དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཀརྨ་ཚེ་བརྟན།
  • ཀརྨ་ཚེ་བརྟན་གྱིས་སྲིན་བུ་རི་བཀོད་སྒྲིག་བྱ་ཡུལ་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-12

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་སྲིན་བུ་རི་བཀོད་སྒྲིག་བྱ་ཡུལ་དུ་བརྟག་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས“ཞིང་གསུམ” ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ། མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་རྒྱུན་མཐུད་བཅས་བྱས་ཏེ། ས་མཐོའི་གནས་འཕྲོད་ལས་འཚམ་དང་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    སྲིན་བུ་རི་བཀོད་སྒྲིག་བྱ་ཡུལ་ནི་རང་ལྗོངས་ཀྱིས་ས་བབ་ཆེས་མཐོ་ཞིང་རང་བྱུང་ཆ་རྐྱེན་ཞན་པའི་ས་ཁུལ་གྱི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་ལེགས་སུ་གཏོང་བའི་གཙོ་གནད་གནས་སྤོས་བཀོད་སྒྲིག་བྱ་ཡུལ་ཞིག་རེད། ལེ་ལག་ཚང་བའི་ཐོན་ལས་འཕེལ་རྒྱས་གང་འདྲ་བྱུང་མིན་དང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་གང་འདྲ་ཡོད་མེད་སྐོར་ལ་ཀརྨ་ཚེ་བརྟན་གྱིས་དོ་ཁུར་ཆེན་པོ་གནང་གི་ཡོད། སྲིན་བུ་རིའི་དེང་རབས་འབྲོག་རའི་བ་ཚང་དུ་ཕེབས་སྐབས། ཀརྨ་ཚེ་བརྟན་གྱིས་ས་གནས་ས་ཐོག་གི་བཞོན་མ་གསོ་ཚགས་ཀྱི་ཁོར་ཡུག་དང་གསོ་ཚགས་ཀྱི་སྒྲིག་ཆས་སོགས་ལ་ཞིབ་ཕྲ་གཟིགས་པ་མ་ཟད། འབྲོག་རའི་འགན་འཁུར་བ་དང་སྤེལ་རེས་གཏིང་ཟབ་ཀྱང་གནང་ཞིང་། ཁོང་གིས། ཁྲོམ་རའི་དགོས་མཁོ་སྟོན་ཕྱོགས་སུ་མཐའ་འཁྱོངས་བྱས་ནས། གཞི་ཁྱོན་ཅན་གྱི་གསོ་སྤེལ་དང་། ཚད་ལྡན་ཅན་གྱི་ཐོན་སྐྱེད། ཐོན་ལས་ཅན་གྱི་གཉེར་སྐྱོང་བཅས་འཕེལ་རྒྱས་བཏང་སྟེ་ཁེ་ལས་རྒྱ་སྟོབས་ཆེ་རུ་གཏོང་དགོས་པ་དང་། ཚན་ཞིབ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་དང་འབྲེལ་ཡོད་སློབ་གླིང་སློབ་གྲྭ་དང་། ཚན་ཞིབ་སྒྲིག་གཞིའི་དབར་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ་སྤུས་ཚད་མཐོར་གཏོང་དང་། སྣ་ཁ་ཕུན་སུམ་ཚོགས་སུ་གཏོང་བ། སྤུས་རྟགས་གཏོད་པ་བཅས་ཀྱི་སྒོ་ནས་ཁྱད་པར་ཅན་གྱི་འཕེལ་རྒྱས་ལམ་བུར་ཡག་པོ་བསྐྱོད་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་ནས་ཕན་འབྲས་རྒྱུན་མཐུད་ཐོན་པར་བྱེད་དགོས། བདེ་འཇགས་དང་ཐོན་སྐྱེད་ཀྱི་མཐའ་ཚད་ནན་པོ་སྲུང་བ་དང་། ལྷག་པར་དུ་སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱས་ཏེ་ཁེ་ལས་བརྟན་ཞིང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    སྲིན་བུ་རིའི་སྡོང་ཐུང་ཀུ་ཤུ་འདེབས་འཛུགས་རྟེན་གཞིར་ཕེབས་སྐབས། ཀརྨ་ཚེ་བརྟན་གྱིས་གཉེར་སྐྱོང་བྱེད་སྟངས་དང་ཁྲོམ་རའི་ཚོང་ལམ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས“ཁྱད་ལྡན་ཐོན་ཟོག”འཕེལ་རྒྱས་ཡག་པོ་བཏང་ནས་ཡུལ་བབ་དང་བསྟུན་པ་དང་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་སྣ་ཁ་དང་སྤུས་ཚད་ལེགས་གཏོང་དང་། ཐོན་སྐྱེད་དོ་དམ་གྱི་ཆུ་ཚད་མཐོར་གཏོང་། ཐོན་ལས་འཁོར་འབྲེལ་ཧྲིལ་པོ་སྣུར་སྲིང་སོགས་ཐད་ཤུགས་བརྒྱབ་སྟེ་སྡོང་ཐུང་ཀུ་ཤུ་དེ་ཞིང་འབྲོག་པའི་འབབ་འཕར་ཕྱུག་འགྱུར་གྱི་ཕུགས་ཕན་ཐོན་ལས་ཤིག་ཏུ་དངོས་འབྲེལ་འགྱུར་བར་བྱེད་དགོས་ཞེས་གསུངས་པ་རེད།

    2019ལོར་ཉི་མ་རྒྱལ་པོའི་ཁྱིམ་ཚང་མཚོ་གཉིས་རྫོང་དཀར་མཚོ་ཤང་སྨ་འུས་རོང་སྣ་གྲོང་ཚོ་ནས་སྲིན་བུ་རི་བཀོད་སྒྲིག་བྱ་ཡུལ་དུ་སྤོས་ཡོད། ཀརྨ་ཚེ་བརྟན་གྱིས་ཁོང་གི་ནང་མི་དང་ཅི་འཕྲོས་མོལ་འཕྲོས་གནང་ནས་ཐོན་སྐྱེད་དང་འཚོ་བ་དང་དེ་བཞིན་བུ་ཕྲུག་གི་སློབ་གསོ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། ཚང་མར་དེང་གི་བདེ་སྐྱིད་ལྡན་པའི་འཚོ་བར་གཅེས་སྤྲས་བྱས་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས་དཀའ་སྤྱད་ཀྱི་ལག་གཉིས་ལ་བརྟེན་ཏེ་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་དགོས་པའི་ལྕག་སྐུལ་ཡང་གནང་བ་རེད།

    བརྟག་ཞིབ་གནང་རིང་། ཀརྨ་ཚེ་བརྟན་གྱིས། རང་འགུལ་ངང་འགན་འཁྲི་འཁུར་བ་དང་། རང་འགན་གཙང་སྒྲུབ་བྱེད་པ། དམིགས་ཚད་གཞི་རྩར་འཛིན་པ། རྒྱུན་མཐུད་འབད་འཐབ་བཅས་བྱས་ནས་ས་བབ་ཆེས་མཐོ་བའི་ས་ཁུལ་གྱི་སྐྱེ་ཁམས་གནས་སྤོས་བཀོད་སྒྲིག་གི་དམངས་ལ་བྱ་བཟང་ཡག་པོ་སྒྲུབ་པ་དང་བྱ་བ་དངོས་ཏན་ཏིག་བསྒྲུབས་ཏེ་ལས་ཀའི་ཕན་འབྲས་དངོས་ལ་བརྟེན་ནས་ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཐོན་ལས་རྣམ་གྲངས་འཕེལ་རྒྱས་སོགས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་དངོས་ལ་དམ་པོར་དམིགས་ཏེ། ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་པ་དང་བློ་བརྟན་འགྱུར་མེད་ངང་དམངས་འཚོའི་བདེ་རྩ་ཆེ་རུ་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཞེས་ནན་བཤད་གནང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།