བོད་ཀྱི་ནས་འབྲུའི་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་སྐབས་དང་པོ་འགོ་ཚུགས་པ།
ཀརྨ་ཚེ་བརྟན་འགོ་ཚུགས་མཛད་སྒོར་ཕེབས་ནས་ཤིས་ཚིག་བསྒྲོན་པ།
ཚེས་8ཉིན། བོད་ཀྱི་ནས་འབྲུའི་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་སྐབས་དང་པོ་ལྷ་སར་འགོ་ཚུགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་འགོ་ཚུགས་མཛད་སྒོར་ཕེབས་ནས་ཤིས་ཚིག་བསྒྲོན་པ་རེད།
ཀྲུང་གོའི་གྲོང་གསེབ་འཕེལ་རྒྱས་ཀྱི་དང་བླངས་ཞབས་ཞུའི་སྐུལ་སྤེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ལིའུ་ཡུང་ཧྥུའུ་ཡིས་ཤིས་ཚིག་བསྒྲོན་པ་དང་། ཀྲུང་གོ་ཞིང་ལས་ཚན་རིག་ཁང་གི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་དང་གྲོང་གསེབ་དར་རྒྱས་སློབ་གླིང་གི་ཡོན་ཀྲང་ཀྲང་ཧོ་ཁྲེང་གིས་ནས་འབྲུའི་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་འཕེལ་རྒྱས་ལ་དམིགས་ནས་གཏམ་བཤད་སྤེལ་བ། ཞིང་ལས་གྲོང་གསེབ་པུའུ་ཡི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་ཤིས་ཚིག་བསྒྲོན་པ། རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཀྱི་འགན་འཁུར་བློ་མཐུན་ཞུགས་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་རིང་ཕུན་ཚོགས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ནས་རིགས་གཅིག་མཁས་ཅན་དང་མཁས་དབང་དང་སྐུ་མགྲོན་ལྷན་རྒྱས་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་གནང་བ་དང་སྦྲགས། དུས་ཡུན་རིང་པོའི་ནང་བོད་ཀྱི་ནས་འབྲུའི་ཐོན་ལས་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་མཁན་ལས་རིགས་ཁག་གི་མི་སྣར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་གནང་བ་རེད།
ཀརྨ་ཚེ་བརྟན་གྱིས་བོད་ཀྱིས་ནས་འབྲུའི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་བས་མངོན་གསལ་དོད་པའི་འཐབ་ཇུས་ཀྱི་གནས་བབ་ཐོག་བཞག་སྟེ་ལས་དོན་སྤེལ་ཤུགས་དེ་བས་ཆེ་བ་དང་བྱེད་ཐབས་དེ་བས་ཏན་ཏིག་ངང་ནས་འབྲུའི་ཐོན་ལས“ས་མཐོའི་འབྲུ་མཛོད”ནས“ཐོན་ལས་ཀྱི་མཐོ་སར”ཕྱོགས་སྒྱུར་བྱེད་པར་སྐུལ་འདེད་བཏང་ནས། “རྨང་གཞིའི་འཁོར་འབྲེལ”བརྟན་དུ་གཏོང་བ་དང་། “གསར་གཏོད་ཀྱི་འཁོར་འབྲེལ”ཤུགས་ཆེར་གཏོང་བ། “ཐོན་ལས་ཀྱི་འཁོར་འབྲེལ”སྣུར་སྲིང་བྱེད་པ། “རིན་ཐང་གི་འཁོར་འབྲེལ”གོང་མཐོར་གཏོང་བ། “རིག་གནས་ཀྱི་འཁོར་འབྲེལ”ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ཏེ་ནས་ཀྱིས་གཙོས་པའི་ཐོན་ལས་གཙོ་བོར་བྱས་པའི་རྒྱལ་ཁབ་ཀྱི་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་རྟེན་གཞི་གལ་ཆེན་ཡག་པོ་བསྐྲུན་རྒྱུ་རེད་ཅེས་གསུངས་པ་རེད།
ཀརྨ་ཚེ་བརྟན་གྱིས་བོད་ཀྱི་ནས་འབྲུའི་ཐོན་ལས་ཀྱི་མདུན་ལམ་རྒྱ་ཆེ་ཞིང་ལས་ཀ་བྱས་ན་བྱེད་གཞི་ཆེན་པོ་ཡོད། ང་ཚོས་བོད་ཀྱི་ནས་འབྲུའི་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་སྐབས་དང་པོ་འགོ་ཚུགས་ས་གསར་པར་བྱེད་པ་དང་། ཚན་རྩལ་གསར་གཏོད་སྣེ་ཁྲིད་དང་འདེགས་སྐྱོར་དུ་བྱེད་པ། ཁྱད་ལྡན་འཕེལ་རྒྱས་ཁ་ཕྱོགས་དང་ཐབས་ལམ་དུ་བྱེད་པ། ལྗང་མདོག་བདེ་ཐང་རྨང་གཞི་དང་མཚོན་རྟགས་སུ་བྱེད་པ། ཐུན་མོང་ཐོག་འཕེལ་རྒྱས་གཏོང་རྒྱུ་ལས་སྟེགས་དང་བར་མཐོངས་སུ་བརྩི་བ་བཅས་བྱས་ཏེ་ནས་འབྲུའི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཐུན་མོང་ཐོག་རྩོམ་དགོས་ཞེས་གསུངས་པ་རེད།
ཚོགས་འདུ་མ་འཚོག་གོང་ཀརྨ་ཚེ་བརྟན་དང་། ལིའུ་ཡུང་ཧྥུའུ། ཀྲང་ཧོ་ཁྲེང་། ཚེ་རིང་ཕུན་ཚོགས་བཅས་དང་དེ་བཞིན་ཚོགས་ཞུགས་འཐུས་མི་གཞན་དག་གིས་ནས་སོགས་པའི་ཐོན་རྫས་འགྲེམས་སྟོན་ལ་གཟིགས་པ་དང་། འགོ་ཚུགས་མཛད་སྒོའི་ཐོག་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་ཀྱི་ཚོང་འགུགས་མ་འདྲེན་གྱི་གན་འཇོག་མཛད་སྒོ་འཚོགས་པ་རེད།
འབྲེལ་ཡོད་གསར་འགྱུར།