར་སྐྱེད་ཀྱི་བློ་སྟོབས་ལ་བརྟེན་ནས་དེ་བས་འོད་སྟོང་འཕྲོ་བའི་འབྱུང་འགྱུར་མཉམ་དུ་གཏོད་ཀྱི་ཡིན”ཞེས་བསོད་ནམས་རྡོ་རྗེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།