ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་སྤྱི་བསྒྲགས།
(2025ལོའི་ཟླ་8ཚེས་9ཉིན་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་ཐོག་གྲོས་འཆམ་བྱུང་བ)
ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་2025ལོའི་ཟླ་8ཚེས་8དང་ཚེས་9ཉིན་ལྷ་སར་འཚོགས་པ་རེད།
ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་མཁན་གྲས་སུ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཨུ་ཡོན་62དང་རྗེས་སྣོན་ཨུ་ཡོན་3ཡོད་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་མིན་པའི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་རང་ལྗོངས་ཀྱི་འཐུས་མི་དང་། རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་བློ་མཐུན། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་རྒྱུན་ཨུ་དང་ལྟ་ཞིབ་ཨུ་ལྷན་གྱི་ཨུ་ཡོན། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་གཞི་རིམ་གྱི་འཐུས་མི་ཁག་གཅིག འབྲེལ་ཡོད་ཕྱོགས་ཁག་གི་འགན་འཁུར་བློ་མཐུན་བཅས་གྲོས་ཚོགས་ལ་ཟུར་ཞུགས་བྱས་པ་རེད།
ཚང་འཛོམས་གྲོས་ཚོགས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་གཙོ་སྐྱོང་བྱས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གསུང་བཤད་གནང་བ་རེད།
ཚང་འཛོམས་གྲོས་ཚོགས་ཐོག་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ནས་བློ་མཐུན་ཝང་ཅུན་ཀྲེང་གིས་གནང་བའི་ལས་དོན་སྙན་སྒྲོན་ཉན་ནས་གྲོས་བསྡུར་བྱས་པ་དང་། 《མཐའ་མཚམས་ས་ཁུལ་གྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་བའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་བསམ་འཆར》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། བློ་མཐུན་ཝང་ཅུན་ཀྲེང་གིས་ཚང་འཛོམས་གྲོས་ཚོགས་ཐོག《བསམ་འཆར(གྲོས་བསྡུར་མ་ཟིན)》སྐོར་གསལ་བཤད་གནང་བ་མ་ཟད། ལོ་སྨད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་བཀོད་སྒྲིག་ཀྱང་གནང་བ་རེད།
ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྐུ་ངོ་མ་བོད་དུ་གཟིགས་ཞིབ་དང་མཛུབ་སྟོན་གནང་བར་ཕེབས་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྟེ་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་གནང་བ། “བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞི་ཁ་གསལ་བཟོས་གནང་བ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་དམིགས་ཚད་བཏོན་གནང་བ། བོད་ཀྱི་བྱ་གཞག་ཁག་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་ཁྲིད་སྟོན་གནང་ཡོད། ཟླ་1ཚེས་7ཉིན། དིང་རིར་ས་ཡོམ་བརྒྱབ་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲལ་དུ་མཛུབ་སྟོན་གལ་ཆེན་གནང་ནས་ཡོམ་འགོག་གེགས་སེལ་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་དང་། ཟླ་6ཚེས་27ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་ཡུལ་མི་ཡོངས་ལ་འཕྲིན་ལན་སྤྲིངས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་བླང་བྱ་ཁ་གསལ་བཏོན་གནང་བ། ཟླ་7ཚེས་19ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་འཆར་འགོད་དང་སྐུལ་འདེད་བཏང་གནང་བའི་ཡར་ཀླུང་གཙང་པོའི་སྨད་རྒྱུད་ཀྱི་ཆུ་གློག་ལས་གྲྭ་དངོས་སུ་ལས་འགོ་ཚུགས་ནས་འཛུགས་སྐྲུན་བྱེད་བཞིན་ཡོད། དེ་དག་ཚང་མ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་གང་ལེགས་མཚོན་པ་མ་ཟད། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་སྤྲོ་སེམས་དང་ངར་ཤུགས་ལའང་སྐུལ་སྤེལ་ཐུབ་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་།“གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་བྱམས་སྐྱོང་དེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་ཏན་ཏིག་སྒྱུར་དགོས། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བ་གོ་སྐབས་སུ་བརྩིས་ཏེ། མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་རྣམ་པ་དང་གོ་ཐུབ་པའི་སྐད་ཡིག་ལ་བརྟེན་ནས་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་དམངས་ལ་དམིགས་བསལ་ཐུགས་ཁུར་གནང་ལུགས་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ལ་ཁྲིད་སྟོན་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་འཚོགས་ཚུན་གྱི་ལས་དོན་ལ་ཁས་ལེན་གང་ལེགས་བྱས་ཤིང་། ཚང་མས་མགྲིན་གཅིག་ཏུ་ངོས་འཛིན་བྱས་དོན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར། སྤྱི་ཡོངས་སྟངས་འཛིན་དང་ཕྱོགས་ཁག་མཐུན་སྦྱོར་གྱི་འགོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་ནས་གྲུབ་འབྲས་ཐོན་པར་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་མཐའ་གཅིག་ཏུ་སྲུང་སྐྱོང་། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་རྒྱུན་མཐུད་ཆེ་རུ་གཏོང་བ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ཐོག མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་དང་། རྒྱལ་ཁབ་ཀྱི་མཐའ་མཚམས་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་ཐད་གོམ་སྟབས་བརྟན་པོ་སྤོས་ཡོད། གྲུབ་འབྲས་དེ་དག་ཐོབ་དོན་གཙོ་བོ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་ལས་བྱུང་བ་ཡིན་ཞིང་། དེ་ལས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་གདེང་ཚོད་དང་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་མཐའ་མཚམས་བཅོས་སྐྱོང་དང་མཐའ་མཚམས་འཕེལ་རྒྱས་ལ་དམིགས་ཏེ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བར་བྱེད་དགོས་པ”སོགས་ཀྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་གནང་ནས་ང་ཚོས་མཐའ་མཚམས་སྟོབས་ཆེར་གཏོང་བའི་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི《བསམ་འཆར》ནང་། མཐའ་མཚམས་ས་ཁུལ་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་སྤྱིའི་བླང་བྱ་དང་། དམིགས་ཚད་ལས་འགན། སྲིད་ཇུས་བྱེད་ཐབས་བཅས་བཏོན་ཡོད་ཅིང་། དེ་ང་ཚོས་མཐའ་མཚམས་སྟོབས་ཆེར་གཏོང་བའི་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་མཚམས་བཅོས་སྐྱོང་སྐོར་གྱི་མཛུབ་སྟོན་གལ་ཆེན་ནང་འདུས་པའི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ངེས་པར་དུ་ཁོང་དུ་ཧུར་ཐག་ཆུད་པར་བྱེད་པ་དང་། མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་ཟམ་མི་ཆད་པར་སྲ་བརྟན་དུ་གཏོང་བ་བཅས་བྱས་ནས་དར་རྒྱས་བརྟན་ལྷིང་གི་མེས་རྒྱལ་གྱི་མཐའ་མཚམས་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ་དེ་ཞིབ་ཕྲའི་བྱ་སྤྱོད་ཐོག་འཁྱོལ་བར་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཧུར་ཐག་བྱས་ཡོད། ལག་ལེན་ཁྲོད་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་བྱེད་ཚད་སྔར་བས་ཟབ་ཏུ་བཏང་བ་སྟེ། ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དེ“རྩ་འཛིན”དང“བླ་སྲོག”ལ་བརྩི་བ་དང་། ངེས་པར་དུ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དེ་བྱ་སྤྱོད་ཀྱི་ཁྲིད་སྟོན་ལ་བརྩི་བ། ངེས་པར་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཐོག་མཐའ་བར་གསུམ་ལ་ཁྱབ་པར་བྱེད་པ། ངེས་པར་དུ་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་དང་བརྒྱུད་རིམ་ལྡན་པའི་བསམ་གཞིག་དེ་ཚན་རིག་དང་མཐུན་པའི་བྱེད་ཐབས་ལ་བརྩི་བ། ངེས་པར་དུ་དམ་པ་དོན་གཉེར་དང་དངོས་འཛིན་དངོས་སྒྲུབ་བྱེད་རྒྱུ་དེ་སྤྱོད་ཚུལ་གྱི་འགན་སྲུང་ལ་བརྩི་བ། ངེས་པར་དུ་ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་བརྟན་དུ་གཏོང་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲིར་བརྩི་བ་བཅས་བྱས་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། 2025ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོ་ཡིན་ལ། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཐབས་འདོན་ཇུས་འགོད་ཀྱི་ལོ་ཡང་ཡིན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ་བཅས་བྱས་ཏེ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དམིགས་ཚད་དང་ལས་འགན་ཁག་སྤུས་ཚད་མཐོ་པོས་ལེགས་སྒྲུབ་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་མགྱོགས་པོ་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན། སྤྱི་ཚོགས་ཀྱི་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་ཡུན་རིང་བདེ་འཁོད་ཡོང་བར་རྨང་གཞི་བརྟན་པོ་འདིང་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་ནན་ཏན་བྱས་ཏེ། ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཚན་རིག་ཅན་གྱི་ལམ་སྲོལ་དང་། རྒྱུན་རྣམ་ཅན། ཁྲིམས་སྐྱོང་ཅན་བཅས་ཀྱི་འདུ་ཤེས་ལ་བརྟེན་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་རྒྱུན་གཏན་དང་དུས་དང་རྣམ་པ་ཀུན་དུ་སྒྲུབ་པ་དང་གཞི་རིམ་དུ་དོན་འཁྱོལ་བྱེད་པ་དང་། ཁ་ཕྲལ་ལ་ངོ་རྒོལ་གྱི་འཐབ་རྩོད་རྒྱུན་མཐུད་གཏིང་ཟབ་སྤེལ་བ། སྤྱི་ཚོགས་བཅོས་སྐྱོང་གི་ནུས་ཕྱོད་ཆེ་རུ་གཏོང་བ། སྤྱི་པའི་བདེ་འཇགས་ལ་ཤུགས་སྣོན་རྒྱག་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་བོད་ལྗོངས་འཛུགས་སྐྲུན་ཧུར་ཐག་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་དོན་འཁྱོལ་བྱས་ཏེ་ལས་ཞུགས་བརྟན་པོ་དང་། ཁེ་ལས་བརྟན་པོ། ཁྲོམ་ར་བརྟན་པོ། སྔོན་དཔག་བརྟན་པོ་བཅས་ཡོང་བར་ཤུགས་སྣོན་རྒྱག་པ་དང་། མ་འཇོག་བྱེད་ཤུགས་ཆེ་རུ་ཧུར་ཐག་གཏོང་བ། རྣམ་གྲངས་འཛུགས་སྐྲུན་མགྱོགས་པོ་བྱེད་པ། བྱེད་སྟངས་རྒྱུན་མཐུད་འགྱུར་ལྡོག་གཏོང་བ་དང་དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་བྱེད་པ། ནང་མཁོ་རྒྱ་ཆེར་ཧུར་ཐག་གཏོང་བ་དང་འཛད་སྤྱོད་བྱེད་ཤུགས་ཆེ་རུ་འགྲོ་བར་སྐུལ་འདེད་གཏོང་བ། སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བ་དང་འཕེལ་རྒྱས་ཀྱི་གསོན་ཤུགས་ཆེ་རུ་གཏོང་བ། གྲོང་ཁྱེར་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་འཚོ་ལེགས་སུ་ཧུར་ཐག་གཏོང་བ་དང་མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་བ་བཅས་བྱས་ཏེ། དཔལ་འབྱོར་གྱི་སྤུས་ཚད་ལེགས་སུ་ནུས་ལྡན་དང་གྲངས་འབོར་ལུགས་མཐུན་ངང་འཕར་བར་སྐུལ་འདེད་གཏོང་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན། སྐྱེ་ཁམས་སྔོན་ལ་འཇོག་པ་དང་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱེད་པ་དེ་རིན་ཐང་ཆེ་ཤོས་དང་། འགན་འཁྲི་ཆེ་ཤོས། མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་བཅས་ལ་བརྩིས་ཏེ། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་དང་དེ་བཞིན་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བྱ་ཐབས་དོན་འཁྱོལ་ནན་ཏན་བྱེད་པ་དང་། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་ལ་སྤྱི་འདོམས་བྱས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་སྐུལ་འདེད་གཏིང་ཟབ་གཏོང་བ། སྲུང་སྐྱོང་བྱེད་རིང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་འཕེལ་རྒྱས་གཏོང་རིང་ཆུ་ཚད་དེ་བས་མཐོ་བའི་སྲུང་སྐྱོང་ཐུབ་པར་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན། དམག་དཔུང་འདུས་སྡོད་དང་མི་དམངས་བདེ་འཁོད་མཉམ་འཛིན་དང་། མཐའ་བརྟན་མཐའ་དར་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་མཐའ་མཚམས་བརྟན་ལྷིང་དང་མཐའ་མཚམས་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས། “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བར་བྱེད་དགོས་པའི”འཐབ་ཇུས་དགོངས་པ་མཐའ་འཁྱོངས་བྱས་ནས། ཏང་སྲིད་དམག་ཉེན་དམངས་བཅས་མཉམ་ཤུགས་གཅིག་སྒྲིལ་གྱིས་མཐའ་མཚམས་སྟོབས་ལྡན་དང་མཐའ་སྲུང་སྲ་བརྟན་ལ་ཤུགས་སྣོན་རྒྱག་པ་དང་། མཐའ་མཚམས་ས་ཁུལ་གྱི་རྒྱལ་ཁབ་བདེ་འཇགས་ཀྱི་ནུས་པ་ཆེ་རུ་ཧུར་ཐག་གཏོང་བ། མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་ལག་བསྟར་ཤུགས་ཆེན་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་ལྟེ་བའི་ཁེ་ཕན་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན། ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་འཛུགས་སྐྱོང་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ནས་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་མཐའ་འཁྱོངས་བྱེད་པ། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་དང་། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། གངས་ལྗོངས་ས་མཐོའི་སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་ཁོར་ཡུག་སྔར་བས་བརྟན་དུ་གཏོང་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཚན་རིག་དང་མཐུན་པའི་སྒོ་ནས་བཟོ་འགོད་བྱེད་དགོས། མཐའ་དག་དོན་དངོས་དང་བསྟུན་ནས་འགོ་འཛུགས་རྒྱུ་མཐའ་འཁྱོངས་དང་དམིགས་ཚད་ཀྱི་ཕྱོགས་སྟོན་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་ཟུང་འབྲེལ་བྱེད་པ་དང་། འབྱུང་འགྱུར་ལ་ཕྱོགས་པ་དང་མིག་སྔར་གཞིས་ཚུགས་རྒྱུ་ཟུང་འབྲེལ་བྱེད་པ། ཕྱོགས་ཡོངས་ནས་འཆར་འགོད་དང་གནད་ཆེ་གཙོར་བཟུང་བྱ་རྒྱུ་ཟུང་འབྲེལ་བྱེད་པ་བཅས་མཐའ་འཁྱོངས་ཀྱིས། ལེགས་ཆ་འདོན་སྤེལ་དང་དགེ་སྤེལ་སྐྱོན་སྤོང་དང་། ཚན་རིག་དང་མཐུན་པའི་སྒོ་ནས“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོ་དང་སྲིད་ཇུས་བྱེད་ཐབས་གལ་ཆེན་གནད་སྨིན་ངང་འཆར་འགོད་ཡག་པོ་བྱས་ཏེ། ཆུ་ཚད་མཐོ་བའི་འཆར་འགོད་ལ་བརྟེན་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིད་སྟོན་ཏན་ཏིག་བྱེད་དགོས། ཚན་རིག་དང་མཐུན་པའི་ངང་ཐབས་ཇུས་འགོད་པ་དང་། དམངས་གཙོའི་ཐབས་ཇུས་འགོད་པ། ཁྲིམས་ལྟར་ཐབས་ཇུས་འགོད་པ་བཅས་མཐའ་འཁྱོངས་དང་སྒོ་ཕྱེ་ནས་འཆར་འགོད་བཟོ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཐབས་ཇུས་དང་མཁོ་དགོས་དམངས་ལ་འདྲི་བ་དང་། དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་། དམངས་ཀྱི་བསམ་ཚུལ་ཉན་པ། དམངས་ཀྱི་བློ་གྲོས་གཅིག་སྡུད་བཅས་གཏིང་ཟབ་བྱེད་པ། སྤྱི་ཚོགས་ཀྱི་རེ་སྒུག་དང་། མང་ཚོགས་ཀྱི་བློ་གྲོས། རིགས་གཅིག་མཁས་ཅན་གྱི་བསམ་འཆར། གཞི་རིམ་གྱི་ཉམས་མྱོང་བསྡུ་ལེན་གང་ལེགས་བཅས་བྱས་ནས་འཆར་འགོད་ཀྱི་རྒྱང་ལྟའི་རང་བཞིན་དང་། ཚན་རིག་རང་བཞིན། ལག་བསྟར་ཆོག་པའི་རང་བཞིན་བཅས་ཆེ་རུ་གཏོང་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་བླང་བྱ་བཏོན་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་བསམ་བློ་དང་བྱ་སྤྱོད་ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ། ལྟེ་བ་དང་སྤྱི་ཡོངས་ལ་དམ་པོར་དམིགས་པ་དང་། འགན་འཁུར་བའི་སྙིང་སྟོབས་ལ་ཤུགས་སྣོན་རྒྱག་པ། ལས་ཀའི་འགན་འཁྲི་ནན་དཀྲིས་བྱེད་པ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་ལས་ཀའི་ཞན་ཆ་སེལ་བ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་མུ་མཐུད་དམ་འཛིན་ནན་པོ་བྱེད་པ། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་དང་ལས་ཀའི་ཕན་འབྲས་དངོས་འགན་ལེན་བྱེད་པ། ངར་ཤུགས་སྒྲིམ་པ་དང་འབད་འབུངས་གདོང་མཆོང་བཅས་བྱས་ཏེ་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབས་ཏེ“ལོ་ལྔ་ཚན་བཅུ་བཞི་པའི”མཇུག་བསྡུའི་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་རྒྱག་དགོས།
ཚང་འཛོམས་གྲོས་ཚོགས་ཐོག《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》དང《ཀྲུང་གོ་གུང་ཁྲན་ཏང་ས་གནས་ཨུ་ཡོན་ལྷན་ཁང་གི་ལས་ཀའི་སྲོལ་ཡིག》གི་གཏན་འབེབས་གཞིར་བཟུང་། ལས་ཀར་འགྱུར་ལྡོག་བྱུང་བའི་རྐྱེན་གྱིས་བློ་མཐུན་ཀྲུའོ་ཧྥུང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཨུ་ཡོན་གྱི་གོ་གནས་དགོངས་ཞུར་ཆོག་མཆན་སྤྲོད་རྒྱུ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྗེས་སྣོན་ཨུ་ཡོན་རྣམ་གྲོལ་དང་། བསོད་ནམས་བདེ་སྐྱིད། ཡེ་ཤེས་ཆོས་སྒྲོན་བཅས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཨུ་ཡོན་ལ་གསབ་འདེམས་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།
ཚང་འཛོམས་གྲོས་ཚོགས་ཐོག་ཝེ་པོ་ཕིང་གི་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་གནད་དོན་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་སྙན་ཞུར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་ཝེ་པོ་ཕིང་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱ་རྒྱུའི་ཆད་གཅོད་ཀྱི་གཏན་འབེབས་ལ་རྗེས་སུ་ཁས་ལེན་བྱས་པ་རེད།
ཚང་འཛོམས་གྲོས་ཚོགས་ཐོག་འབོད་སྐུལ་བྱས་དོན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱས་ནས་རང་འགན་གཙང་སྒྲུབ་དང་ལས་དོན་ཧུར་ཐག་སྒྲུབ་པ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་ཚད་མཐའ་གཅིག་ཏུ་ལེགས་སྒྲུབ་བྱེད་པ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ཏེ། ཕུལ་བྱུང་གྲུབ་འབྲས་ཐོག་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་དགོས།
འབྲེལ་ཡོད་གསར་འགྱུར།